པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད། (7)

༄༅། །ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༧ ཚེས་ ༣༠ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཆོས་ཞུ་བ་རྣམས་ལ་

སྩལ་བའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་བཞུགས་སོ།།[1]

 

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །

དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས[2]། ཚད་མར་འགྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་པ་དེར་བསམ་བློ་བཏང་ནས་བྲིས་པ་རེད།

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །

མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས[3]།

གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ཆོས་གང་ཞིག་གསུངས་སམ་ཞེ་ན། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པ་ལས[4]།

གང་གི་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །

རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་དེར་བསམ་བློ་གཏོང་གི་ཡོད། དེ་ཡང་རྟེན་འབྱུང་གི་གཏམ་ཞེས་པ་ནི། དངོས་ཡོད་གནས་ཚུལ་གསུང་མཁན་ཞིག་ཡིན་སྟབས། ངོས་ཀྱི་ངོ་ཤེས་པའི་དེང་རབས་ཚན་རིག་པ་འགའ་ཞིག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེར་ཧ་ཅང་དགའ་མོས་བྱེད་བཞིན་འདུག །ངོས་ནས་རྟག་ཏུ་བརྗོད་མུས་ལྟར། ཚན་རིག་པའི་ནང་ནས་ཀྱང་། ཚད་རྡུལ་དངོས་ཁམས་རིག་པ་ཞེས་བརྗོད་སྐབས། ཕྱི་ཡི་གཟུགས་ཅན་གཞིར་བཞག་ཡིན་པ་ལས། ནང་གི་སེམས་ཁམས་རིག་པ་དེ་ཙམ་བརྗོད་ཀྱི་མེད། དེ་ལྟར་ཕྱི་ཡི་གཟུགས་ཅན་གྱི་ཆོས་རྣམས་དབུ་སེམས་ཀྱི་གཞུང་ནས། གཞི་གྲུབ་ན་ཆ་བཅས་ཡིན་པས་ཁྱབ། ཆ་མེད་ཤེས་བྱར་མི་སྲིད། ཅེས་གསུངས་པ་ལྟར། ཆ་ཤས་བསལ་ནས་བསམ་བློ་གཏོང་ཚུལ་དང་གཅིག་མཚུངས་ཆགས་ཡོད་ཅིང་། མཐར་ཐུག་གང་ཡང་རྙེད་རྒྱུ་མེད་པ་ཞིག་ཡིན་པས། ཚན་རིག་པས་བརྟག་དཔྱད་བྱས་ཤིང་བསམ་བློ་གཏོང་སྐབས་དེའི་ལྟ་བུའི་ཐོག་ཏུ་སླེབས་ཀྱི་ཡོད།

ནང་པ་སངས་རྒྱས་པའི་གཞུང་དུ་ལོ་ངོ་སྟོང་ཕྲག་གཉིས་ཀྱི་གོང་ནས་དེ་ལྟར་གསུངས་ཡོད། ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། རྒྱ་གར་གྱི་རཱ་ཇ་རཱ་མ་ནས་ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་འདི་ཉིད་འཛམ་གླིང་འདིའི་ཐོག་དེང་སྐབས་རིག་གནས་གསར་པ་ཞིག་ཡིན་ནའང་། རྒྱ་གར་ནང་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་ལྟ་བ་དེ་སླེབས་ཟིན་འདུག །ཅེས་གསུངས་བྱུང་། ཁོང་གིས་དབུ་མ་རྩ་བ་ཤེས་རབ་ཕལ་ཆེར་མཐོང་བ་ཡིན་འདུག །དབུ་མ་རྩ་བ་ཤེས་རབ་ནང་། བརྟེན་ནས་བཏགས་པ་ཞིག་ལས་རང་བཞིན་གྲུབ་པའམ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་མེད་ཅེས་གསུངས་པ་དེར་དོ་སྣང་བྱུང་འདུག །

དེ་ལྟར་རྟེན་འབྱུང་ཞེས་པ་ནི། དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་མཁན་ཞིག་ཆགས་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་ཞིག་ཡོད་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གཉིས་ཕན་ཚུན་བརྟེན་ནས་གནས་ཡོད་པ་དང་། དེ་བཞིན་ང་རང་ཚོའི་བདེ་ཐང་ལ་ཆ་མཚོན་ནའང་། སེམས་ཀྱི་བདེ་སྐྱིད་དང་། ལུས་ཀྱི་བདེ་ཐང་གཉིས་བར་འབྲེལ་བ་ཡོད་པ། དེ་དག་ལ་རྒྱུ་རྐྱེན་གྱི་འབྲེལ་བ་ཡོད་པ་མཐོང་ཐུབ་པ་ཞིག་དང་། རྟེན་འབྲེལ་ཞེས་པའི་ལྟ་གྲུབ་ཅིག་འཁྱེར་ཡོང་ན། གང་ཞིག་མཐོང་ཡང་དེའི་རྒྱུ་དང་རྐྱེན་གང་དག་ཡིན་པ་ལམ་སང་བློ་ངོར་སླེབས་པ་ཞིག་ཡོང་བ་ཡིན།

དེས་ན་ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། སྤྱོད་པ་འཚེ་བ་མེད་པ་ནི། འཛམ་གླིང་གི་ཞི་བདེ་དང་། སྤྱི་ཚོགས་ཀྱི་ཞི་བདེ། འགྲོ་བ་མིའི་སེམས་ཀྱི་ཞི་བདེ་བཅས་དང་འབྲེལ་བ་ཡོད་ཅིང་། རྟེན་འབྱུང་གི་ལྟ་བ་ནི། རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་ཞིང་། དངོས་ཐོག་བདེན་འཚོལ་ཡོང་བ་ངོ་མ་ཞིག་ཡོང་བ་ལ། རྟེན་འབྱུང་གི་ལྟ་གྲུབ་དགོས་པ་ཡིན། གཞན་གྱིས་བཤད་པ་རྣམས་དེ་ལྟར་ཡིན་ཤག་ཏུ་མི་བྱེད་པར། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། ཕན་ཚུན་མང་པོ་ཞིག་ལ་བལྟོས་ནས་གྲུབ་པ་ཞིག་སྟེ། དཔེར་ན། ཪང་ཉིད་ལ་གནོད་བྱེད་དགྲ་བོ་ལྟ་བུར་ཆ་མཚོན་ནའང་། རྟེན་འབྱུང་གི་ལྟ་གྲུབ་དང་འབྲེལ་ནས་བསམ་བློ་བཏང་ན། དགྲ་བོ་དེས་རང་ཉིད་ལ་མི་དགའ་བ་བྱེད་པ་དེ་སྐྱེས་པའི་ཉིན་ནས་བྱུང་བ་ཞིག་མིན་པར་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རིམ་བཞིན་རང་ཉིད་ལ་མི་དགའ་བ་ཆགས་པ་ཞིག་ཡིན། དེས་ན་རང་ཉིད་ལ་མི་དགའ་བ་ཆགས་པའི་རྒྱུ་རྐྱེན་གྱི་ནང་དུ་རང་ཉིད་ཀྱི་རྣམ་འགྱུར་ལའང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་དག་བསམ་བློར་འཁོར་སྐབས་དགྲ་བོ་ཞེས་བརྗོད་སྐབས་རང་ཉིད་སྐྱེས་ཙམ་ཉིད་ནས་དགྲ་བོ་ཡིན་སྙམ་པའི་བློ་དེ་ཉིད་ཞིག་འགྲོ་བ་ཡིན། ཐོག་མར་རྟེན་འབྱུང་གི་རིགས་པ་གཅིག་དང་། དེ་ནས་བརྟེན་ནས་བཏགས་པའི་རིགས་པ་གཅིག་སྟེ། རྒྱུ་འབྲས་ཀྱི་རྟེན་འབྱུང་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རིགས་པའི་ཐོག་ནས་བསམ་བློ་གཏོང་སྐབས་དངོས་ཡོད་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་ཡོད།

ཉོན་མོངས་པའི་རིགས་རྣམས་ཀྱིས་དངོས་ཡོད་གནས་ཚུལ་ལས་ལྡོག་ནས་རང་ཚུགས་རང་དབང་བ་ཞིག་ལ་བལྟས་པའི་ཨ་འཐས་ཀྱི་འཛིན་པ་དེ་ཉིད་གཞི་ལ་བཞག་སྟེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བཞིན་པ་ནི་དེང་རབས་ཚན་རིག་པ་དག་གིས་ཀྱང་བརྗོད་བཞིན་ཡོད། དེ་ནི་ཧ་ཅང་གསལ་པོ་རེད་འདུག །དེས་ན་ཉོན་མོངས་མེད་པར་ཤོག་ཅེས་བརྗོད་པ་ལྟ་བུ་མིན་པར། ཉོན་མོངས་ཀྱི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་པ་དང་། ཉོན་མོངས་མངོན་དུ་གྱུར་སྐབས་རྣམ་རྟོག་སྐྱེ་ཚུལ་ཇི་ལྟར་ཡིན་པ། དེ་ཡང་རྒྱུ་དང་རྐྱེན་གང་དག་གིས་སྐྱེ་བ་ནི། དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[5]།

ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །

དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །

ཞེས་གསུངས་པ་ལྟར་གྱི་བསམ་བློ་འཁོར་སྐབས། ཁྱད་པར་ཏན་ཏན་ཡོད་ལ། སྟོང་ཉིད་ཀྱི་ལྟ་བ་ཞེས་པ་དེ་མཆོད་གཤོམ་ནང་དུ་སྒྲིག་རྒྱུ་ལྟ་བུ་ཞིག་མིན། སྟོང་ཉིད་ཀྱི་ལྟ་བ་ཞེས་པ་ནི། ཚེ་ཕྱི་མ་ཁས་མ་བླངས་ཀྱང་ཁྱད་པར་མེད། མི་ཚེ་འདི་ཉིད་ཀྱི་དབང་དུ་བཏང་ནའང་། ཉོན་མོངས་ཤུགས་དྲག་སྐྱེ་སྐབས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེར་ཅུང་ཟད་བསམ་བློར་འཁོར་ན། ཉོན་མོངས་ཀྱི་ངར་ཤུགས་ཏན་ཏན་ཆགས་ངེས་ཡིན། དེ་ནི་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་བརྗོད་ཀྱི་ཡོད། དེ་ཡང་ངོས་ནས་དཔེ་ཆའི་ནང་དུ་གསུངས་འདུག་ཅེས་བརྗོད་པ་གཅིག་པུ་མིན་པར། ཐོག་མར་རིགས་པས་དཔྱད་ཅིང་། རིགས་པས་དཔྱད་པ་དེ་ཉིད་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་སྐབས་ཁ་ཡོད་ལག་ཡོད་ལ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་མི་དགོས་པར། སྟོང་ཉིད་ཀྱི་ལྟ་བ་བསྒོམས་པ་དེ་གས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོང་གི་འདུག །དེ་ལྟར་བྱས་ན་མི་ལ་རྣམ་དཔྱོད་ཅིག་ཡོད་པ་དེ་ཡོད་གོ་ཆོད་པ་ཡིན། རྣམ་དཔྱོད་འདི་ལྟར་ཡོད་བཞིན་དུ་བེད་སྤྱོད་ལེགས་པར་མ་བྱས་ན་རྣམ་དཔྱོད་ཡོད་ཀྱང་ཡོད་གོ་མ་ཆོད་པ་དང་། མི་ལུས་ཐོབ་པའི་དོན་གོ་མ་ཚང་བ་ཡིན། ལྷག་པར་དུ་དལ་བརྒྱད་འབྱོར་བཅུ་དང་། དེ་རྗེས་ལམ་སྟོན་དགེ་བའི་བཤེས་གཉེན་ཞེས་པ་དེ་དག་རང་ཤུགས་ཀྱི་འབྲེལ་བ་སླེབས་ཡོང་གི་ཡོད།

མདོར་ན། སྤྱོད་པ་འཚེ་བ་མི་བྱེད་པའི་རྩ་བ་ནི། ལྷ་རབ་བྱུང་ན་གཞན་ལ་ཕན་བཏགས་ཤིང་། གཞན་ལ་ཕན་བཏགས་མ་ཐུབ་ཀྱང་། གཞན་ལ་གནོད་པ་མི་བྱེད་པ་དང་ཆབས་ཅིག་ལྟ་བ་རྟེན་འབྱུང་ཞེས་པ་འདི་ཉིད་དེང་སྐབས་དངོས་ཡོད་གནས་ཚུལ་ཤེས་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན། དེ་ལྟར་གསུང་མཁན་གྱི་སྟོན་པ་སྟེ།

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །

ཞེས་པས་སྟོན་པ་བཅོམ་ལྡན་འདས་ནི་དངོས་ནས་སྨྲ་བ་ཟླ་མེད་དང་། སྨྲ་བའི་དབང་ཕྱུག །མུན་པ་སེལ་བར་བྱེད་པའི་སྨྲ་བའི་ཉི་མ་དངོས་ཡིན། གོང་དུ་ཁྱེད་རང་ཚོས་རྟགས་གསལ་བཏང་བ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས[6]།

གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །

འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །

ཞེས་པ་དེར་བྱེ་བྲག་སྨྲ་བས་གང་ལ་གང་འཚམ་གྱི་འགྲེལ་བཤད་བྱེད་པ་ལས་རྒྱ་ཆེ་གཏིང་ཟབ་ཀྱི་འགྲེལ་བཤད་བྱེད་དཀའ་ཞིང་། མཐར་ཐུག་གི་འགྲེལ་བཤད་དཔྱིས་ཕྱིན་པ་ནི་དབུ་མའི་གཞུང་ནས་གསུངས་པ་དེ་ཡིན། འོན་ཀྱང་བྱེ་མདོ་གཉིས་དང་། དབུ་སེམས་གཉིས་བཅས་གྲུབ་མཐའ་རྣམ་བཞི་ལས་བྱེ་བྲག་སྨྲ་བ་ནི་སྔོན་འགྲོའི་འཛིན་གྲྭ་ལྟ་བུ་དང་། དེ་རྗེས་མདོ་སྡེ་པས་དངོས་པོ་རང་མཚན་དོན་དམ་བདེན་པ་རྣམས་དོན་གཅིག །རྟག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་རྣམས་དོན་གཅིག་ཏུ་གསུངས་པ་ལྟར་བཏགས་ཡོད་ཀྱི་དོན་ཅུང་ཟད་སླེབས་པ་ལྟ་བུ་ཞིག་ཡོད།

དེ་རྗེས་སེམས་ཙམ་པའི་ལྟ་བ་དང་། མཐར་དབུ་མ་པའི་ལྟ་བ་བཅས་ནི་དམའ་རིམ་འཛིན་གྲྭ་དང་། འབྲིང་རིམ་གྱི་འཛིན་གྲྭ། མཐོ་རིམ་གྱི་འཛིན་གྲྭ། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་གྲྭ་ལྟ་བུ་ཆགས་ཡོད། དེ་ཡང་གྲུབ་མཐའ་འོག་མ་འོག་མས་རྨང་གཞི་བྱས་ཤིང་། གྲུབ་མཐའ་འོག་མས་གསུངས་པ་རྣམས་ལ་གྲུབ་མཐའ་གོང་མ་གོང་མས་གནོད་པ་བསྟན་པ་རྣམས་ཕན་ཚུན་བསྡུར་སྐབས་བློ་ངོར་གཞི་ནས། གྲུབ་མཐའི་རྩ་བ་ལས[7]།

རང་རང་མཐའ་བྲལ་རྟོག་བཏགས་གོང་མས་འགོག །

འོག་མ་འོག་མའི་ལྟ་བའང་གོང་མའི་སྟེགས། །

ཞེས་གསུངས་ལ་ལྟར། གྲུབ་མཐའ་འོག་མའི་རྣམ་གཞག་རྣམས་གྲུབ་མཐའ་གོང་མའི་འབབ་སྟེགས་ལྟ་བུ་རེད། ཅེས་གསུངས་པ་དེ་བདེན་པ་རེད་འདུག །

དེ་བཞིན་ཕྱི་རོལ་མུ་སྟེགས་པའི་གཞུང་ལ་སློབ་གཉེར་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ་ལ། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་རྩ་འགྲེལ་ནང་མུ་སྟེགས་པའི་གྲུབ་མཐའི་འདོད་ཚུལ་གསུངས་པ་སོགས་ཧ་ལས་དགོས་པའི་ཡག་པོ་ཞིག་འདུག །དེ་བཞིན་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། གཞན་ཡང་མཁན་ཆེན་ཞི་འཚོས་མཛད་པའི་གཞུང་ལུགས་རྣམས་སུ་དཔྱད་པ་ཞིབ་ཏུ་མཛད་དེ་ཕྱི་རོལ་པའི་འདོད་ཚུལ་བཀག་པ་རྣམས་ཧ་ལས་པ་ཞིག་འདུག །

སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ནས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོར་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་སོགས་གསུངས་པ་ནས་བཟུང་སྟེ་སྟོན་པས་གནས་དུས་ངེས་མེད་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའམ་བླང་དོར་གྱི་གནད་མང་དུ་བསྟན་ཡོད། དེ་ལྟ་བུའི་གསུང་མང་དུ་ཡོད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི། ཤེར་ཕྱིན་གྱི་གཞུང་བཟང་འདི་ཉིད་ཡིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་བདག་མེད་ཀྱི་རྣམ་གཞག་གསུངས་ཡོད།

མདོར་ན་མཐར་ཐུག་ཐེག་པ་གཅིག་ཏུ་འདོད་ན། སྟོང་ཉིད་ཀྱི་ལྟ་བ་དེ་ཉིད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པའི་ཐབས་ནི་ཤེས་རབ་ཡིན་ལ། རྒྱ་ཆེ་བའི་ཆ་ནས་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས། སྟོང་ཉིད་སོ་སོར་གསུངས་ནའང་མཐར་བདག་མེད་པའི་ལྟ་བར་ཐུག་གི་ཡོད། སྟོང་ཉིད་གཅིག་གི་དབང་དུ་བྱས་ནས་གསུངས་ན། སྟོང་ཉིད་ཀྱི་ལྟ་བ་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་གསུངས་པས། དེ་ལ་ཡུམ་ཞེས་མཚན་བཏགས་ནས་ཐབས་ཀྱི་ཆ་དེ་ཕ་དང་འདྲ་ལ། ཤེས་རབ་ཀྱི་ཆ་དེ་མ་དང་འདྲ་བ་ཞེས་གསུངས་པ་ལྟར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཉིད་ཀྱིས་ཉན་ཐོས་དང་། རང་རྒྱལ། ཐེག་ཆེན་བཅས་ཀྱི་བྱང་ཆུབ་སྐྲུན་པར་མཛད་མཁན་ཡིན་པས་ན་ཡུམ་ཞེས་དང་། དེ་ལྟར་ཡུམ་བརྗོད་བྱར་བྱེད་མཁན་གྱི་གཞུང་དེ་དག་ལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ཀྱི་ཡོད། དེས་ན།

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །

མགོན་པོ་ཀླུ་སྒྲུབ་དང་། ལྷག་པར་སྟོན་པ་ཉིད་ཀྱིས་མ་དྲོ་པས་ཞུས་པའི་མདོ་ལས[8]།

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །

རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །

ཅེས་གསུངས་པ་ལྟར། སྟོང་པའི་དོན་ནི་རྐྱེན་ལ་རག་ལས་པར་གསུངས་ཡོད། སྟོང་པའི་དོན་ནི་ཚད་རྡུལ་དངོས་ཁམས་རིག་པས་བརྗོད་པ་ལྟར། གང་ཡང་རྙེད་རྒྱུ་མེད་ཅེས་བརྗོད་པ་གཅིག་པུ་མིན་པར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས[9]།

སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །

རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང༌། །

སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བ། །

དེ་བཞིན་ཁམས་ནི་རེ་རེ་ལའང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །

ཞེས་གསུངས་པ་ལྟར། སྐྱེས་བུའམ་གང་ཟག་ཅེས་པ་དེ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཞིག་ཡིན་ཅིང་། དེ་ཉིད་འཚོལ་སྐབས་ཕུང་པོའི་གསེབ་ནས་གང་ཟག་གི་མཚན་གཞི་ཅུང་ཟད་ཙམ་ཡང་འཇོག་རྒྱུ་མེད་ལ། ཡང་ཕུང་པོ་ལས་དོན་གཞན་དུ་ཡང་གང་ཟག་ངོས་འཛིན་རྒྱུ་མེད། མདོར་ན་གང་ཟག་ཅེས་པ་དེ་ཁམས་དྲུག་འདུས་པ་ལ་བརྟེན་ནས་བཏགས་པ་དང་། དེ་བཞིན་ཕུང་པོ་ཡང་ཆ་ཤས་སོ་སོར་ཕྱེ་ཚེ། ཤེས་པ་ཡིན་ན་རྒྱུན་གྱི་ཆ་དང་། གཟུགས་ཅན་ཡིན་ན་ཕྱོགས་ཀྱི་ཆ་ཡོད་སྟབས། འདི་ལྟར་བཏགས་དོན་འཚོལ་སྐབས་གང་ཡང་རྙེད་རྒྱུ་མེད། རྙེད་རྒྱུ་མེད་པས་སྟོང་ཉིད་ཡིན་པ་མི་བརྗོད་པར། གང་ཞིག་མེད་པ་རེད་དམ་ཞེ་ན། བརྟེན་ནས་གྲུབ་པ་ཞིག་ལས། ལྟོས་མེད་རང་དབང་གིས་གྲུབ་པ་ཞིག་མེད་ཅེས་བརྗོད་པ་དང་། རང་བཞིན་གྱིས་སྟོང་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་པའི་ཚིག་དེ་ཉིད་ཀྱིས་གང་ཡང་མེད་ཅེས་མི་བརྗོད་པར་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད་གསུངས་ཡོད། དེས་རང་ངོས་ནས་མ་གྲུབ་པར་རྐྱེན་གྱི་དབང་གིས་བཏགས་པའི་སྒོ་ནས་ཡོད་པ་སྟེ། བཏགས་ཡོད་མིང་རྐྱང་ཙམ་ཞེས་པ་དེའི་ཐོག་ཏུ་སླེབས་ཡོང་གི་ཡོད།

འདི་ལྟར་གསུངས་དགོས་དོན་ནི། སྟོང་ཉིད་ཀྱི་ཁ་གཏད་གཅོག་ཡུལ་གཙོ་བོ་ནི་མ་རིག་པ་ཡིན་ལ། མ་རིག་པས་ཆོས་གང་ཞིག་ཡིན་ནའང་དོན་གྱིས་ཡོད་པར་སྣང་བཞིན་ཡོད། དེ་ལྟར་སྣང་བ་ལྟར་དུ་ཞེན་ནས་ཞེན་པ་དེས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེས། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་ཆགས་སྡང་སྐྱེ་བཞིན་ཡོད། དེང་རབས་ཚན་རིག་པས་ཀྱང་འདི་ལྟར་བརྗོད་བཞིན་འདུག །ངོས་ཀྱི་ངོ་ཤེས་ཚན་རིག་པ་སྤོ་བོ་ཨེ་རོན་འབེག་ཞུ་བ་ཞིག་ཡོད། ཁོང་ད་ལྟ་དགུང་ལོ་ ༩༦-༩༧ ཙམ་ཞིག་ལ་སླེབས་ཡོད། ཁོང་ལོ་བཅུ་ཙམ་གོང་ནས་ཐེངས་གཅིག་ཐུག་འཕྲད་བྱུང་ཞིང་། ཁོང་གིས་གསུང་ཚུལ་དེར་ངོས་རང་ཡིད་དབང་འཕྲོག་པ་ཞིག་བྱུང་། ཉེ་འཆར་ངོས་རང་ཨ་རིར་བསྐྱོད་སྐབས་ཆེད་མངགས་ཁོང་ཐུག་འཕྲད་དུ་ཕྱིན་པ་ཡིན། ཁོང་གིས་གསུངས་པ་ལ། ཞེ་སྡང་སྐྱེ་སྐབས་ཞེ་སྡང་སྐྱེ་སའི་ཡུལ་དེ་ཆེས་མི་སྡུག་པ་ཞིག་ཏུ་སྣང་བཞིན་ཡོད་ལ། མི་སྡུག་པའི་ཆ་བརྒྱ་ཆ་དགུ་བཅུ་ཞེ་སྡང་སྐྱེ་མཁན་རང་ཉིད་ཀྱིས་རྣམ་རྟོག་གིས་སྒྲོ་བཏགས་པ་ལས་དངོས་ཡོད་གནས་ཚུལ་མིན་ཞེས་བརྗོད་ཀྱི་འདུག །དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[10]།

ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །

དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །

ཞེས་གསུངས་པ་གཅིག་མཚུངས་ཆགས་ཡོད། དེ་བཞིན་ཉེ་ཆར་མཇལ་སྐབས་ངོས་ནས་ཁོང་ལ་འདོད་ཆགས་ཐད་ཇི་ལྟར་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། འདོད་ཆགས་མེད་ན་འགྲོ་བ་མི་གྲུབ་ཐབས་མེད་ཚུལ་སོགས་སྤྱིར་བཏང་ཞིག་གསུང་གི་འདུག །དེ་ལ་ཁྱད་པར་གང་ཡང་མི་འདུག །ངོས་ནས་རྩོད་པ་ལྟ་བུ་གང་ཡང་ཞུས་མེད། མདོར་ན་ཞེ་སྡང་གིས་སེམས་དཀྲུག་གི་ཡོད་པ་ཡོངས་གྲགས་ངོས་འཛིན་བྱེད་པར་བརྟེན། ཞེ་སྡང་སྐྱེ་སྟངས་ལ་དཔྱད་པ་བྱེད་སྐབས་བརྒྱ་ཆ་དགུ་བཅུ་རྣམ་རྟོག་གིས་སྒྲོ་བཏགས་ནས་ཡོང་ཚུལ་གསུངས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་དེར་རྒྱབ་རྟེན་ཧ་ཅང་ཡག་པོ་ཞིག་རག་པ་རེད། དེ་ཡང་། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་བཞི་པ་ལས[11]།

རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །

དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །

གང་ཕྱིར་བརྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །

དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །

ཞེས་པའི་ཚིགས་སུ་བཅད་པ་འདི་དག་ཁོ་ནར་བསམ་བློ་བཏང་ནའང་། ཤེར་ཕྱིན་གཞུང་གི་དབུ་ཞབས་ཚང་མར་གོ་བ་འདི་འཁྱེར་ནས་བལྟས་ན་གོ་བ་བདེ་བླག་ཏུ་རྙེད་ཐུབ་པ་ཞིག་ཡིན། འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་འབྱུང་གི་རིག་པ་རྩལ་དུ་བཏོན་ནས་བདེན་མེད་སྒྲུབ་ཡོང་གི་ཡོད་པས།

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

མགོན་པོ་ཀླུ་སྒྲུབ་ཀྱིས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་མཛད་ཡོད་ལ། གཙོ་བོ་གསང་བ་འདུས་པའི་སྐོར་ལ་མང་དུ་མཛད་ཡོད། དེ་ལྟར་མགོན་པོ་ཀླུ་སྒྲུབ་ནི་ཧ་ཅང་མཁས་པ་ཆེན་པོ་ཞིག་རེད་འདུག །དེ་ཡང་གསོ་བ་རིག་པའི་ཐོག་ལ་ཧ་ཅང་མཁས་པ་ཞིག་ཡིན་པར་མ་ཟད། རྫས་སྦྱོར་རིག་པ་ལའང་མཆོག་ཏུ་མཁས་པ་སོགས་ཧ་ལས་པ་ཞིག་རེད་འདུག །འདི་ལྟར་ཡིན་དགོས་པ་ཞིག་ཀྱང་ཆགས་ཡོད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕུལ་དུ་ཕྱིན་པར་མ་ཟད། རྩོད་པའི་ཁྱུ་མཆོག་ཅིག་ཡིན་ལ། གནས་ལྔ་རིག་པ་ཆེ་ཆུང་ཚང་མར་ཧ་ཅང་མཁས་པ་ཞིག་ཀྱང་རེད་འདུག །ཁོང་གི་ཐུགས་སྲས་གཙོ་བོ་ནི།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

སློབ་དཔོན་འཕགས་པ་ལྷས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་མཛད་ཡོད་ལ། དབུ་མ་ཡོངས་སམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཀུན་གྱིས་འཕགས་པ་ཡབ་སྲས་གཉིས་གཙུག་ཏུ་བཀུར་བཞིན་ཡོད། ཁོང་གིས་མཛད་པའི་དབུ་མའི་གཞུང་མི་འདྲ་བ་འགའ་ཞིག་ཡོད་ལ། གཙོ་བོ་ནི་དབུ་མ་བཞི་བརྒྱ་པ་ཡིན་ཅིང་། གཞན་ཡང་སྔགས་ཀྱི་སྐོར་ལ་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མེ་མཛད་ཡོད། དབུ་མ་བཞི་བརྒྱ་པ་དང་། བཞི་བརྒྱ་པའི་འགྲེལ་པ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་འབྲེལ་ནས་བལྟས་ན་དངོས་གནས་དྲང་གནས་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་ལ་ཡོད་པའི་གྲུབ་མཐའ་གཙོ་ཆེ་བ་ཚང་མར་ཞིབ་ཏུ་དཔྱད་ནས་གསུངས་པ་ཞིག་དང་། དབུ་མ་བཞི་བརྒྱ་པ་དེ་ཉིད་དབུ་མ་རྩ་བ་ཤེས་རབ་ཀྱི་ཞལ་སྐོང་གི་ཚུལ་དུ་མཛད་པ་ཞིག་ཡིན་པས་ན། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཀྱིས་འཐུས་པ་གནང་སྟེ་དབུ་མ་བཞི་བརྒྱ་པར་མཆོད་བརྗོད་མཛད་མེད། རྩ་བ་ཤེས་རབ་ནི་རང་ལུགས་བཞག་པ་གཙོ་བོར་གནང་ནས་གསུངས་པ་ཞིག་དང་། དེའི་སྐབས་སོ་སོར་རྩོད་པ་སྤོང་བ་ཡོང་ངེས་ཡིན། གཞན་ལུགས་འགག་པ་གཙོ་འདོན་གནང་སྟེ་གསུངས་པ་ནི། དབུ་མ་བཞི་བརྒྱ་པ་ཆགས་ཡོད། དེས་ན་རྩ་བ་ཤེས་རབ་དང་དབུ་མ་བཞི་བརྒྱ་པ་རྣམ་གཉིས་འབྲེལ་ནས་ལྟ་ཀློག་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ།

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

 

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

རྟེན་འབྱུང་གི་དེ་ཁོ་ཉིད་ཅེས་པ་དེ་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་གཞུང་བུདྡྷ་པཱ་ལི་ཏའི་ནང་གསལ་ཞིང་། བུདྡྷ་པཱ་ལ་ཏའི་གཞུང་འདི་ཉུང་ངུ་ཞིག་ལས་མེད་ཀྱང་ཧ་ལས་པ་ཞིག་རེད་འདུག །མཐའ་དཔྱོད་གཙོ་བོར་མི་གནང་བར་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་གཙོ་བོར་གནང་ནས་གསུངས་པ་ཞིག་དང་། ལྷག་པར་དཀའ་གནད་རྣམས་ཀྱང་གཞུང་གི་ཚིག་སྦྱོར་ཁོ་ནའི་ཐོག་ནས་གོ་ཐུབ་པ་ཞིག་མཛད་ཡོད།

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །

བདེན་པར་གྲུབ་པའི་སྐྱེ་བ་ལ་སོགས་པ་བཀག་ཅིང་། ཐ་སྙད་དུ་ཡུལ་སྟེང་ནས་རང་མཚན་ཡོད་པ་ཞལ་གྱིས་བཞེས་པ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱིས་མཛད་པའི་རྟོག་གེ་འབར་བ་ལས[12]། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ།

དཔེར་ན་ཡན་ལག་ཚོགས་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །

དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །

ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མཚན་གཞིའི་ཡིད་ཀྱི་རྣམ་ཤེས་འཇོག་པར་བརྟེན། ཆོས་གང་ཞིག་ཡིན་ནའང་བཏགས་དོན་བཙལ་ན་དོན་གྱི་ངོས་ནས་ཡོད་དགོས་པ་གཞིར་བཞག་གནང་གི་ཡོད། རང་མཚན་ཞལ་གྱིས་བཞེས་པས་ན། རང་མཚན་སྣང་བ་ལ་བལྟོས་ཏེ་མི་བསླུ་བའི་ཚད་མའི་རྣམ་གཞག་ཀྱང་རྣམ་རིག་པ་དང་མཐུན་པ་ཞིག་གསུངས་པས། ཆོས་ཅན་མཐུན་སྣང་གི་རྣམ་གཞག་གསུང་གི་ཡོད། དེས་ན་བདེན་པའི་སྐྱེ་བ་དང་དགག་པ། རྒྱུ་དང་ངོ་བོ་འབྲས་བུ་བཅས་མེད་ཅེས་བཀག་ཅིང་། ཐ་སྙད་དུ་དོན་གྱི་ངོས་ནས་རང་མཚན་ཞིག་ཡོད་པར་གསུངས་པས་ན་ཚད་མ་མཐུན་སྣང་བཞེད་ལ། སློབ་དཔོན་ཞི་འཚོ་དང་མི་འདྲ་བ་ནི།  སྐབས་འདིར་ཕྱི་དོན་བཞེད་པ་ཡིན། དཔལ་ས་སྐྱ་པའི་མཁས་པ་རྣམས་ཀྱིས་རང་རྒྱུད་འོག་མ་ཞེས་གསུངས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱི་དོན་མདོ་སྡེ་པས་འདོད་པ་ལྟར་ཞལ་གྱིས་མི་བཞེད་སྟབས། མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་པར་བརྟེན་རང་རྒྱུད་འོག་མ་ཞེས་གསུངས་ཡོད།

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཟུར་དུ་མཛད་པའི་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་བཅས་ཧ་ལས་པ་ཞིག་ཡོད།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང་། རང་རྐང་དུ་ལྗགས་རྩོམ་མཛད་པ་དབུ་མ་འཇུག་པ་རྩ་འགྲེལ་གཉིས་བཅས་ནི་ཧ་ལས་པ་ཞིག་རེད་འདུག །མདོར་ན། བུདྡྷ་པཱ་ལི་ཏ་དང་། འགྲེལ་པ་ཤེས་རབ་སྒྲོན་མེ། ཚིག་གསལ་བཅས་གསུམ་སྦྲགས་ཀྱིས་བལྟས་ཚེ་དབུ་མ་པའི་ནང་གསེས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པའི་ཁྱད་པར་དང་། ཆོས་ཅན་མཐུན་སྣང་བ་ཡོད་མེད། དགག་བྱ་དབང་ཤེས་ལ་སྣང་མིན་སོགས་གསལ་པོར་ཐོན་པ་ཞིག་ཡོད། ཚིག་གསལ་ལྟ་བུ་གཞུང་གཅིག་ཁོ་ན་བལྟས་ཚེ་ཕྱོགས་སྔ་བསླངས་ཡོད་པས། སློབ་དཔོན་ལེགས་ལྡན་གྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། དེ་བཞིན་རྟོག་གེ་འབར་བ་མི་ལྟ་ཐབས་མེད་ཡིན་པར་མ་ཟད། བུདྡྷ་པཱ་ཏ་ཡང་མི་ལྟ་ཐབས་མེད་པ་ཞིག་ཆགས་ཡོང་གི་ཡོད། གཞུང་ལུགས་དེ་དག་འབྲེལ་ནས་ལྟ་སྐབས་དབུ་མ་པ་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པའི་ཁྱད་པར་རྣམས་གསལ་བརྗེན་དུ་ཐོན་ཐུབ་པ་ཞིག་ཡོད། གཞུང་དེ་དག་ལ་མ་བལྟས་ན་ཤེས་ཐབས་མེད། དབུ་མ་འཇུག་པ་རྩ་འགྲེལ་ཁོ་ན་བལྟས་ནས་ཕྱིན་ན་ཕལ་ཆེར་དེ་དག་ཤེས་རྒྱུ་ཁག་པོ་ཡིན། དེས་ན་གཞུང་ལུགས་དེ་དག་སྦྲགས་ནས་བལྟ་རྒྱུ་གལ་གནད་ཆེན་པོ་ཡིན།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

རྒྱལ་སྲས་ཞི་བ་ལྷས་ཐོག་མར་བསླབ་བཏུས་མཛད་ཅིང་། དེ་རྗེས་སྤྱོད་འཇུག་མཛད་ཡོད། དེ་ལྟར་བསླབ་སྤྱོད་གཉིས་སྦྲགས་ནས་བལྟས་ན་ཧ་ཅང་ཡག་པོ་ཡོད། བཀའ་གདམས་གཞུང་དྲུག་གི་ནང་དུ་བསླབ་སྤྱོད་གཉིས་ཡོད་པ་ལྟར་ཧ་ཅང་གལ་གནད་ཆེ་བས། བསམ་གྱིས་མི་ཁྱབ་པའི་གཞུང་དེ་དག་ཀྱང་ང་ཚོས་ལྟ་བཞིན་ཡོད་པར་མ་ཟད། བསླབ་སྤྱོད་གཉིས་ཀྱི་བཤད་ལུང་གི་རྒྱུན་ཡང་ཡོད་པས་ད་དུང་ཡང་ལྟ་ཀློག་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེ།

བཀའ་གདམས་གསར་རྙིང་གཉིས་ཀས་ལམ་རིམ་གཙོ་བོར་གནང་སྟེ་གསུང་གི་ཡོད། བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་ཞེས་གསུང་སྲོལ་ཡོད། དུས་ཕྱིས་ལམ་རིམ་མང་ཆེ་བ་བཀའ་གདམས་མན་ངག་པའི་ལུགས་ལྟར་གསུངས་པ་གཙོ་ཆེ་བས། དེས་གཞུང་གི་གོ་བ་མཐའ་རྒྱ་ཆོད་པ་ཤིན་ཏུ་དཀའ་བ་ཡིན། ཇོ་བོ་རྗེས་མངའ་རིས་མཐོ་ལྡིང་གཙུག་ལག་ཁང་དུ་ཕེབས་ཏེ་མངའ་རིས་ཆོས་རྒྱལ་གྱིས་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་གྱི་ཞུ་སྐུལ་གནང་སྐབས། གདམས་པ་ཟབ་ཟབ་པོ་རྒྱ་ཆེ་བ་མི་དགོས་པར་མདོར་བསྡུས་པ་ཞིག་གནང་རོགས་ཞེས་ཞུ་སྐུལ་མཛད་པ་ལྟར། མཛད་པ་པོས་ཀྱང་བོད་གངས་ཅན་གྱི་ལྗོངས་ལ་སློབ་དཔོན་ཞི་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ཆོས་གཞིར་བཞག་གིས་མདོར་བསྡུས་སུ་གསུངས་པ་ཞིག་ཡིན། དེས་ན་བཀའ་གདམས་གོང་མའི་གཞུང་ལུགས་ཕལ་མོ་ཆེ་མདོར་བསྡུས་སུ་གསུངས་པ་ཞིག་ཆགས་ཡོད། ཤ་ར་བའི་ལམ་རིམ་གྱི་ནང་དུ་ཐོག་མར་རིགས་ཀྱི་རྣམ་གཞག་གསུངས་ཤིང་། དེ་བཞིན་དྭགས་པོའི་ཐར་རྒྱན་དུའང་ཐོག་མར་རིགས་ཀྱི་རྣམ་གཞག་གསུངས་ཡོད། རིགས་ལས་སྤྲོས་ཏེ་རྒྱུད་བླ་མ་དང་། མངོན་རྟོགས་རྒྱན། མདོ་སྡེ་རྒྱན་སོགས་ལས་གསུངས་པའི་རིགས་ཀྱི་རྣམ་གཞག་དང་འབྲེལ་ནས་འཆད་པ་གནང་ཡོད། དེ་ལྟར་བཀའ་གདམས་གཞུང་པ་བའི་འགྲོ་སྟངས་ཅུང་ཟད་སླེབས་པ་ལྟ་བུ་ལས། དེ་མིན་ཕལ་མོ་ཆེ་མདོར་བསྡུས་སུ་གསུངས་པ་ཤ་སྟག་ཡིན།

རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས་ལ་ཆ་མཚོན་ན། བཀའ་གདམས་ལམ་རིམ་པའི་གཞུང་ལུགས་ལྟ་བུ་ཆགས་ཡོད་ཀྱང་། ལྷག་མཐོང་ཆེ་ཆུང་གི་ཐོག་ཏུ་སླེབས་སྐབས་གཞུང་གོང་འོག་བསྒྲིགས་ནས་གསུངས་པ་ཞིག་ཡིན་པས། དེ་དག་ཅུང་ཟད་རྒྱ་ཆེན་པོ་ཞིག་རེད་འདུག །དེས་ན་བཀའ་གདམས་ལམ་རིམ་པའི་འཁྲིད་ལུགས་དང་། བཀའ་གདམས་མན་ངག་པའི་འཁྲིད་ལུགས་གཉིས་མདོར་བསྡུས་སུ་གསུངས་པ་ཞིག་ཆགས་ཡོད།

དེང་སྐབས་ཆོས་ལ་དོགས་པ་ཡོད་པའི་གནས་དུས་ཤིག་ཡིན་ལ། ལྷག་པར་བར་ལམ་བོད་ནས་ཆོས་ལ་དགག་པ་བརྒྱབ་པའི་ཡིག་རིགས་འགའ་ཞིག་མཐོང་བྱུང་། ངོས་ནས་དེ་དག་ཡག་པོ་རེད་ཅེས་བརྗོད་ཀྱི་ཡོད། ཚང་མས་ཅི་མཛད་ལེགས་མཐོང་བྱས་ནས་མ་བསྡད་པར་སྐྱོན་མཐོང་བ་རྣམས་བརྗོད་བཞིན་ཡོད། དཔེར་ན། ཕྱིས་སུ་ཚ་བ་མདའ་སྨྱུག་གིས་བྲིས་པའི་དེབ་ལྟ་བུ་ཡག་པོ་འདུག །ང་རང་ཚོ་ཆོས་པ་རྣམས་ལ་འགུལ་བསྐྱོད་གཏོང་མཁན་ཞིག་མ་བྱུང་ན། ཡིན་ཤག་བྱས་ནས་སྡོད་བཞིན་ཡོད། འགུལ་བསྐྱོད་གཏོང་མཁན་ཞིག་བྱུང་ན་དེ་ལ་བསམ་བློ་གང་འདྲ་ཞིག་གཏོང་དགོས་མིན་དང་། ཇི་ལྟར་བྱེད་དགོས་མིན་སོགས་ལ་བསམ་བློ་ཞིག་སླེབས་ངེས་ཡིན། དེ་ཧ་ཅང་ཡག་པོ་རེད།

དེ་བཞིན་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དགག་པ་རྒྱག་མཁན་ཡོང་གི་འདུག་པ་ཡག་པོ་རེད། འོན་ཀྱང་ཆོས་ལ་དགག་པ་རྒྱག་པ་ལ་ནང་པ་སངས་རྒྱས་པའི་ཆོས་དངོས་དེ་གང་འདྲ་ཞིག་ཡོད་པ་དང་། བདེན་གཉིས་ཀྱིས་རྨང་གཞི་བསླངས་ཏེ་དེའི་ཐོག་ཏུ་རྒྱུ་འབྲས་རྟེན་འབྱུང་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རྣམ་གཞག་གི་སྟེང་ནས་བདེན་བཞིའི་རྣམ་གཞག་གསུངས་པའི་འགྲོ་ལུགས་རྣམས་ལེགས་པར་ཤེས་ན་སྐྱོན་འདོགས་བྱ་རྒྱུ་གང་ཡང་ལྷག་མེད། ང་ཚོའི་ཆོས་པ་ཤེས་ལ་མ་ཤེས་པ་དག་གིས་ཀུ་རེ་རྩེས་ནས་དགོན་པ་གྲྭ་ཚང་དང་། བླ་མ་རྣམས་བཤུ་གཞོག་གཏོང་མཁན་དང་། མི་ལ་མགོ་སྐོར་གཏོང་མཁན་ལྟ་བུ་ཞིག་ཏུ་མཐོང་ཉེན་ཡོད། སངས་རྒྱས་པའི་ཆོས་ལ་དགག་པ་བརྒྱབ་ན། དགག་པ་རྒྱག་ཡུལ་གྱི་ཕྱོགས་སྔའི་འདོད་པ་རྣམས་ལེགས་པར་ཤེས་དགོས་པ་ལས། དེ་མིན་ཕྱོགས་སྔའི་ནམ་མ་ལངས་གོང་ནས། དགག་པའི་ཉི་མ་ཤར་ཞེས་བརྗོད་སྲོལ་ཡོད་པ་ལྟ་བུར་བརྗིད་ཚད་དང་། རིན་ཐང་གང་ཡང་མེད།

ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ནི། རྨད་དུ་བྱུང་ཞིང་ཧ་ལས་པའི་གཞུང་ཞིག་ཡིན་ལ། ངོས་ནས་ཁུ་ནུ་བླ་མ་རིན་པོ་ཆེའི་དྲུང་ནས་སྤྱོད་འཇུག་གི་བཤད་ལུང་ཞུས་ཤིང་། ཁུ་ནུ་བླ་མ་རིན་པོ་ཆེས་གསུངས་པ་ལ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ནི། ལ་ལས་དུས་རབས་བདུན་པར་མཛད་པ་དང་། འགའ་ཞིག་གིས་དུས་རབས་བརྒྱད་པར་མཛད་ཚུལ་གསུང་གི་འདུག །འོན་ཀྱང་ངོས་ནས་དམིགས་བསལ་ཞིབ་འཇུག་ལྟ་བུ་གང་ཡང་བྱ་རྒྱུ་མ་བྱུང་། མདོར་ན་དུས་རབས་བརྒྱད་པ་ཡས་མས་ཙམ་ནས་ཧ་ལམ་ལོ་ངོ་སྟོང་ཕྲག་གཅིག་ཙམ་ཕྱིན་ཡོད་ལ། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་མཛད་ནས་དུས་ད་ལྟ་བར་དུ་བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་སྟོན་པའི་ལེགས་བཤད་ཀྱི་གཞུང་འདི་ལས་ལྷག་པ་ཞིག་སྔར་ཡང་མ་བྱུང་ཞིང་། མ་འོངས་པར་ཡོང་གི་མ་རེད་ཅེས་གསུངས་པ་ནི་དངོས་བདེན་རེད་འདུག

ང་རང་ཚོ་བདེན་འཛིན་མ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་རང་གཅེས་འཛིན་དེ་ནི་བདེན་འཛིན་དང་ལག་གདང་སྦྲེལ་ནས་བསྡད་ཡོད་པས། ཤེས་རབ་ཀྱི་ཕྱོགས་ནས་བདག་མེད་རྟོགས་པའི་ཤེས་རབ་བམ། རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་སྟེ། ཐོས་བྱུང་གི་གོ་བ་དང་། བསམ་བྱུང་གི་གོ་བ་བཅས་བྱུང་ན་ཨང་ཀི་དང་པོ་ཡིན། དེ་ལྟ་བུའི་ཐོག་ནས་བདེན་འཛིན་ལ་ཁ་གཏད་གཅོག་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བདག་གཞན་མཉམ་བརྗེའི་བློ་སྦྱངས་ནས་རང་གཅེས་འཛིན་ལ་སྒོ་དུ་མ་ནས་རྩོད་དེ་རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པ་ཞིག་བཟོ་དགོས། རང་གཅེས་འཛིན་དང་བདེན་འཛིན་གཉིས་ལ་ཁ་གཏད་གདོང་ལེན་ཤུགས་ཆེ་ཞིག་ལངས་སྐབས་རང་གཅེས་འཛིན་དང་བདེན་འཛིན་གཉིས་པོ་རང་ཤུགས་ལ་ངོ་གནོང་ནས་སྡོད་དགོས་པ་ཞིག་ཡོད། སེམས་ལ་འགྱུར་བ་འདི་ལྟར་དུ་ཐེབས་དགོས་པས་ན། མགོན་པོ་ཞི་བ་ལྷ་ནི་བསམ་གྱིས་མི་ཁྱབ་པ་ཞིག་དང་། དངོས་གནས་ཧ་ཅང་བཀའ་དྲིན་ཅན་ཞིག་རེད་འདུག

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

རང་རྒྱུད་གོང་མ་ཞེས་གསུངས་པ་ནི། མཁན་ཆེན་ཞི་བ་འཚོ་ཡིན་ལ། མཁན་ཆེན་ཞི་འཚོས་རྣམ་རིག་པའི་ལྟ་བ་སྟེ་ཆོས་ཀྱི་བདག་མེད་རགས་པ་ཞལ་གྱིས་བཞེས་ཤིང་། རང་ལུགས་ལ་ཆོས་ཐམས་ཅད་བདེན་པས་སྟོང་པའི་དབུ་མའི་ལྟ་གྲུབ་བཞེད་པ་ཡིན། ཁོང་ཚད་མའི་གཞུང་ལ་ཧ་ཅང་མཁས་པ་ཞིག་ཀྱང་ཡིན། ཚད་ཆེན་གྱི་གཞུང་དེ་ཧ་ལས་པ་ཞིག་རེད་འདུག །མའེ་སོར་གཞིས་ཀེམ་བཞི་པའི་རྣམ་གྲོལ་གླིང་དུ་བཤད་གྲྭ་ཡག་པོ་ཡོད་ཅིང་། ཁོང་ཚོར་ངོས་ནས་བསམ་འཆར་ཞིག་ཞུས་པ་ཡིན། ཁྱེད་རང་ཚོས་གཞུང་ཆེན་ཁག་ལ་ལོ་དགུ་ཙམ་རིང་སློབ་གཉེར་བྱེད་བཞིན་ཡོད་པའི་ཐོག་ཏུ་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་ལ་སློབ་གཉེར་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད། འོན་ཀྱང་ཁྱེད་རང་ཚོས་དགོངས་པ་བཞེས་དགོས་ཞེས་བརྗོད་པ་ཡིན། རྗེས་སུ་ཁོང་རྣམ་པ་གོ་བསྡུས་བྱས་ནས་ཚང་མས་དེ་རང་སློབ་གཉེར་བྱེད་ཀྱི་ཡིན་ཞེས་བརྗོད་པ་ལྟར། ཚད་ཆེན་སློབ་གཉེར་བྱ་རྒྱུ་ཞིག་ཆགས་ཡོད། དགེ་ལུགས་པའི་དགོན་པའི་ནང་མཁས་པ་བྱེ་བྲག་པས་གཟིགས་པ་ལས། དམིགས་བསལ་ཚད་ཆེན་ལ་སློབ་གཉེར་བྱེད་སྲོལ་མེད། མཁན་ཆེན་ཞི་བ་འཚོ་དང་སྔ་འགྱུར་རྙིང་མའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཡིན། དེང་སྐབས་ལོ་དགུའི་སློབ་གཉེར་གྱི་ཐོག་ཏུ་ཚད་ཆེན་ལོ་གསུམ་སློབ་གཉེར་བྱ་རྒྱུ་བསྣན་ནས་ལོ་ངོ་བཅུ་གཉིས་བཟོས་ཡོད་པ་ཡག་པོ་འདུག །

ཁོང་རང་ཉིད་ཀྱིས་སེམས་ཙམ་པའི་ལྟ་བ་དང་མཐུན་པའི་ཕྱི་དོན་ཞལ་གྱིས་མི་བཞེས་ཤིང་། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱི་ཐོག་ཏུ་དབུ་མའི་ལྟ་བ་གསུངས་པ་དང་། བྱེ་བྲག་ཏུ་ཁོང་གི་མཛད་པ་གཅིག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་བ་ལྟར་བོད་དུ་ཕེབས་པ་དང་། དེ་ཡང་ཁྲི་སྲོང་ལྡེའུ་བཙན་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་གོང་མའི་སྲས་མོ་དང་གཉེན་འབྲེལ་གནང་བ་སོགས་འབྲེལ་བ་ཤུགས་ཆེ་ཡོད་ལ། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ལས་ཇོ་བོ་མི་བསྐྱོད་རྡོ་རྗེ་བལ་ཡུལ་ནས་བལ་བཟས་གདན་ཞུ་གནང་བ་དང་། ཇོ་བོ་ཤཱཀྱ་མུ་ནེ་རྒྱ་བཟས་རྒྱ་ནག་ནས་གདན་ཞུ་གནང་སྟེ། དེ་གཉིས་བཞུགས་ཡུལ་སླད་གཙུག་ལག་ཁང་རྣམ་གཉིས་བཞེངས་པ་སྟེ། རྒྱ་བཟས་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་དང་། བལ་བཟས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ནས་རྟེན་གཙོར་བཞུགས་སུ་གསོལ་བ་སོགས་འབྲེལ་བ་ཤུགས་ཆེ་ཡོད། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་པའི་ཆོས་དེ་ཁུངས་བཙན་ཞིག་དགོས་པས་ན། རྒྱ་གར་རང་ལ་ཁུངས་གཏུགས་པ་གནང་ཡོད། དེ་ལྟར་ཁུངས་གཏུག་སྐབས་དེའི་ཚེ་དེའི་དུས་སུ་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ལྟ་བུ་གཅིག་ནི་མཁན་ཆེན་ཞི་བ་འཚོ་ཆགས་ཡོད་པས་ཁོང་ཉིད་བོད་དུ་གདན་ཞུ་གནང་བ་དང་། དེ་རྗེས་སློབ་དཔོན་རིན་པོ་ཆེ་གདན་ཞུ་གནང་སྟེ། སློབ་དཔོན་རིན་པོ་ཆེས་མི་དང་མི་མིན་གྱི་འགལ་རྐྱེན་སེལ་རྒྱུའི་ཐུགས་འགན་གཙོ་བོར་བཞེས་པ་དང་། གཞན་ཡང་ཆོས་རྒྱལ་སོགས་རྗེ་འབངས་ཉུང་ཤས་ཤིག་ལ་རྫོགས་ཆེན་སོགས་གསང་སྔགས་ཀྱི་ཆོས་འཁོར་གསུངས།

བསྟན་པ་སྤྱིའི་སྡོམ་པ་འབོགས་ཆོག་དང་། གཞུང་ཆེན་སློབ་ཁྲིད། བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་སོགས་ཕལ་མོ་ཆེ་མཁན་ཆེན་ཞི་བ་འཚོས་ཐུགས་འགན་བཞེས་པ་གནང་ཡོད། དེས་ན་མཁན་ཆེན་ཞི་བ་འཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །མཁན་ཆེན་ཞི་འཚོ་རང་ཉིད་ནཱ་ལེནྡྲར་སློབ་གཉེར་གནང་ནས་མཁས་པ་ཆགས་པ་ཞིག་ཡིན་སྟབས། ཁོང་གི་བོད་དུ་སངས་རྒྱས་པའི་ཆོས་སྤེལ་སྟངས་དེ་ཡང་ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་བཙུགས་པ་གནང་ཡོད། དེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དུས་ད་ལྟ་བར་འཛམ་གླིང་འདིའི་ཐོག་ནང་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་སྟེ་མགྲིན་པ་གཟེངས་སུ་བཏེགས་ནས་འགྲོ་རྒྱུ་ཡོད་པ་འདི་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ཆགས་ཡོད། ཁོང་གིས་མཛད་པའི་བསྟན་བཅོས་དབུ་མ་རྒྱན་དང་། རང་འགྲེལ་མདོར་བསྡུས་ཤིག་སྟེ་དབུ་མ་རྒྱན་རྩ་འགྲེལ་གཉིས་དང་། ཚད་ཆེན་བཅས་ཧ་ལས་པ་ཞིག་ཡོད།

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན་ཅིང་། ཁོང་གིས་དབུ་མ་སྣང་བ་མཛད་ཡོད་ལ། དེ་བཞིན་ཚད་ཆེན་གྱི་འགྲེལ་པ་པོད་གཉིས་ཡོད་པ་ནི་ཧ་ལས་པ་ཞིག་འདུག །ཚད་ཆེན་གྱི་དབུར། རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་ལ་བརྟེན་ནས་མངོན་མཐོ་སྒྲུབ་པ་དང་། བརྟེན་ནས་འབྱུང་བའི་ལྟ་བ་ལ་བརྟེན་ནས་ངེས་ལེགས་སྒྲུབ་པ་བཅས་ཧ་ཅང་གསལ་པོ་ཞིག་གསུངས་འདུག་པ་དེས་ངོས་རང་གི་སེམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་། བསྡོམས་ཆེན་པོ་ཞིག་བསྐྱོན་འདུག་སྙམ་པ་ཞིག་ཀྱང་བྱུང་།

ཁོང་བོད་དུ་ཕེབས་ཏེ་རྒྱའི་ཧྭ་ཤང་ནས་རྩོད་པ་མཛད་ཡོད། རྒྱའི་ཧྭ་ཤང་ཚང་མ་ནོར་འཁྲུལ་ཡོད་པ་རེད་མི་འདུག་ཅིང་། དེ་ཡང་མཁན་ཆེན་ཞི་བ་འཚོ་རང་ཉིད་བཞུགས་སྐབས་བསམ་ཡས་སུ་རྒྱའི་ཧྭ་ཤང་བཞུགས་ཡུལ་མི་གཡོ་བསམ་གཏན་གླིང་ཞེས་བསྟི་གནས་ཟུར་བཙུགས་གནང་སྟེ། ཏིང་ངེ་འཛིན་གྱི་ཉམས་ལེན་གཙོ་བོར་གནང་བས་ན། མི་གཡོ་བསམ་གཏན་གླིང་ཞེས་མིང་བཏགས་འདུག །དེ་བཞིན་སྒྲ་སྒྱུར་ལོ་པཎ་གླིང་དང་། རྣམ་དག་ཚུལ་ཁྲིམས་གླིང་། བདུད་འདུལ་སྔགས་པ་གླིང་སོགས་ཡོད་པ་ལས། རྒྱ་གར་ལ་སྔགས་པ་གནང་སྐབས་བྱ་བྲལ་ལ་ཕེབས་པ་ལས། སྔགས་པའི་དགོན་པ་ཟུར་དུ་ཡོད་བཟོ་མི་སྣང་། བོད་དུ་སློབ་དཔོན་ཐུགས་རྗེ་ཅན་གྱིས་དམིགས་བསལ་གྱི་རྗེས་འཇུག་སོགས་ལ་བརྟེན་ནས་བདུད་འདུལ་སྔགས་པ་གླིང་ཞེས་ཟུར་བཙུགས་གནང་འདུག །དེས་ན་རྒྱའི་ཧྭ་ཤང་ཡོངས་རྫོགས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་ཉམས་སུ་ལེན་མཁན་ཡིན་བཟོ་མི་སྣང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་དང་། མཁན་ཆེན་ཞི་བ་འཚོ་མྱ་ངན་ལས་འདས་རྗེས་རྒྱའི་ཧྭ་ཤང་གི་རིགས་གཅིག་གིས་རྟོག་པ་ཡིན་ཕྱིན་སྐྱོན་ཡོད་པའི་སྐད་ཆ་དེ་སླེབས་ཡོད། དེར་བརྟེན་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྩོད་པ་མཛད་ནས་སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུལ་མ་གནང་སྟེ་སྒོམ་རིམ་ཐོག་མཐའ་བར་གསུམ་ལྗགས་རྩོམ་མཛད་ཡོད། སྐབས་དེར་ཕྱོགས་སྔ་ཡོད་པའི་ཐོག་ནས་དགག་བཞག་སྤོང་གསུམ་གནང་བར་བརྟེན། སྒོམ་རིམ་ཐོག་མཐའ་བར་གསུམ་རྣམས་གཞུང་ཉུང་ངུ་ལས་མེད་ཀྱང་ཧ་ཅང་ཆ་ལག་ཚང་པོ་ཞིག་ཡོད། ཇོ་བོས་མཛད་པའི་བྱང་ཆུབ་ལམ་སྒྲོན་ལྟ་བུ་ནི། དེ་ལྟའི་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་མེད་པས་བརྟེན་སྟབས་བདེ་ཡིན།

སྐབས་དེའི་ཆོས་རྒྱལ་ནི་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་པའི་ཆོས་རྒྱལ་ཞིག་ཡིན་ནའང་། ཇོ་བོ་རྗེ་གདན་ཞུ་གནང་མཁན་གྱི་མངའ་རིས་ཆོས་རྒྱལ་ནི། སྐབས་དེར་བོད་སིལ་བུར་གྱུར་ཟིན་པ་སྟེ། ཞེ་ས་མ་ཞུས་ན་ཉམ་ཐག་པོ་ཆགས་ཟིན་པའི་རྗེས་ཀྱི་ཆོས་རྒྱལ་ཆུང་ཆུང་ཞིག་ཆགས་ཡོད། རྒྱ་གར་དུའང་ཀུ་ལུ་རྒྱལ་པོ་དང་། གར་ཞྭའི་རྒྱལ་པོ། ལ་དྭགས་རྒྱལ་པོ་དང་། ཟངས་དཀར་རྒྱལ་པོ་སོགས་རྒྱལ་པོ་ཆུང་ངུ་མང་དུ་ཡོད་པ་ལྟར་ཡིན། བོད་སིལ་བུར་གྱུར་རྗེས་ལུང་ཚན་སོ་སོར་བླ་ཆེན་དཔོན་ཆེན་སོ་སོས་དབང་བསྒྱུར་བྱས་པ་ལྟ་བུ་ཆགས་ཡོད། སྐབས་དེ་དུས་བཟོ་ལྟ་ཤོར་ཟིན་པ་རེད། ངོས་ནས་ནམ་རྒྱུན་བརྗོད་བཞིན་པ་ནི། བོད་ཀྱི་ཆབ་སྲིད་ཀྱི་འཐུས་ཤོར་དང་པོ་ནི། བོད་སིལ་བུར་གྱུར་པ་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་བརྗོད་ཀྱི་ཡོད། བོད་སིལ་བུར་གྱུར་ནས་ད་བར་མདོ་སྟོད་དང་། དབུས་གཙང་སྟོད་དང་བཅས་པ་གོང་བུ་གཅིག་སྒྲིལ་བྱུང་བ་ནི། བོད་ཀྱི་སྐད་ཡིག་དང་ནང་པ་སངས་རྒྱས་པའི་ཆོས་གཉིས་ཆགས་ཡོད། ཆབ་སྲིད་ཀྱི་འཕོ་འགྱུར་གང་ཞིག་ཕྱིན་ཀྱང་། བོད་ཅེས་ད་བར་གནས་པ་ནི། སངས་རྒྱས་པའི་ཆོས་དང་། བོད་ལ་སྐད་ཡིག་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་འདི་དག་གིས་འཛིན་པ་ཞིག་ཆགས་ཡོད། བོད་དང་ས་འབྲེལ་དུ་གྱུར་པའི་ཧི་མ་ལ་ཡའི་རི་རྒྱུད་རྣམས་ལའང་ཁྱབ་ཡོད།

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །

ཁོང་གིས་ལྟ་བའི་སྐོར་ལ་བཀའ་བབས་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་ལ་ལུང་གིས་ཟིན་པ་ཞིག་ཡིན་པས་ན།

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

དེ་ནས་ཐོགས་མེད་ཀྱི་སྐུ་མཆེད་བྲམ་ཟེའི་རིགས་ལས་སྐུ་འཁྲུངས་པ་དབྱིག་གཉེན་ནི།

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །

དེ་ཡང་མངོན་པ་མཛོད་དང་། ཉི་ཤུ་པ་དང་སུམ་ཅུ་པ་སོགས་ལས་གསུངས་པ་ལྟར། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་གསུང་གི་ཡོད།

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ནི། ཐོག་མའི་མཆོད་བརྗོད་ལས[13]།

ཚད་མར་འགྱུར་པ་འགྲོ་ལ་ཕན་བཞེད་པ། །

སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །

ཞེས་དེ་ཉིད་ཧ་ཅང་རྫིག་པོ་ཞིག་ཡོད་ལ། བསྡོམས་ཆེན་པོ་ཞིག་ཀྱང་རེད་འདུག །བསྡོམས་ཆེན་པོ་དེ་ཉིད་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་གྱི་ཚད་མར་གྲུབ་པའི་ལེའུའི་ནང་དུ་འགྲེལ་པ་བསྐྱོན་སྐབས། བདེན་བཞིའི་རྣམ་གཞག་སོགས་རིགས་པའི་ལམ་ནས་བཀྲལ་བ་སོགས་ཧ་ལས་པ་ཞིག་རེད་འདུག །གཞན་ཡང་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་གཞུང་ཆེ་ཆུང་མང་དུ་མཛད་ཡོད། ཤེར་ཕྱིན་གྱི་གཞུང་མདོར་བསྡུས་ཤིག་ཀྱང་མཛད་ཡོད།

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

ཚད་མ་རྣམ་འགྲེལ་ཧ་ལས་པའི་གཞུང་བཟང་ཞིག་དང་། གཞུང་ཧ་ཅང་མཁྲེགས་པོ་ཞིག་ཡིན་པས་ཚད་མ་རྣམ་འགྲེལ་གྱི་ཚིག་འགྲེལ་ཞིག་རྒྱག་དགོས་བྱུང་ན་ཁག་པོ་ཡོད། འདི་ལོའི་ལོ་མཇུག་བཀྲ་ཤིས་ལྷུན་པོར་ཚད་མ་རྣམ་འགྲེལ་གྱི་བཤད་ལུང་བྱ་རྒྱུའི་འཆར་གཞི་ཞིག་ཡོད་ཀྱང་། ངོས་ནས་ཁུངས་ལེགས་པོ་ཞིག་འཁྱོལ་དཀའ་བས་བྱིན་རླབས་ཆེན་པོའི་ཐོག་ནས་བཤད་པ་ཐར་ཐོར་ཞིག་གི་ཐོག་ནས་ཕྱིན་ན་འགྲིག །སྔར་སོག་པོ་བློ་བཟང་གིས་བརྗོད་པ་ལ། དེང་སྐབས་ཚད་མ་རྣམ་འགྲེལ་མགོ་ནས་མཇུག་བར་ཚིག་འགྲེལ་ཆ་ཚང་ཐོན་མཁན་གཅིག་ཀྱང་མེད་ཅེས་བརྗོད་ཀྱི་འདུག །དེ་ལྟ་བུ་ཞིག་ཆགས་ཡོད།

ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །

འཕགས་པ་གྲོལ་སྡེ་གྱོང་པོ་འདུག །སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་དགོངས་པ་སེམས་ཙམ་པའི་ལྟ་བ་དང་མཐུན་པར་བཀྲལ་བ་གནང་ཡོད། དེ་མི་འགྲིགས་པར་གཟིགས་ནས། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས[14]།

འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །

ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །

འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །

དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །

དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས། །

བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས། །

ཞེས་ཁོང་གི་དགེ་རྒན་གྱི་ཤེར་ཕྱིན་གྱི་ལྟ་བ་དེ་སེམས་ཙམ་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ནས་དགེ་རྒན་གྱིས་གསུངས་པ་དེར་ཅི་མཛད་ལེགས་མཐོང་མ་གནང་བར། ཀླུ་སྒྲུབ་ཀྱི་དགོངས་པ་དང་མི་མཐུན་ཞིང་རིགས་པའི་གནོད་པ་ཡོད་པས་ན། དབུ་མའི་ལུགས་སུ་བཀྲལ་བ་རེད་ཅེས་གསུངས་པ་ནི་ཧ་ཅང་ཡག་པོ་འདུག །རྒྱ་གར་མཁས་པའི་རྣམ་དཔྱོད་འདི་ལྟར་རེད་འདུག །དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་ལས[15]།

རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །

དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །

ཅེས་གསུངས་པ་ལྟར། རྣམ་པ་དེ་ལྟའི་མདོ་སྡེ་ཞེས་པ་ནི། དབུ་མ་འཇུག་པའི་རང་འགྲེལ་གྱི་ནང་དུ་མདོ་སྡེ་འགའ་ཞིག་དྲངས་པ་ལས། དེའི་ཁོངས་སུ་མདོ་སྡེ་དགོངས་འགྲེལ་ཡང་དྲངས་པ་གནང་འདུག །དེས་ན་མདོ་སྡེ་དགོངས་འགྲེལ་དྲང་དོན་གྱི་མདོ་ཡིན་པ་ལས་ངེས་དོན་གྱི་མདོ་མིན་ཞེས་གསུངས་ཡོད། དེ་ལྟར་ནཱ་ལེནྡྲའི་མཁས་པ་རྣམས་ནི་དངོས་གནས་དྲང་གནས། མདོ་ལས[16]།

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །

ལེགས་པར་བརྟགས་ལ་ང་ཡི་བཀའ། །

ཞེས་གསུངས་པ་ཇི་བཞིན་ཉམས་ལེན་གནང་འདུག །དེ་ནི་ཧ་ཅང་གལ་གནད་ཆེ་ལ། དེང་སྐབས་དེ་བས་ཀྱང་ཤིན་ཏུ་གལ་འགངས་ཆེན་པོ་རེད་འདུག

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

ཞེས་པ་ནི། སྣང་བ་རྣམ་གཉིས་ཏེ། ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་རྒྱན་སྣང་དང་ཉི་སྣང་གཉིས་ཡིན་ལ། དེ་དག་གི་ནང་དོན་མདོར་བསྡུས་སུ་མཛད་པ་ནི་འགྲེལ་པ་དོན་གསལ་ཡིན།

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་བློ་འཛིན་བྱེད་མཁན་མང་པོ་འདུག །སྔ་ལོ་བལ་ཡུལ་ཀོ་པན་བཙུན་དགོན་ནས་བཙུན་མ་མང་པོ་ཞིག་མཇལ་བཅར་དུ་སླེབས་ཤིང་། བཙུན་མ་དེ་དག་གིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་བཞིན་ཡོད་སྟབས། ངོས་ནས་དབུ་མ་འཇུག་པ་དང་། མངོན་རྟོགས་རྒྱན་བློ་ཐོག་ཏུ་ཡོད་པ་ཇི་ཙམ་ཡོད་མེད་སྐད་ཆ་དྲིས་པར། བཙུན་མ་དེ་དག་ཚང་མས་བློ་འཛིན་བྱས་འདུག །འགྲེལ་པ་དོན་གསལ་བློ་འཛིན་བྱས་པ་ཡོད་མེད་དྲིས་པར། དེ་དག་གི་ཁྲོད་ནས་བཙུན་མ་ཉི་ཤུ་རྩ་ལྔ་ཙམ་གྱིས་བློ་འཛིན་བྱས་པ་ཡིན་ཞེས་བརྗོད་ཀྱི་འདུག །ངོས་རང་འགྲེལ་པ་དོན་གསལ་བློ་འཛིན་བྱེད་མྱོང་མེད་སྟབས། ཁྱེད་རང་ཚོ་ངོས་ལས་ལྷག་པ་རེད་ཅེས་བསྔགས་བརྗོད་བྱས་པ་ཡིན། འདི་རིགས་ཧ་ཅང་ཡག་པོ་འདུག

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་མཛད་ཡོད། ལྷག་པར་ང་ཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བའི་གཞུང་ལུགས་སློབ་གཉེར་བྱ་རྒྱུའི་གཞུང་གཙོ་བོ་ཡང་འདི་ཉིད་ཡིན།

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

 

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

ཇོ་བོ་རྗེ་བོད་དུ་ཕེབས་ནས་རྟོག་གེ་འབར་བའི་འཆད་ཉན་མང་དུ་གནང་བ་སོགས་གཞུང་ལུགས་ཆེན་པོ་རྣམས་འཆད་ཉན་གནང་བ་དང་། ལམ་སྒྲོན་སོགས་ཀྱི་གཞུང་ཡང་མང་དུ་མཛད་ཡོད།

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

གསོལ་བ་བཏབ་པ་གཅིག་པུས་བདག་རྒྱུད་སྨིན་ཅིང་གྲོལ་བའི་སྐད་ཆ་མིན་པར། པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ལ་སློབ་གཉེར་བྱེད་པ་དང་། བསམ་བློ་གཏོང་བ། དཔྱད་སྒོམ་བྱེད་པ་བཅས་བྱས་ན་སེམས་ལ་འགུལ་བསྐྱོད་ཐེབས་ཡོང་གི་ཡོད། བདག་རྒྱུད་སྨིན་ཅིང་གྲོལ་ལུགས་ནི། གསོལ་བ་བཏབ་པ་གཅིག་པུས་ཡོང་ཐབས་མེད་པར། གསོལ་བ་འདེབས་ཚུལ་ངོ་མ་ནི། དང་བའི་དད་པ་དང་། ཡིད་ཆེས་པའི་དད་པ། མངོན་འདོད་ཀྱི་དད་པ་སོགས་ཀྱིས་ཀུན་ནས་བསླངས་ཏེ་རང་ཉིད་ཀྱིས་སློབ་སྦྱོང་བྱས་ཏེ་རང་ཉིད་མཁས་པའི་དབང་པོ་དེ་དག་མཚུངས་པ་ཤིག་ཡོང་ཐབས་ནི། འབད་བརྩོན་བྱས་ནས་ཡོང་དགོས་པ་ཡིན། སྨིན་ཅིང་གྲོལ་ལུགས་ཇི་ལྟར་ཡིན་ཞེ་ན།

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།

སྤྱིར་བདེན་གཉིས་ཞེས་པའི་ཐ་སྙད་འདི་ཉིད་མུ་སྟེགས་པ་ལའང་ཡོད་ཅིང་། ཕལ་ཆེར་ཡེ་ཤུའི་ཆོས་དང་། འཇིག་རྟེན་བཀོད་པ་པོ་ཡོད་མཁན་དག་ལའང་ཡོད་པ་བརྗོད་ཐུབ། དཔེར་ན། ཁ་ཆེར་ཆ་མཚོན་ནའང་། ཨེ་ལ་དོན་དམ་བདེན་པ་དང་། ཨེ་ལ་ཡིས་བཀོད་པ་རྣམས་ཀུན་རྫོབ་བདེན་པ་རེད་ཅེས་ཕལ་ཆེར་བརྗོད་ཐུབ་ལ། བདེན་གཉིས་འདི་ལྟར་དུ་སྦྱར་ཆོག་པ་ཞིག་ཡིན། དེས་ན། གྲངས་ཅན་པ་ལྟ་བུར་ཆ་བཞག་ན། བདག་ཤེས་རིག་གི་སྐྱེས་བུ་དང་། སྤྱི་གཙོ་བོ་གཉིས་དོན་དམ་བདེན་པ་དང་། གཞན་ལྷག་མ་རྣམས་ཀུན་རྫོབ་བདེན་པ་རེད་ཅེས་བརྗོད་ཐུབ་པ་ཞིག་ཀྱང་ཡིན། དེས་ན་བདེན་གཉིས་ཀྱི་རྣམ་གཞག་མུ་སྟེགས་པས་ཀྱང་འདོད་ཅིང་། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་ཀས་བདེན་གཉིས་ཀྱི་རྣམ་གཞག་གསུང་གི་ཡོད། བདེན་གཉིས་ཀྱི་གོ་བ་ལེན་ཚུལ་ནི། བྱེ་བྲག་སྨྲ་བས་འདོད་པ་ནི་རིམ་པ་དང་པོ་དེ་ཡིན་ལ། མདོ་སྡེ་པས་དངོས་པོ་རང་མཚན་དོན་དམ་བདེན་པ་དོན་གཅིག་སོགས་ཅུང་ཟད་ཕྲ་རུ་ཕྱིན་པ་དང་། དེ་ནས་སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་ཞེས་གསུངས་པ་དང་། དེ་ནས་དབུ་མ་པས་ཆོས་ཐམས་ཅད་བདེན་སྟོང་ཞེས་གསུངས་པའི་ཐོག་ཏུ་སླེབས་བཞིན་ཡོད།

བདེན་པ་གཉིས་ཞེས་པ་ནི། གཞི་ལ་ཡོད་པ་ཞིག་ཡིན་པ་ལས། ང་ཚོའི་བློས་བཅོས་པ་ཞིག་མིན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཟོས་པ་ཞིག་ཀྱང་མིན། ལམ་གྱིས་གསར་དུ་བསྐྲུན་པ་ཞིག་མིན་པར། གཞི་ལ་སྣང་ཚུལ་དང་གནས་ཚུལ་གཉིས་ཡོད་མུས་ཤིག་ཡིན། དེང་གི་ཚན་རིག་པ་དག་གིས་བརྟག་དཔྱད་བྱེད་སྐབས་དེའི་དོན་གྱི་ཡིན་ལུགས་ལ་དཔྱོད་བཞིན་ཡོད།

བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །

བདེན་གཉིས་ཀྱི་ཐོག་ནས་གཙོ་བོ། རྟེན་འབྱུང་གི་དེ་ཁོ་ན་ཉིད་དམ་དོན་དམ་བདེན་པ་སྟེ་རྟེན་འབྱུང་ཕྲ་མོའི་གོ་བ་ཞིག་སླེབས་པ་དེ་ཉིད་གཞི་མར་བྱས་ཏེ་རྒྱུ་འབྲས་ཀྱི་རྣམ་གཞག་ཤིན་ཏུ་འཐད་པ་དེ་གོ་ཐུབ་པ་ཞིག་ཡིན། དེས་ན་རྒྱུ་འབྲས་རྟེན་འབྲེལ་གྱི་ཐོག་ནས་སྤྱིར་བདེན་བཞིའི་རྣམ་གཞག་དང་། ལྷག་པར་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རྣམ་གཞག་གི་ཐོག་ནས་ཉོན་མོངས་སྤོང་རུང་ཡིན་པ་དང་། དེའི་གཉེན་པོ་སྟོབས་ལྡན་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡིན་པ་སོགས་ཀྱི་ཐོག་ནས་བྲལ་བ་སྟེ་འགོག་བདེན་ཞེས་པ་དེ་ཡང་། དབུ་མ་རྩ་བ་ཤེས་རབ་ལས[17]།

སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །

ཞེས་ང་ཚོའི་དཔེ་ཆའི་ནང་ཡོད་པ་ནི་བྱེད་སྒྲ་སྦྱར་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་འགོག་གི་ཡོད་པར་གསུངས་ཡོད། ལེགས་སྦྱར་གྱི་གཞུང་ནང་། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་གོ་བ་གཉིས་པ་ཞིག་སླེབས་ཡོང་གི་ཡོད། འདི་ནི་ཧ་ཅང་ཡག་པོ་རེད་འདུག །དེ་ཡང་། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པའི་གོ་བ་ནི་ལམ་བདེན་ལ་སྦྱར་བ་དང་། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་པས་འགོག་བདེན་ལ་སྦྱར་བ་སྟེ། འགོག་བདེན་གྱི་ངོ་བོ་དེ་ཡང་། དྲི་མ་སྤངས་པའི་ཁྱད་པར་དང་ལྡན་པའི་སེམས་ཀྱི་ཆོས་ཉིད་དེ་རང་འགོག་བདེན་ཡིན། སྒྲུབ་བྱེད་དེ་ཡང་། སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་རིག་པའི་ལམ་བདེན་དེས་སྒྲུབ་ཡོང་གི་ཡོད།

གཞི་ཡི་གནས་ཚུལ་བདེན་པ་གཉིས་ཀྱི་དོན་ཤེས་པ་དེས་བདེན་བཞིའི་གོ་བ་རྣམས་ཀྱང་དཔྱིས་ཕྱིན་པ་ཤེས་པ་ཞིག་དང་། བདེན་བཞིའི་རྣམ་གཞག་གྲུབ་མཐའ་འོག་མས་གསུང་གི་ཡོད་ཀྱང་། དེ་ནི་གོ་བ་རགས་པའི་ཐོག་ནས་འགྲོ་བཞིན་ཡོད། ཕར་རིམ་བཞིན་དཔྱད་ན་དེ་ནི་གྲུབ་མཐའི་སྐྱོན་རེད་ཅེས་བརྗོད་དགོས་པ་ལྟ་བུ་ཆགས་ཡོད། དེས་ན་དབུ་མ་པའི་གཞུང་ནས་གསུངས་པའི་བདེན་གཉིས་ཀྱི་རྣམ་གཞག་ཡག་པོ་ཞིག་ཤེས་ན་བདེན་བཞིའི་རྣམ་གཞག་ཕྲ་བ་རྣམས་ཀྱང་དཔྱིས་ཕྱིན་པ་ཤེས་ཐུབ་པ་ཞིག་ཡོང་བ་ཡིན། དེའི་ཐོག་ནས་འགོག་བདེན་དང་ལམ་བདེན་ཞེས་པ་ཞིག་བློ་ངོར་སླེབས་སྐབས་དེ་ལྟ་བུའི་རྟོགས་པ་རྒྱུད་ལ་ཡོད་པ་དེ་འཕགས་པ་དགེ་འདུན་རེད་ཅེས་བློ་ངོར་འཆར་བ་ཞིག་ཡོད། དེ་ལྟ་བུའི་ལམ་གོམས་པ་མཐར་ཕྱིན་པའི་གནས་སྐབས་སུ་མི་སློབ་པའི་དགེ་འདུན་སླེབས་ཡོང་བ་ཡིན།

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

 

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །

ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་བཅས་ཡིན། ངེས་འབྱུང་ལ་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ལའང་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་བཞིན་ཡོད། བྱང་ཆུབ་དོན་གཉེར་ཞེས་པ་ནི། བྱང་ཆུབ་ངོ་མ་ཤེས་པར་བྱང་ཆུབ་དོན་གཉེར་ཡོང་ཐབས་མེད། བྱང་ཆུབ་ཚད་མས་ངེས་པ་ལ་སྟོང་ཉིད་ཤེས་དགོས་པ་ཡིན། སྟོང་ཉིད་ཀྱི་གོ་བ་མེད་ན་བྱང་ཆུབ་ཅེས་བརྗོད་ཀྱང་ཡིན་པ་རེད་སྙམ་པ་ལས་གཞན་དེ་ཙམ་བརྗོད་རྒྱུ་མེད། བྱང་དང་ཆུབ་ཅེས་པའི་ཡིག་འབྲུ་གཉིས་ཀྱི་གོ་བ་དེ་ཡང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཤེས་དགོས་པ་ཞིག་ཡིན།

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །

ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྟེ། འབྲས་བུའི་གནས་ཚུལ་ལམ་དང་འབྲེལ་ཞིང་། ལམ་གྱི་གནས་ཚུལ་གཞི་དང་འབྲེལ་བའི་གོ་བ་ཡག་པོ་ཞིག་ཆགས་ན། གསང་སྔགས་རྡོ་རྗེ་ཐེག་པའི་འབྲས་བུ་ལམ་བྱེད་ཅེས་གསུངས་པ་དེ་དག་ལའང་གོ་བ་ཞིག་སླེབས་པ་དང་། ལྷག་པར་ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་ཆོས་གཙོ་བོ་ནི། ང་རྒྱལ་དང་གསལ་སྣང་གི་ཐོག་ནས་སྒྲུབ་དགོས་ཤིང་། གསལ་སྣང་སྒོམ་པའི་རྟེན་ལྷ་སྐུ་སྒོམ་པ་དེ་ཉིད་ཡིན་ལ། ལྷ་སྐུ་དེ་ཡང་ངེས་པ་སྟོང་ཉིད་ལ་དྲངས་ནས་གཟུང་རྣམ་ལྷར་ཤར་བ་ཞིག་དགོས། དེ་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་བཟང་ནང་དོགས་དཔྱོད་གསལ་པོ་ཞིག་གནང་ཡོད།

དེ་མིན་སྔར་ཤྲི་ལངྒའི་དགེ་སློང་ཞིག་གིས་བོད་ཀྱི་གསང་སྔགས་ཀྱི་ཆོས་དེ་དག་ཡག་པོ་ཡོད། འོན་ཀྱང་དེ་དག་རྣམ་རྟོག་རྒྱ་བསྐྱེད་པ་ཙམ་ལས་ཕན་ཐོགས་ཆེ་བ་མེད་ཅེས་གསུངས་ཡོད། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་གནད་འགག་རྣམས་མཁྱེན་གྱི་མེད། དེ་ལྟའི་གནད་འགག་རྣམས་མཁྱེན་ན་གནས་ཚུལ་ཐ་དད་ཡིན། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་དེ་དག་མེད་པར་ལྷ་ཞི་ཁྲོ་མང་པོ་ཞིག་སྤྲོས་པ་དང་། ང་རང་ཚོ་མང་པོ་ཞིག་གིས་རྣམ་སྲས་དང་། ཛམ་བྷ་ལ་སོགས་ལ་ཧ་ཅང་དགའ་པོ་བྱེད་བཞིན་ཡོད། རབ་གནས་བྱེད་རོགས་ཞེས་སྐུ་བརྙན་མང་དུ་བསྐུར་བའི་ཁྲོད་ཛམ་བྷ་ལའི་སྐུ་བརྙན་མང་པོ་ཞིག་ཡོང་གི་འདུག་པ་ནི་དངུལ་ལ་དགའ་པོ་བྱེད་ཀྱི་ཡོད་པའི་རྟགས་ཡིན། ཛམ་བྷ་ལ་རང་མཚན་པ་ཞིག་ལ་བལྟས་པ་དང་། དངུལ་ཡང་རང་མཚན་པ་ཞིག་ལ་བལྟས་ནས་ཛམ་བྷ་ལ་བསྒྲུབས་ནས་བདེན་འཛིན་ལ་རོགས་རམ་བྱེད་པ་ལས་ཕན་ཐོགས་གང་ཡང་མེད།

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

 

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

 

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །

ལ་དྭགས་ཀྱི་དགོན་སྡེ་དང་། མོན་དང་འབྲས་ལྗོངས་ཀྱི་དགོན་སྡེ། འབྲུག་པའི་དགོན་སྡེ། དེ་བཞིན་གར་ཞྭ་དང་ཁུ་ནུའི་ཁུལ་གྱི་དགོན་སྡེ་རྣམས་ཚུད་པ་དང་། སངས་རྒྱས་པའི་ན་བཟའ་བཞེས་ཤིང་། བཀའ་འགྱུར་དང་བསྟན་འགྱུར་ནང་རྟེན་ལ་སྒྲིག་གཤོམ་བྱེད་མཁན་གྱི་དགོན་པ་ཡོངས་རྫོགས་ལ་ཡིན།

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །

དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

 

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །

འདིར་མཛད་བྱང་བཀོད་མི་འདུག །དེ་མིན་མཛད་བྱང་དེར་གསོལ་འདེབས་འདི་ཉིད་འབྲི་དགོས་པའི་རྒྱུ་མཚན་དང་འགྲེལ་བཤད་ཅུང་ཟད་བྲིས་ཡོད། དེང་གི་དུས་འདིར་ཚན་རིག་དང་དངོས་པོ་ཡར་རྒྱས་ཤུགས་ཆེར་ཕྱིན་ནས་རྣམ་གཡེང་གི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པའི་དབང་གིས་རྣམ་གཡེང་གི་འདུ་འཛིས་བསླད་པའི་སྐབས་འདིར་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཤིང་། ཤེས་ནས་དད་པ་ཐོབ་པ་ལ་པ་ལགས་དང་ཨ་མ་ལགས་ཀྱིས་བརྗོད་ཀྱི་འདུག །བླ་མ་འདི་དང་འདིས་གསུང་གི་འདུག་ཅེས་བརྗོད་པ་ལྟ་བུ་མིན་པར་དཔེ་ཆ་བལྟས་ཏེ། རང་ཉིད་ཀྱི་མྱོང་དང་བསྡུར་ནས་ཡོང་སྐབས་དངོས་གནས་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཆགས་ཡོད།

སྤྱིར་སངས་རྒྱས་པའི་ཆོས་ཀྱི་གདུལ་བྱ་ལ་འགྲེལ་པ་དོན་གསལ་གྱི་དབུར། དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་གསུངས་པ་ལས། དབང་རྟུལ་དད་པའི་རྗེས་འབྲང་ཇི་ཙམ་ཡོད་ཀྱང་དེ་ཙམ་གྱིས་ཕན་ཐོགས་མེད་པས། དབང་རྣོན་ཆོས་ཀྱི་རྗེས་འབྲང་དགོས་པ་ཡིན། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཡོང་བ་ལ་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་གྱི་ཐོག་ནས་དྲི་བ་བཀོད་པ་དང་། དྲི་བ་བཀོད་པའི་ཐོག་ནས་བརྟག་དཔྱད་བྱས། བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་། རྒྱུ་མཚན་མཐོང་ནས་ངེས་པ་རྙེད་པ་བཅས་འདི་ལྟར་དུ་འགྲོ་དགོས་པ་ཡིན། དེས་ན་སངས་རྒྱས་པའི་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་བཤད་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལམ་གྱི་ཐོག་ཏུ་འགྲོ་དགོས་པ་ལས། དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་སྟངས་ལྟར་བྱ་རྒྱུ་མེད། གང་ཟག་བྱེ་བྲག་པ་གང་ཡང་མི་ཤེས་ཤིང་། བསླབས་ནས་ནུས་པ་ཐོན་རྒྱུ་མེད་པ་ཞིག་ཡིན་ན་དབང་རྟུལ་དད་པའི་རྗེས་འབྲང་ལྟར་སྔགས་ལྟ་བུ་བགྲངས་ནས་འགྲོ་རྒྱུ་ལས་བྱ་ཐབས་དེ་ཙམ་མེད།

དེ་ལྟ་བུའི་གཞུང་ཆེན་པོ་རྣམས་ཀྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་བཞིན་ཡོད། དེའི་དགོས་པ་ནི། སེམས་བསྐྱེད་བཟང་པོ་ཞིག་གིས་ཟིན་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་རྣམ་དཔྱོད་དེ་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པ་དང་། འཕྲལ་དུ་ཡང་གཞན་ཕན་རྒྱ་ཆེན་པོ་བྱེད་ཐུབ་པའི་ཕན་ཐོགས་ཡོད། དེ་ལྟ་བུའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཇི་ཙམ་ཟབ་པོ་ཡོད་ཀྱང་ང་དང་ངའི་ཞེས་པ་གཅིག་པུའི་ཐོག་ཏུ་ཕྱིན་ན། རྣམ་མཁྱེན་གྱི་གོ་འཕང་ཐོབ་རྒྱུ་མེད་ལ། འཕྲལ་དུ་མི་ཚེ་སྐྱིད་པ་ཞིག་ཀྱང་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན། དེས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་འཕྲལ་ཡུན་གྱི་ཕན་བདེའི་དགོས་པ་རྒྱ་ཆེ་སྒྲུབ་པའི་ཐོག་ལ་ལྷག་པའི་བསམ་པ་ཞེས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ལྷག་པའི་བསམ་པ་ཞེས་པ་ནི། མདོ་ཕལ་པོ་ཆེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་གསུངས་ཤིང་། མགོན་པོ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་དང་། བྱང་ཆུབ་སེམས་འགྲེལ་གྱི་ནང་དུའང་གསུངས་ཡོད། དེ་བཞིན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ལེའུ་སྟོད་ཕྱོགས་རྣམས་སུ་མི་རྟག་པ་དང་། བདག་མེད་རགས་པ། བྱང་ཆུབ་ཀྱི་སེམས་སྐོར་ལེའུ་ལོགས་སུ་ཕྱེ་ནས་གསུངས་ཡོད། སྤྱོད་འཇུག་ལྟ་བུར་མཚོན་ན། ལེའུ་བཅུ་ཡོད་པའི་ནང་ནས་ཤེས་རབ་ལེའུ་མ་གཏོགས་དེ་མིན་ལེའུ་ཚང་མས་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་གསུངས་ཡོད། དེ་ལྟར་གཞུང་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྐོར་གསུངས་ཡོད། ཅེས་བཀའ་སྩལ་ཏོ།།

ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། གཟུ་བོའི་བློས། ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་། དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས།  དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།  །།

[1] https://www.youtube.com/watch?v=uvMh2YB5yNs

[2] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༣

[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༤༥

[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༥༡

[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦

[6] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༣

[7] གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༦༧

[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༧༧༡

[9] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༢༠༠༨ ལོ། ཤོག་གྲངས་ ༢༩༥

[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦

[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༧

[12] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༠

[13] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༣

[14] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༥

[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༢༩

[16] བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ངས་བཀའ། །བླང་བར་བྱ་ཡི་མོས་པའམ། །གཞན་གྱི་མཁས་པ་འཇུག་མི་བྱ། །ཞེས་པའི་ལུང་འདི་ནི། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། པེ་ཅིང་བཀའ་འགྱུར་ ༼རྒྱུད་ང་པ།༽ ཤོག་གྲངས་ ༣༤བ༡ ༢བར་དང་། སྡེ་དགེ་བཀའ་འགྱུར། ༼རྒྱུད་ག་པ།༽ ཤོག་གྲངས་ ༢༡༦ བར་བཞུགས་ནའང་། ཡོངས་གྲགས་སུ་གསུངས་པའི། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པའི་ཚིག་རིས་ཇི་བཞིན་བཀའ་འགྱུར་དུ་གཏན་ནས་མི་སྣང་། འོན་ཀྱང་གནས་བརྟན་སྡེ་པའི་མདོའི་ནང་དུ་དོན་འདྲ་བ་ཞིག་ཡོད་སྐད་ཀྱང་དོན་འདྲ་བ་ནི་སྟོབས་ཆེའི་རྒྱུད་དུ་མཆིས་པ་འདིའོ། །སྤྱིར་ལུང་འདི་མཁས་པ་ཕལ་མོ་ཆེས་མདོ་ལས་ཞེས་བཀོད་པ་དང་། ངག་དབང་ཀུན་དགའ་བསོད་ནམས་ཀྱིས་གསུང་འབུམ་ལས། རྒྱན་སྟུག་པོ་བཀོད་པའི་ལུང་དུ་ཡོད་པར་བཤད་ཀྱང་བཀའ་འགྱུར་རང་དུ་མི་སྣང་། དེ་བཞིན་ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱི་ཆོས་མངོན་པའི་མདོ་ལས་ཞེས་བཀོད་ཡོད་ཀྱང་། མངོན་པ་ཀུན་བཏུས་ནང་མི་སྣང་ངོ་།།

[17] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦

Leave a Reply

Your email address will not be published. Required fields are marked *