བ༽ སློབ་དཔོན་ཕྱོགས་གླང་གི་རྣམ་ཐར་སྙིང་བསྡུས།
ལྷོ་ཕྱོགས་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། །
དབྱིག་གཉེན་སོགས་བསྟེན་དབུས་སུ་མཁས་པར་གྱུར། །
ཤར་དུ་སྒྲུབ་གཞོལ་རྒོལ་ངན་ཚར་གཅོད་པའི། །
ཚད་མའི་རྒྱན་གྱུར་ཕྱོགས་གླང་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་དིགྣགཿ (दिग्नागा) (Dignaga) དང་། རྒྱའི་སྐད་དུ་ (陳那) བོད་སྐད་དུ་སློབ་དཔོན་ཕྱོགས་གླང་ཞེས་ཞུ་ཞིང་། ཕྱི་ལོ་ ༤༤༥ ལོ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བར་ཀཉྩིའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། གནས་མ་བུའི་སྡེ་པའི་མཁན་པོ་གླང་པོ་བྱིན་ལས་རབ་ཏུ་བྱུང་བས་ཕྱོགས་གླང་ཞེས་གྲགས། མཁན་པོ་རྒྱལ་བའི་དབང་པོ་དང་། སློབ་དཔོན་དབྱིག་གཉེན་སོགས་བསྟེན་ནས་ཕྱི་ནང་གི་གྲུབ་མཐའ་དང་སྡེ་སྣོད་གསུམ་ལ་མཁས་ཤིང་། ལྷག་པར་ཚད་མའི་གཞུང་ལ་མཁས་པས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཡ་གྱལ་དུ་གྱུར། གདན་ས་དཔལ་ནཱ་ལེནྡྲར་མཛད་ཅིང་། ཨོ་ཌི་བི་ཤའི་ཡུལ་དུ་སྒྲུབ་པ་མཛད་དེ་མུ་སྟེགས་ནག་པོ་ཐུབ་རྒྱལ་སོགས་རིགས་པས་ཚར་བཅད། སློབ་མ་སློབ་དཔོན་དབང་ཕྱུག་སྡེ་དང་། དཔལ་ལྡན་ཆོས་སྐྱོང་སོགས་བསྟན་པའི་མཛེས་རྒྱན་མང་དུ་བསྐྱངས། རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ཚད་མ་ཀུན་བཏུས་དང་། བརྒྱད་སྟོང་དོན་བསྡུས་སོགས་ཆོས་ཚན་ ༡༩ མཛད་ནས་སེམས་ཙམ་རྣམ་བདེན་པའི་སྲོལ་བཟང་ཕྱེ། ཏིང་ངེ་འཛིན་ཁྱད་པར་ཅན་འཁྲུངས་ཤིང་། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་ཡང་གཟིགས། དབྱིག་གཉེན་གྱི་རང་མཁས་སློབ་མ་བཞི་ལས་ཚད་མ་རང་ལས་མཁས་པ་དང་། རྒྱན་དྲུག་ལས་ལྔ་པ་ཚད་མའི་རྒྱན་དང་། པཎ་གྲུབ་བཅུ་བདུན་ལས་བཅུ་གཅིག་པ་ཡིན། མཐར་ཕྱི་ལོ་ ༥༧༥ ལོ་ཙམ་ལ་ཞི་བར་གཤེགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༣ ནས་ ༣༥༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།