ག༽ སློབ་དཔོན་དབྱིག་གཉེན་རྒྱལ་བའི་ལུང་གིས་ཟིན་ཚུལ།

ག༽ སློབ་དཔོན་དབྱིག་གཉེན་རྒྱལ་བའི་ལུང་གིས་ཟིན་ཚུལ།

 

དེ་ཡང་དབུས་པ་བློ་གསལ་རྩོད་པའི་སེངྒེས་ (དུས་རབས་13དཀྱིལ་སྨད།) མཛད་པའི་གྲུབ་པའི་མཐའ་རྣམ་པར་བཤད་པའི་མཛོད་ལས[1]། ཆོས་ཀུན་རང་བཞིན་མེད་ཚུལ་མཁྱེན་པ་བེ་ཏའི་རྒྱལ་སྲས་རྒྱལ་བའི་བརྒྱུད་འཛིན་འཕགས་པ་ལྷ། །བདེ་གཤེགས་གསུང་རབ་རྣམ་པར་འབྱེད་མཁས་ཐུབ་པས་ལུང་བསྟན་སཱ་ལའི་སྔགས་འཆང་དབྱིག་གི་གཉེན། །ལེགས་པར་ཟླ་བ་སྙན་ངག་དཔའ་བོའི་དཔལ་དང་རིགས་ཚུལ་དྲི་མེད་ཕྱོགས་གླང་གྲགས་པ་སོགས། །ཞེས་གསུངས་ལ།

དེ་བཞིན་ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་ (1456/1441-1532/1525) མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་ལས[2]།

རྒྱལ་བས་ལུང་བསྟན་མཁས་མཆོག་དབྱིག་གཉེན་གྱིས། །

རྩོད་གྲུབ་ཤིང་རྟའི་འཁོར་ལོ་ལེགས་དྲངས་ཏེ། །

ཚད་མ་གསུམ་དང་ཡན་ལག་ལྔ་ལྡན་གྱིས། །

སྔོན་རབས་རྟོག་གེའི་ལམ་ཆེན་གསལ་བར་བཤད། །

ཅེས་གསལ་བ་ལྟར། སློབ་དཔོན་དབྱིག་གཉེན་ནི་རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ཞིག་སྟེ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལས་མངོན་པའི་རྒྱན་གྱུར་མང་དུ་ཐོས་པའི་མཁས་མཆོག་དབྱིག་གཉེན་རྒྱལ་བས་ལུང་དུ་བསྟན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས[3]།

དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །

ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་པ་དེ་གཙོ་བྱེད། །

མཆོད་རྟེན་ཀུན་དགའ་ར་བར་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་བའི། །

ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱུན་དུ་བྱས། །

ཞེས་ལུང་གིས་བསྟན་ལ། ལུང་བསྟན་གྱི་ཚིགས་སུ་བཅད་པ་དང་པོ་འདི་བཞིན་མཆིམས་འཇམ་དབྱངས་ཀྱིས་ (1210-1285[4]) མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་གྱི་བསྟན་བཅོས་ཀྱི་སྔོན་དུ་འགྲོ་བ་སྤྱིར་བཤད་པའི་སྐབས་སུ་ལུང་ཚིག་འདི་ལུང་འདྲེན་གནང་བ་[5]ནི་བོད་གཞུང་ནང་འཁོད་པ་ཐོག་མའི་གྲས་ཡིན་འདུག །མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་འཇམ་དཔལ་རྩ་རྒྱུད་ལས་མཚན་གསལ་པོར་ལུང་དུ་བསྟན་ནའང་། འདིར་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དང་པོར་བ་བསྟན་པ། །ཞེས་པ་ཙམ་ལས་སློབ་དཔོན་དབྱིག་གཉེན་གྱི་མཚན་ཆ་ཚང་དངོས་སུ་མ་བསྟན་ལ། དབྱིག་ཅེས་པ་དེ་ལེགས་སྦྱར་སྐད་ཀྱི་བ་སུ་ཞེས་པའི་སྒྲ་བསྒྱུར་ཡིན་པས། སཾ་བོད་གཉིས་ཀའི་མཚན་གྱི་ཡི་གེ་དང་པོ་བ་ཡིག་གཅིག་མཚུངས་སུ་བྱུང་ཡང་། ལེགས་སྦྱར་གྱི་དབང་དུ་བཏང་ན་ཡི་གེ་དང་པོ་བ་ལ་བརྟེན་ནས་སློབ་དཔོན་དབྱིག་གཉེན་ཡིན་པར་བསྒྲུབས་ན། དབྱིག་བཤེས་དང་བ་སུ་བྷ་དྲ་ལའང་དེ་ལྟར་འཇུག་པར་ཐལ་བར་མི་འགྱུར་རམ་སྙམ་ལ། དབྱིག་གཉེན་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཀྱང་། འཁྲུངས་ཡུལ་རྒྱ་གར་ནུབ་ཕྱོགས་སུ་ཡིན་པ་ལས། ལྷོ་ཕྱོགས་སུ་མིན་པས་འདི་ལའང་བསམ་གཞིག་བྱེད་དགོས་པ་ཞིག་གོ།

དེ་བཞིན་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[6]། དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་ལ་དེ་བརྩོན་བྱེད། །མཆོད་རྟེན་ཀུན་དགའ་ར་བ་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གིས། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེའི་གཙོ་བོ་ནོར་ཆེན་ལྡན། །དང་པོ་ཡི་གེ་ན་ཞེས་པ། །ལྷོ་ཡི་ཕྱོགས་སུ་ཡང་དག་བསྟེན། །བདག་ཉིད་ཆེན་པོ་སྔགས་ཟློས་ལྡན། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །ཞེས་པ་འདི་གཉིས་དབྱིག་གཉེན་དང་ཕྱོགས་གླང་ལ་སྦྱོར་བ་མང་སྟེ། མིན་པ་འདྲ། སྡོམ་བརྩོན་ལས་ལོགས་སུ་ཕྱེ་བས་བཤད་པའི་ཕྱིར་དང་། བྱེད་ལས་དང་མཚན་ཉིད་མེད་པའི་ཕྱིར་རོ། །ཞེས་རྒྱུ་མཚན་གཉིས་ཀྱི་ཐོག་ནས་དབྱིག་གཉེན་ལུང་བསྟན་གྱི་ཚིག་མིན་པར་གསུངས་ལ། གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[7]ཀྱང་།

རྣམ་པ་དུ་མ་སྡོམ་བརྩོན་གསུངས། །

དེ་ཚེ་མཐའ་ཡས་འབྱུང་བར་འགྱུར། །(བྷ་སུ་བན་དྷུ་དབྱིག་གཉེན།)

སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང༌། །

སྟོན་པའི་བསྟན་པ་གསལ་བྱེད་པའོ། །

ཞེས་སོགས་སྡོམ་བརྩོན་རྣམས་ལུང་བསྟན་ལ། ཞེས་གསུངས་པ་འདི་ཉིད་དབྱིག་གཉེན་ལུང་བསྟན་པའི་ཚིག་ཡིན་པར་གསུངས་པས་གང་ཡིན་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། གྲུབ་མཐའ། ༼༡༠༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༤༤

[2]  ཚད་མ་རིགས་གཏེར་གྱི་འགྲེལ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༩༧

[3]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༩༡༩

[4]  འཁྲུངས་འདས་འདི་མཆིམས་འཇམ་དཔལ་དབྱངས་དང་། མཆིམས་ནམ་མཁའ་གྲགས་པ་གཉིས་མི་གཅིག་ཡིན་པའི་དབང་དུ་བྱས་པའོ།།

[5]  མཛོད་འགྲེལ་མངོན་པའི་རྒྱན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣

[6]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༣

[7]  ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༣༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡ ནས་ ༡༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *