༣༽ ལས་བརྒྱ་རྩ་གཅིག་པའི་བརྗོད་བྱ།
དེ་ཡང་རྫོགས་ཆེན་མཁན་ཆེན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[1]།
འདུལ་ལུང་དྲི་མེད་ལྷ་ཡི་བདུད་རྩིའི་བཅུད། །
བློ་གྲོས་གསེར་གྱི་བུམ་པར་བསྐྱིལ་ནས་སླར། །
ཐར་འདོད་ཡིད་ལ་ཞི་བསིལ་ཕན་བདེའི་རོ། །
སྟེར་མཁས་ཡོན་ཏན་འོད་ལ་ལྷག་པར་གུས། །
ཞེས་གསུངས་པ་ལྟར་ལེགས་བཤད་ཀྱི་བདུད་རྩི་སྟེར་ལ་མཁས་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ལས་བརྒྱ་རྩ་གཅིག་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། གཞན་ཡང་འདུལ་བའི་ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ་ཡང་མཛད་དེ། ད་ལྟ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་དགེ་བསྙེན་དང་། བར་མ་རབ་བྱུང་དང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དང་། གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་བདག་ཉིད་ཆེན་པོ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བས་བསྟན་པ་འདི་ལ་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ །ཞེས་གསུངས་པ་ལྟར། ལས་བརྒྱ་རྩ་གཅིག་གམ་ལེགས་སྦྱར་སྐད་དུ་ཀརྨ་ཤ་ཏམ་གྱི་ནང་དོན་ནི་འདུལ་བའི་གཞུང་ནས་གསུངས་པའི་ལས་རིགས་ཀྱི་ཆོ་གའི་ལག་ལེན་རྣམ་གྲངས་ ༡༠༡ བྱེད་ཚུལ་ཞིབ་ཕྲ་གསུངས་པ་ཞིག་ཡིན། དེ་ཡང་འདུལ་བའི་ལས་བརྒྱ་རྩ་གཅིག་ནི། གསོལ་བ་འབའ་ཞིག་པའི་ལས་ ༢༤ དང་། གསོལ་བ་དང་གཉིས་ཀྱི་ལས་ ༤༧ གསོལ་བ་དང་བཞི་ལས་ ༣༠ བཅས་སོ།།
དེས་ན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་[3]ལས།
དགག་སྒྲུབ་གནང་བའི་འདུལ་བ་རྒྱ་མཚོ་ཆེ། །
ཆེ་གསལ་མྱུར་ཟབ་མཁྱེན་པས་གཞལ་དཀའ་དང་། །
དང་བའི་དད་པས་ཞུ་བའི་སློབ་མ་ལ། །
ལ་འུར་ལེགས་པར་འདོམས་མཁས་ཡོན་ཏན་འོད། །
ཅེས་བསྟོད་ཕྱག་མཛད་པ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[4]། བསྟན་པ་ཕྱི་དར་གྱི་རྩ་བ་ཉིད་གང་ཡིན་བཤད་པར་བྱ་སྟེ། དར་མ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆུ་བོ་རིའི་སྒོམ་གྲྭ་ན། གཡོར་སྟོད་ཀྱི་དམར་བན་ཤཱཀྱ་མུ་ནེ་དང་། དྲང་ཆུང་མདོའི་གཡོ་དགེ་འབྱུང་དང་། རྒྱ་རབ་པའི་གཙང་རབ་གསལ་གསུམ་གྱིས་ཀརྨ་ཤ་ཏཾ་ལ་སོགས་པའི་འདུལ་མངོན་གྱི་དཔེ་ཆ་དགོས་པ་རྣམས་སྤྱན་དྲངས་ནས། དང་པོར་སྟོད་ཕྱོགས་ལ་བྲོས་ཏེ། ཉིན་པར་ཡིབ་ཅིང་མཚན་མོར་ལམ་བཅད་དེ་མངའ་རིས་སུ་སླེབས་པ་ན། དེར་ཡང་བཞུགས་མ་ནུས་ཏེ་བྱང་ལམ་ནས་ཧོར་གྱི་ཡུལ་ལ་བྲོས་ཏེ། ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་ལ་བརྟེན་ཏེ་བཞུགས་སོ། །ཞེས་གསུངས་པ་ལྟར་གླང་དར་གྱིས་བསྟན་པ་བསྣུབས་སྐབས་མཁས་པ་མི་གསུམ་གྱིས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཀརྨ་ཤ་ཏཾ་གཙོ་གྱུར་འདུལ་མངོན་གྱི་གཞུང་གལ་ཆེར་འཛིན་ཏེ་བསྣམས་ཕེབས་པར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༠
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༤
[3] ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་གྲངས་ ༦༡བ༤ ནས་ ༦༢བ༣ བར།
[4] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༨༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༧ ནས་ ༣༠༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།