ཙ༽ སློབ་དཔོན་སེངྒེ་བཟང་པོས་གསུང་རྩོམ་མཛད་ཚུལ།
དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]།
ཤེར་ཕྱིན་ཉི་ཁྲིའི་བསྡུས་དོན་ལེའུ་བརྒྱད་མ། །
བརྒྱད་སྟོང་འགྲེལ་ཆེན་འགྲེལ་བ་དོན་གསལ་དང་། །
སྡུད་འགྲེལ་རྟོགས་སླ་ཤེར་ཕྱིན་བསྒོམ་པ་སོགས། །
ལེགས་བཤད་གཏེར་ཆེན་སྤེལ་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། མཁན་ཆེན་ཆོས་རྣམ་རྒྱལ་གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[2]། སློབ་དཔོན་སེང་གེ་བཟང་པོས་མངོན་པར་རྟོགས་པའི་རྒྱན། ཉི་ཁྲི་དང་སྦྱར་བ་ཉི་ཁྲི་ལེ་བརྒྱད་མ། བརྒྱད་སྟོང་པ་དང་སྦྱར་བ་བརྒྱད་སྟོང་འགྲེལ་ཆེན། ཡུམ་རྒྱས་འབྲིང་བསྡུས་གསུམ་ག་དང་སྦྱར་བ་འགྲེལ་ཆུང་དོན་གསལ་ལ་སོགས་མཛད་ནས་ཕར་ཕྱིན་ཐེག་པའི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པར་མཛད། ཅེས་གསུངས་སོ།།
མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[3]། དེའི་སློབ་མ་འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བརྒྱ་སྟོང་འགྲེལ་ཆེན་དང་། ཉི་ཁྲིའི་འགྲེལ་པ་ལེའུ་བརྒྱད་མ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དོན་གསལ་དང་། སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་དང་། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་འགྲེལ་རྣམས་ཀྱང་རང་རྒྱུད་པའི་གཞུང་ཡིན་ལ། སློབ་དཔོན་དེ་གསུམ་ག་ཡང་སློབ་དཔོན་ཞི་བ་འཚོའི་སློབ་མ་ཡིན་ཅིང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་དེ་དག་ནི་དབུ་མ་རང་རྒྱུད་པའི་གཞུང་ངོ་། །སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཟླ་བ་གྲགས་པ། སློབ་དཔོན་ཞི་བ་ལྷ་རྣམས་དབུ་མ་ཐལ་འགྱུར་བ་ཡིན་ལ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་འཚོ་དཔོན་སློབ་རྣམས་དབུ་མ་རང་རྒྱུད་པ་ཡིན་ནོ། །ཞེས་གསུངས་ལ། དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[4]། སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་ནི། འགྲེལ་ཆུང་འདི་ཉིད་དང་། གཞན་ཡང་མངོན་རྟོགས་རྒྱན་བརྒྱད་སྟོང་དང་སྦྱར་བའི་མན་ངག་རྒྱན་སྣང་ངམ། བརྒྱད་སྟོང་འགྲེལ་ཆེན་དུ་གྲགས་པ་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་མཐུན་པར་རྒྱན་ཉི་ཁྲི་དང་སྦྱར་བའི་མན་ངག་ཉི་ཁྲི་བསྡུས་དོན་ལེའུ་བརྒྱད་མ། རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་པ་རྟོགས་པར་དཀའ་བ། ཤེར་ཕྱིན་སྒོམ་པ། སྒྲ་ཙནྡྲ་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་བཅས་བོད་དུ་འགྱུར་བ་བསྟན་འགྱུར་ན་བཞུགས་ཤིང་། བསྟན་བཅོས་གཞན་ཇི་མཛད་མ་ཤེས། ཞེས་གསུངས་པ་ལྟར་རོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ལས་[5]ཀྱང་། དེ་ནས་བྱམས་མགོན་གྱིས་ལུང་བསྟན་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དང་མངོན་རྟོགས་རྒྱན་སྦྱར་ཏེ་འགྲེལ་པ་རྩོམ་པར་བཞེད་པ་ན། རྒྱལ་པོ་དྷརྨ་པཱ་ལས་སྦྱིན་བདག་བྱས་ཏེ་ཐོག་མར་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་རྩོམ་པར་མཛད། དེ་ནས་མངོན་རྟོགས་རྒྱན་ཤེར་ཕྱིན་གྱི་མདོ་དང་སྦྱར་ཏེ་རྒྱ་ཆེར་འཆད་པའི་བསྟན་བཅོས་རྩོམ་པར་མཛད་དེ། དེ་ཡང་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། མངོན་རྟོགས་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱད་པ་དང་སྦྱར་ཏེ་རྒྱས་པར་འཆད་པ་བརྒྱད་སྟོང་འགྲེལ་ཆེན་དང་། མངོན་རྟོགས་རྒྱན་མདོ་སྡུད་པ་དང་སྦྱར་ཏེ་འཆད་པ་ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་རྣམས་མཛད་དོ།།
གཞན་ཡང་ཤེར་ཕྱིན་བསྒོམ་པའི་མན་ངག་སོགས་བསྟན་བཅོས་མང་དུ་བརྩམས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ། །ཞེས་གསུངས་པ་ལྟར་མཚན་དངོས་སུ་གསལ་བའི་བསྟན་བཅོས་ལྔ་པོ་རྣམས་དང་། འདིར་མ་གསལ་ཞིང་སོགས་ཁོངས་སུ་རྣམ་དབྱེའི་ཚིག་ལེའུར་བྱས་པའམ། བརྡ་སྤྲོད་པ་ཙནྡྲ་པའི་མདོའི་རྣམ་པར་དབྱེ་བའི་ཚིག་ལེའུར་བྱས་པ་འདི་ཡང་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོས་མཛད་པ་སྟེ། མཇུག་བྱང་ལས[6]། མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ། ཡོན་ཏན་མཐའ་ཡས་པ་དང་ལྡན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས། བྷོ་ཊ་པཎྜི་ཏས་བསྐུལ་བ་བཞིན་དུ་བལ་པོའི་པཎྜི་ཏ། དཔལ་ས་དབང་བཟང་པོའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཤོང་སྟོན་བློ་བརྟན་གྱིས་བལ་པོའི་མཐིལ་དུ་བསྒྱུར་བའོ། །ཞེས་སྒྲ་གཞུང་འདི་ཉིད་ཀྱི་ལེགས་སྦྱར་གྱི་མ་དཔེ་ད་ལྟ་བཞུགས་ཡོད་ལ། པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་གི་ཁྲོད་ནས་སྒྲ་གཞུང་ལྷག་མར་ལུས་པའང་གཞུང་འདི་ཁོ་ནའོ།།
ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[7]། ཙནྡྲ་པ་ནི་སློབ་མ་ཞིག་འདུལ་བའི་དོན་དུ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་ཡིན་ལ། དེ་ལ་རང་གི་ཞང་པོ་དྷརྨཱ་དཱ་ཥས་མཛད་པའི་འགྲེལ་པ་སྟོང་ཕྲག་དྲུག་པ་དང་། སེངྒེ་བཟང་པོས་འགྲེལ་པ་སུ་བནྡུ་དང་། ཉི་མའི་སྙིང་པོའི་འགྲེལ་པ་གྲུབ་པ་སོགས་མང་དུ་འབྱུང་ཞིང་ཡུལ་དབུས་སུ་ཤིན་ཏུ་དར་བར་གྱུར་པ་ཡིན། ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོས་སྒྲ་རིག་པའི་གཞུང་ལུགས་སུ་བནྡུ་ཞེས་པ་སྟེ། སུ་ལེགས་པ་དང་། བནྡུ་གཉེན་ཏེ། ལེགས་པའི་གཉེན་ཞེས་པའི་གཞུང་ཞིག་ཀྱང་མཛད་པར་གསུངས་སོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[8]། རྒྱལ་པོ་དྷརྨ་པཱ་ལས་སྦྱིན་བདག་བྱས་ཏེ་ཚ་བ་གསུམ་པའི་གཙུག་ལག་ཁང་དུ་ཡུམ་དོན་རྒྱས་པར་འགྲེལ་པ་ཉི་ཁྲི་ལེ་བརྒྱད་མ་དང་། བརྒྱད་སྟོང་འགྲེལ་ཆེན། འབྲིང་དུ་འགྲེལ་པ་འགྲེལ་པ་དོན་གསལ། བསྡུས་པར་འགྲེལ་པ་སྡུད་འགྲེལ་རྟོགས་སླ་བ། ཤེར་ཕྱིན་སྒོམ་པ་སོགས་མཛད། སློབ་དཔོན་གྱི་དངོས་སློབ་ལས་འགྲེལ་པ་དོན་གསལ་ལ་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་པ་ཚིག་གསལ་མཛད་དེ་འགྲེལ་བྱེད་སྔ་མ་བཞིའི་མཐུ་ལས་འགྲེལ་པར་བཤད་པས་ཆོས་བཤེས་ཀྱི་འཇམ་པའི་བཤད་པ་ཟེར། ནུབ་ཀྱི་སྒོ་གླེགས་པ་ཤེས་འབྱུང་བློ་གྲོས་ཀྱི་བསྡུས་དོན་ལས་སྔ་མ་བཞི་ལས་ལྷག་པར་འཆད་པར་བཀྲལ་བས་ཤེས་འབྱུང་གི་རྩུབ་བཤད་ཟེར། གསེར་གླིང་པས་འགྲེལ་པར་སྔོན་ཡང་བྱུང་བ་དག་གིས་ཀྱང་འགྲེལ་ཞེས་པ་ལྟར་བཀྲལ་བས་གསེར་གླིང་པའི་བཏང་སྙོམས་ཀྱི་བཤད་པར་གྲགས་ཤིང་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་སྡུད་འགྲེལ་མཛད་དོ། །འགྲེལ་བྱེད་སྔ་མ་རྣམས་ཀྱི་ཡུམ་བར་མ་ཉི་ཁྲི་དང་མངོན་རྟོགས་རྒྱན་སྦྱར་བ་ལས་སློབ་དཔོན་གྱིས[9]།
ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །
མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །
ཞེས་པ་ལྟར་བརྒྱད་སྟོང་པ་སོགས་ལས་དོན། ཉི་ཁྲི་ལས་ཚིག་འབུམ་ལས་མིང་གི་རྣམ་གྲངས་བསྡུས་པས་ཡུམ་ཐམས་ཅད་ཀྱི་རྒྱན་དུ་བཀྲལ་བ་དང༌། དབུ་མར་གནས་པ་དང་རྗེ་བཙུན་གྱིས་གནང་བ་བྱིན་པ་སྟེ་གསུམ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་པའི་ནང་ན་དོན་གསལ་འདི་རྨད་དུ་བྱུང་བ་ཡིན་ནོ།།
གཞན་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[10]། པཎྜི་ཏ་འཕྲོག་བྱེད་འོད་ ༼སེང་བཟང་ཡིན་འདྲ།༽ ཅེས་བྱ་བའི་དབུ་མ་པ་ཞིག་སེམས་ཙམ་སུན་འབྱིན་པའི་བསྟན་བཅོས་བརྩམས་པར་སློབ་དཔོན་གྱིས་བླ་མའི་དྲིན་བཟོ་ལ་དགོངས་ནས་གཅིག་ཏུ་གྲུབ་པ། ཞེས་བྱ་བའི་བསྟན་བཅོས་ཤོ་ལོ་ཀ་སུམ་སྟོང་པ་མཛད་དེ་དུལ་བཟང་ལ་ཕུལ་བས་དཔེ་མེད་དགྱེས་སྐད། ཚུལ་འདི་ནི་སློབ་དཔོན་ཉི་མ་སྦས་པ་དང་། ཙནྡྲ་གོ་མཱིས་ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པ་གཅིག་ཏུ་གསུངས་པ་དང་ཤིན་ཏུ་མཐུན། ཞེས་གཞན་དུ་མི་གསལ་བའི་གསུང་ཚུལ་ཞིག་དང་། དེ་ཡང་སེང་བཟང་ཡིན་འདྲ། ཞེས་པཎྜི་ཏ་འཕྲོག་བྱེད་འོད་ཅེས་པ་འདི་ཉིད་སློབ་དཔོན་སེངྒེ་བཟང་པོ་ཡིན་མིན་ལ་གུང་ལོ་ཙཱ་བས་དོགས་སློང་མཛད་པ་ནི། གཅིག་ནས་ཁོང་དབུ་མ་ཐལ་འགྱུར་པ་ཡིན་པ་དང་། གཉིས་ནས་མཚན་དང་སེང་བཟང་གི་དུས་རབས་ལ་དགོངས་པ་ཡིན་འདུག་ཀྱང་། བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ཡིན་མིན་དཔྱད་དགོས་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༢བ༢
[2] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༥
[3] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣
[4] མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་གྲངས་ ཡ
[5] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༡༣བ༢
[6] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼རེ༽ དེབ་ཨང་ ༡༠༨ པ། ཤོག་གྲངས་ ༡༠༨༦
[7] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༩
[8] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༤
[9] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༣༥༣
[10] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༤༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༩ ནས་ ༡༩༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།