ཛ༽ ཐལ་འགྱུར་བའི་ལྟ་བ་སྲོལ་གཏོད་མཛད་ཚུལ།

ཛ༽ ཐལ་འགྱུར་བའི་ལྟ་བ་སྲོལ་གཏོད་མཛད་ཚུལ།

 

དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[1]།

ཐོས་པ་ཙམ་གྱིས་སྲིད་པ་ཧྲུལ་བར་བྱེད། །བསམ་པས་རྟག་ཆད་མཐར་འཛིན་བྲག་རི་བསྙིལ། །

བསྒོམས་པས་སྲིད་རྩ་དྲུངས་ནས་འབྱིན་པའི་སྨན། །ཟབ་དོན་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །

ཞེས་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[2]།

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ངེས་དོན་མཐར་ཐུག་ཐལ་འགྱུར་གཞུང་། །

འཛམ་གླིང་ཀུན་ཏུ་སྣང་བ་དང་། །ལོག་སྨྲ་བཟློག་པ་ངོ་མཚར་ཆེ། །

ཞེས་གསུངས་པ་ལྟར་དབུ་མའི་སློབ་དཔོན་གསུམ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ་གསུམ་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་ཐལ་འགྱུར་བའི་ལྟ་བའི་སྲོལ་བཟང་བཏོད་པས། འདི་ནི་ངོ་མཚར་གྱི་བཅོ་ལྔ་ལས་གཅིག་ཡིན་ལ། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པ་དབུ་མ་ཐལ་འགྱུར་བའི་ལྟ་བའི་སྲོལ་འབྱེད་དང་། དར་སྤེལ་མཛད་པ་པོ་གང་ཡིན་སྐོར་སློབ་དཔོན་ལེགས་ལྡན་འབྱེད་དང་། སློབ་དཔོན་སངས་རྒྱས་བསྐྱངས་རྣམ་གཉིས་ཀྱི་སྐབས་སུ་ཅུང་ཟད་རེ་བཀོད་ཟིན་ལ། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་ལས[3]། ཁྱད་པར་དུ་ཀླུ་སྒྲུབ་ཡབ་སྲས་དང་། སངས་རྒྱས་བསྐྱངས་ཀྱི་རྗེས་སུ་འབྲངས་ཏེ་ཉི་ཟླ་ལྟ་བུའི་མདོ་སྔགས་ཀྱི་བསྟན་བཅོས་གཉིས་དང་། འཇུག་པ་སོགས་གཞན་གཞུང་རང་གཞུང་མང་པོ་མཛད་ཅིང་། ལེགས་ལྡན་གྱི་གཞུང་ལས་མི་འཐད་པ་འགའ་ཞིག་ཀྱང་འགོག་པར་མཛད་ཅིང་། སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་བ་ཐལ་འགྱུར་ཙམ་གྱིས་དགག་པས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་ཕལ་ཆེར་གྱིས་བཞེད་ཀྱང་། ཐལ་རང་གི་གསལ་ཁ་མ་ཕྱེ་བ་འདིས་ཐལ་འགྱུར་བའི་ཕྱོགས་གསལ་བར་མཛད་ལ། མཐར་ལྷོ་ཕྱོགས་ཀོངྐུ་ནར་བྱོན་ནས་ཆོས་གཞི་མང་པོ་བཙུགས། ཞེས་གསལ་ལ། རྗེ་ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ (1852-1912) མཛད་པའི་ལྷག་མཐོང་དཀའ་འགྲེལ་ཆེན་མོ་ལས[4]། ཞང་ཡེ་ཤེས་སྡེས་མཛད་པའི་བརྗེད་བྱང་དུ་སློབ་དཔོན་ལེགས་ལྡན་འབྱེད་དང་ཞི་བ་འཚོས་བསྟན་བཅོས་མཛད་ཚུལ་དང༌། དེ་གཉིས་ལ་རིམ་བཞིན་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་མིང་བཏགས་ཚུལ་ཙམ་ལས། སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པའི་མཚན་ཙམ་ཡང་མི་གསལ། ཞེས་ཀྱང་བྱུང་ངོ་།།

དེ་ལྟར་ཤིང་རྟའི་སྲོལ་འབྱེད་ཡིན་པར་འདོད་པ་དང་། མིན་པར་འདོད་པའི་ཕྱོགས་གཉིས་སྣང་བ་ལས། ཡིན་པར་བཞེད་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ (1648-1721) མཛད་པའི་གྲུབ་མཐའ་ཆེན་མོ་ལས[5]།

ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། །

ཞེས་པ་ལེགས་ལྡན་གྱིས་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ་བ་དེའི་རྗེས་སུ་སློབ་དཔོན་ཟླ་བ་གྲགས་པས་སློབ་དཔོན་ལེགས་ལྡན་ལུགས་ཀྱི་རང་རྒྱུད་བཀག་སྟེ། དེ་ཡང་བཀག་ཙམ་མིན་པར་ལེགས་པར་བཀག་ནས། ཐལ་འགྱུར་བའི་ལུགས་རང་རྒྱུད་པ་མན་ཆད་དང་ཐུན་མོང་མ་ཡིན་པར་སྒྲུབ་པ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་སྲོལ་ཙམ་ཕྱེ་ཡང་རང་རྒྱུད་བཞེད་མི་བཞེད་མི་གསལ་བ་ལས། ཟླ་བས་སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང་། དབུ་མ་བས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང༌། བཟློག་ཕྱོགས་རང་རྒྱུད་ཀྱི་སྦྱོར་བ་དང༌། རང་མཚན་ལ་གནོད་བྱེད་མང་དུ་བསྟན་ནས་ཐུན་མོང་མ་ཡིན་པར་སྒྲུབ་པའི་ཕྱིར་ཏེ། འཇུག་འགྲེལ་ལས་ལུགས་འདི་ནི་ཐུན་མོང་མ་ཡིན་པའོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ། ཞེས་གསུངས་ལ། ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་[6]ཀྱང་། མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པས་ཀྱང་སྔ་མ་རྣམས་ཀྱི་གསུང་དང་བསྟུན་པའི་བཤད་པ་ཕྱོགས་གཞན་དུ་མཛད་མོད་ཀྱང་། རང་གི་དགོངས་པ་ནི་ཟླ་བ་གྲགས་པ་ཉིད་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་བཞེད་པར་ངེས་ཏེ། གྲུབ་མཐའི་རྩ་བར།

ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། །

ཞེས་དང༌། འགྲེལ་པས་ཀྱང༌། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་དཔལ་ལྡན་ཟླ་བ་ཁོ་ནས་གསལ་བར་ཕྱེ་བར་བཤད་པའི་ཕྱིར་རོ། །དཔལ་ལྡན་དཔའ་བོ་དང༌། ཀླུའི་བྱང་ཆུབ་སོགས་ཀྱང་དབུ་མ་ཐལ་འགྱུར་བར་གསལ་ཏེ། དཔའ་བོའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཀླུ་བྱང་གི་རྣམ་གཞག་རིམ་པ་སོགས་ཀྱིས་ཤེས་སོ། །རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི་ཟླ་བའི་ཞབས་དང་མཐུན་པར་རྗེ་བདག་ཉིད་ཆེན་པོས་བཞེད་དོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཟླ་བ་གྲགས་པ་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་གསུངས།

ཡང་དེ་ཉིད་ལས[7]། ཐལ་འགྱུར་བའི་སྲོལ་འབྱེད་ཟླ་བའི་ཞབས་ཡིན་པ་ནི་རྗེ་བདག་ཉིད་ཆེན་པོས། ཚིག་གསལ་ལས་སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང་། དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང་བཟློག་ཕྱོགས་ལ་གནོད་བྱེད་མང་དུ་བསྟན་ནས་ཤིང་རྟའི་སྲོལ་ཕྱེ་ལ། ཞེས་པས་གསལ་བར་གསུངས་སོ། །ཞེས་གསུངས་པ་ལྟར་དེ་དང་མཚུངས་པར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་གྲུབ་མཐའ་ལས་[8]ཀྱང་། དེ་སྔོན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་དགག་པ་མཛད་པའི་སྐྱོན་དེ་རྣམས་མི་འཇུག་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པའི་སྒྲུབ་བྱེད། ཁས་ལེན་པ་ལ་གནོད་བྱེད་མང་དུ་བསྟན་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང་། དབུ་མ་འཇུག་པ་དེའི་རང་འགྲེལ་བཅས་མཛད་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མར་གསར་གཏོད་མཛད། ཅེས་གསལ་བ་ལྟར། འཇམ་མགོན་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཟླ་བའི་ཞབས་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་ཡན་ལག་བརྒྱ་ལྡན་ལས་[9]ཀྱང་།

བྱང་ཆུབ་ཤིང་རྟ་སོང་བ་དང་། །འོངས་དང་འགྲོ་བ་སྨོན་ལམ་གྱི། །

འདྲེན་པས་ཤུལ་མཚོན་ལམ་པོ་ཆེར། །སློབ་མའི་ཚོགས་བཅས་ཁ་ལོ་སྒྱུར། །

ཞེས་གསུངས་ཤིང་། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་བསྙེངས་བྲལ་ཟླ་བ་གྲགས་པའི་ཞབས་ཀྱི་རྟོགས་པ་བརྗོད་ནས་ཞུ་བའི་ཕྲིན་ཡིག་བདེན་བརྫུན་གྱི་ཤན་རྣམ་པར་འབྱེད་པ་ངེས་དོན་གཏམ་གྱི་རོལ་མོ་འདྲེན་པའི་ངག་གི་ཤིང་རྟ་ལས[10]།

ཀུན་རྫོབ་ཆོས་ལུགས་འཇིག་རྟེན་གཞུང་བཞིན་དུ། །ཞལ་གྱིས་བཞེས་ནས་བསོད་ནམས་ཚོགས་མང་པོས། །

འགྲོ་ཀུན་ཕན་བདེའི་ལམ་དུ་འདྲེན་བརྩོན་པའི། །ཤིང་རྟའི་སྲོལ་འབྱེད་ཁྱོད་ལ་ཕྱག་བགྱིའོ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མར་གསར་གཏོད་མཛད་པ་པོ་དཔལ་ལྡན་ཟླ་བ་གྲགས་པ་ཡིན་ཚུལ་ཤིན་ཏུ་གསལ་བར་གསུངས་སོ།།

འོན་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་གྲུབ་མཐའ་ལས[11]། དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མར་གསར་གཏོད་གནང་མཁན་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་པ་དང༌། ལྟ་བ་དེ་དར་སྤེལ་གནང་མཁན་སློབ་དཔོན་ཟླ་བ་གྲགས་པ་ཡིན། ཟླ་བ་གྲགས་པ་དབུ་མ་ཐལ་འགྱུར་བའི་ལྟ་བ་དར་སྤེལ་གནང་མཁན་ཡིན་ཟེར་བའི་རྒྱུ་མཚན་ནི་ཐོག་མར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མའི་ལྟ་བ་གསར་གཏོད་མཛད་རྗེས་དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དགག་པ་བཏང་ཐོག་དབུ་མ་རང་རྒྱུད་པའི་ལྟ་བ་དེ་གསུངས་པ་རེད། དེ་ལ་སློབ་དཔོན་ཟླ་བ་གྲགས་པས་ཁྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་བྱས་པའི་སྐྱོན་དེ་སློབ་དཔོན་སངས་རྒྱས་བསྐྱངས་ལ་མེད་ལ། ཁྱེད་ཀྱིས་ཁས་ལེན་དེ་བྱས་ཚེ་ཁྱེད་ལ་སྐྱོན་དེ་ཡོང་རྒྱུ་རེད་ཅེས་སློབ་དཔོན་ལེགས་ལྡན་འབྱེད་ལ་སྐྱོན་བརྗོད་དང་། སློབ་དཔོན་སངས་རྒྱས་བསྐྱངས་ལ་དག་སེལ་མཛད་དེ། དེ་ནས་བཟུང་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཧ་ཅང་ཤུགས་ཆེན་པོ་དར་སྤེལ་བྱུང་བ་རེད། ཅེས་གསུངས་པ་ལྟར། དབུ་མ་ཐལ་འགྱུར་ལྟ་བ་ཐོག་མར་གསར་གཏོད་མཛད་པ་པོ་སློབ་དཔོན་སངས་རྒྱས་ཡིན་པ་དང་། དཔལ་ལྡན་ཟླ་བ་གྲགས་པ་ལྟ་བ་དེ་ཉིད་དར་སྤེལ་མཛད་མཁན་ཡིན་པར་གསུངས་པ་བཅས་གཞུང་གཅིག་ནང་བཞེད་ལུགས་མི་མཐུན་པ་གཉིས་བྱུང་བས་དཔྱད་པར་འཚལ་ལོ།།

བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ལས[12]། དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ལ་གཏན་ཚིགས་དང་དཔེ་མ་བརྗོད་པ་སོགས་ཀྱིས། གཞན་གྲངས་ཅན་པའི་འདོད་པ་ཉེས་པ་མ་བསལ་བའི་ཕྱིར་ཞེས་སོགས་རྒྱ་ཆེར་གསུངས་པར། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ཚིག་གསལ་ལས་དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ། །ཅི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང་། ཐུག་པ་མེད་པར་ཡང་མཐོང་ལ། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང་ཐུག་པ་མེད་པར་ཡང་མི་འདོད་དོ། །དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང་། རང་གི་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ། གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན། ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། འོན་ཏེ་ཕ་རོལ་པོ་རང་གི་ཁས་བླངས་པ་དང་འགལ་བས་བརྩད་པས་ཀྱང་མི་ལྡོག་ན་ནི་དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ། །ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །ཞེས་སོགས་གསུངས་ཏེ་རིགས་པའི་རྣམ་གྲངས་དུ་མས་སུན་འབྱིན་པར་བྱས་སོ། །ཇི་སྐད་དུ།

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །དངོས་པོ་སྟོབས་ཤུགས་རིགས་པའི་ལམ། །

མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། །རྗེས་སུ་འབྲང་བ་ངོ་མཚར་ཆེ། །

ཞེས་བྱུང་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས་[13]ཀྱང་། ཡན་ལག་བརྒྱད་དང་ལྡན་པའི་མཚོ་འགྲམ་དུ། །བློན་པོས་བ་ཚའི་ཁྲོན་པ་རྐོ་བྱེད་ལྟར། །ཤིང་རྟའི་སྲོལ་འབྱེད་ཁྱོད་ཀྱི་ལམ་ཆེན་ལ། །མི་འགྲོ་དེ་ཀུན་གཡང་ལ་མཆོང་བར་ཟད། །སྨྲ་བའི་སེངྒེ་ཁྱོད་ཀྱིས་རྩོད་པའི་ཚེ། །རྒོལ་བ་གཞན་ཀུན་ཝ་སྐྱེས་ཁོ་ན་ཉིད། །མར་མེའི་དཀྱིལ་འཁོར་འབར་བར་འོངས་པ་ཡི། །ཕྱེ་མ་ལེབ་ནི་དཔའ་བར་འགྲོའམ་ཅི། །མཁས་པར་བྱེད་པ་ལེགས་ལྡན་འབྱེད་འདི་དག །ཁྱོད་ལ་རྩོད་པར་འདོད་པ་ཡ་མཚན་ཆེ། །མི་བཟད་འཐོར་རླུང་དྲག་པོའི་མདུན་ཉིད་དུ། །ཤིན་ཏུ་སྲ་ཡང་སུ་ཡིས་ཚུགས་པར་འགྱུར། །ཞེས་བསྔགས་པ་ཆེས་ཆེར་མཛད་པ་ལྟར་རོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

[2]  བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡ན༧

[3]  སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༧༧

[4]  བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག ༼༤༽ མ་ནི་པལ་པར་ཁང་། ༢༠༡༢ ལོ། ཤོག་གྲངས་ ༣༣༣

[5]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༧༦

[6]  ལྕང་སྐྱའི་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༢༣༦

[7]  ལྕང་སྐྱའི་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༢༣༦

[8]  དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༢༤༢

[9]  བློ་གྲོས་མཐའ་ཡས་ཀྱི་གསུང་འབུམ། པོད། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༡༣༤

[10]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༨བ༦

[11]  དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༢༧༦

[12]  བསྟན་འཛིན་རྒྱ་མཚོའི་ཞལ་ལུང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༩

[13]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤༩ ནས་ ༥༥༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *