ད༽ ཕྱོགས་ཀྱི་གླང་པོས་སེམས་ཙམ་རྣམ་བདེན་པའི་སྲོལ་ཕྱེ་ཚུལ།

ད༽ སེམས་ཙམ་རྣམ་བདེན་པའི་སྲོལ་ཕྱེ་ཚུལ།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ཕྱོགས་ཀྱི་གླང་པོའི་རྟོགས་པ་བརྗོད་པའི་གཏམ་ལས[1]།

འདེགས་ལ་ངལ་བ་མེད་ཁྱོད་ཀྱིས། །

ཐོག་མར་ཉན་ཐོས་སྡེ་པའི་གཞུང་། །

འཁྲུལ་མེད་མདོ་དང་སྦྱར་མཛད་ནས། །

སེམས་ཙམ་གཞུང་དང་དབུ་མ་ཡང་། །

ཆོས་འཁོར་གསུམ་པའི་མདོ་བཞིན་བཀྲལ། །

ཞེས་གསུངས་པ་ལྟར་ཇོ་བོ་རྗེས་ (982-1054) མཛད་པའི་དབུ་མའི་མན་ངག་གི་འབུམ་ལས[2]། གཞུང་གི་དོན་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་ནི། སངས་རྒྱས་ཀྱི་བཀའི་བརྗོད་བྱ་ཐམས་ཅད་བདེན་པ་གཉིས་སུ་འདུས་པའི་དོན་ཏེ། སྤྱིར་སོ་སོའི་བློ་ལ་ཡོད་ཀྱང་སློབ་དཔོན་ཀླུ་སྒྲུབ་འཇིག་རྟེན་དུ་མ་བྱོན་གྱི་གོང་རོལ་ཏུ་ཐེག་པ་ཆེ་ཆུང་གཉིས་སུ་གཞུང་བཙུགས་པ་མེད། སློབ་དཔོན་གྱིས་ཐེག་པ་ཆེན་པོའི་གཞུང་བཙུགས་པ་ཡིན། ཐོགས་མེད་ཀྱིས་སེམས་ཙམ་དུ་བསྒྲུབས། སློབ་དཔོན་ཕྱོགས་ཀྱི་གླང་པོ་འཇིག་རྟེན་དུ་མ་བྱོན་གོང་དུ་སེམས་ཙམ་རྣམ་པ་བདེན་རྫུན་གཉིས་མེད། དེས་རྣམ་བདེན་པའི་གཞུང་བཙུགས་པ་ཡིན་ཞེས་ཇོ་བོས་གསུངས་པ་ལགས་པར་གདའ། ཞེས་གསལ་བ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་སེམས་ཙམ་རྣམ་བདེན་གྱི་སྲོལ་བཟང་ཕྱེ་བར་གསུངས་ལ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ (1697-1774) མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས[3]། ཤིང་རྟའི་སྲོལ་འབྱེད་བཞི་པ་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ཞེས་སློབ་དཔོན་ཕྱོགས་གླང་ཤིང་རྟའི་སྲོལ་འབྱེད་བཞི་པར་གསུངས། འོན་ཀྱང་དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ཆོས་ཀྱི་གྲགས་པའི་རྟོགས་བརྗོད་པདྨ་དཀར་པོའི་ཕྲེང་བ་ལས།[4]

དེ་ཡང་ཐེག་ཆེན་མདོ་སྡེའི་རྒྱན་དང་ནི། །

མཐའ་དབུས་སེལ་བའི་བསྟན་བཅོས་རྣམ་གཉིས་སུ། །

ཤེར་ཕྱིན་མདོ་དོན་དབུ་མར་འགྲེལ་བའི་ཚུལ། །

ཇི་སྐད་གསུངས་དེ་ཕྱོགས་ཀྱི་གླང་པོས་བཞེད། །

འདི་ལ་བོད་རྣམས་སེམས་ཙམ་རྣམ་བརྫུན་ཟེར། །

རྣམ་བརྫུན་བཞེད་ཀྱང་སེམས་ཙམ་དོན་མི་གནས། །

དོན་དམ་ཡེ་ཤེས་ཡིན་པར་བཞེད་གྱུར་ཀྱང༌། །

ཀུན་རྫོབ་སེམས་ཙམ་ཉིད་དུ་ཞལ་མི་བཞེས། །

ཞེས་སློབ་དཔོན་ཕྱོགས་གླང་དབུ་མ་པ་ཡིན་པས་སེམས་ཙམ་ཞལ་གྱིས་མི་བཞེས་པར་གསུངས་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1721/1722) མཛད་པའི་གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ་ལས[5]། དཔལ་མགོན་ཀླུས་དངོས་བསྟན་སྟོང་ཉིད་དང་། སྔོན་གྱི་བོད་མང་པོ་དག །དབྱིག་གཉེན་གྱིས་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས་ཡུམ་གསུམ་བཀྲལ་ཟེར། སྟག་ལོ་སོགས་བོད་སྔ་ཕྱི་ཁ་ཅིག་དཔའ་བོས་མཛད་པར་འདོད་པས་དཔའ་བོའམ་དབྱིག་གཉེན་དང་། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་དང་། རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་ལས་སྦས་དོན་གྱི་སྲོལ་ཕྱེ་བས་བཞི་པོ་འདིས་འགྲེལ་བཤད་གཞན་ལ་མ་བརྟེན་པས་ན་ཤིང་རྟའི་སྲོལ་འབྱེད་བཞི་ཞེས་གྲགས་ཤིང་ཐོགས་མེད་མི་འདོད་མོད། མི་འཐད་དེ། སློབ་དཔོན་ཕྱོགས་གླང་གིས་མཚན་ཉིད་གསུམ་ཐོགས་མེད་སྐུ་མཆེད་ལྟར་བཀྲལ་བས་དེ་ལས་བཤད་སྲོལ་ཟུར་པར་མི་རུང་བའི་ཕྱིར་ཏེ། བརྒྱད་སྟོང་དོན་བསྡུས་ལས[6]།

ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །

བཏགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །

ཞེས་སོགས་དབུས་མཐའ་དང་ཐེག་བསྡུས་ལྟར་ཡིན་པར་འཆད་པར་འགྱུར་བའི་ཕྱིར། འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་སྟེ་ཡུམ་གསུམ་གྱི་གནོད་འཇོམས་མཁན་པོའང་འགྲེལ་བཤད་གཞན་ལ་མ་བརྟེན་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་མི་འཐད་པར་ཐལ། འདིའི་སྟོང་ཉིད་བཅུ་དྲུག་དང་། སྐྱེ་འགག་ཀུན་བྱང་མེད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས་ཀླུ་སྒྲུབ་བཞིན་འཆད་འདོད་པ་དང་། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བཙུན་པའི་ཉི་ཁྲི་རྣམ་འགྲེལ་ལ་ཁ་འཕངས་པ་དང་། ལྔ་བརྒྱ་ཐ་མའི་འགྲེལ་པར་རང་ལུགས་བཞག་ནས་ཤནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་འཚོའི་བཞེད་པ་བཀོད་པའི་ཕྱིར་དང་། འདིའི་གཞན་སྟོང་གི་ཚུལ་དེ་གྲངས་ཅན་ལྟར་ཡིན་ཅིང་། དབུ་སེམས་ཀྱི་ཆེན་པོ་སུ་གང་གི་ལུགས་དང་མི་མཐུན་པའི་ཕྱིར་དཔའ་བོ་དང་དབྱིག་གཉེན་གང་ཡང་མིན། སྔོན་གྱི་ཡིག་རྙིང་ལས་དཾ་ཥྚ་སེ་ནའི་ཡིན་པར་བྱས་པ་ལྟར་ཡིན་ནོ། །ཞེས་སྔ་མ་མང་པོས་ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་སུ་འདོད་པ་མི་འཐད་པར་བསྒྲུབས་སོ།།

སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས་[7]ཀྱང་། གྲུབ་མཐའ་སྨྲ་བ་པོ་དབུ་སེམས་གཉིས་ཀ་ཐེག་ཆེན་པ་ཡིན་ཏེ། ཐུབ་བསྟན་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་སུ་ངེས་པའི་ཕྱིར། རྒྱུ་མཚན་ཅིའི་ཕྱིར་ན། རྣམ་རིག་ཙམ་གྱི་ཚུལ་དང་། ངོ་བོ་ཉིད་མེད་ཀྱི་ཚུལ་གཉིས་སུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན་དྲུག་གི་གཙོ་བོ་ཐོགས་མེད་ཀྱིས་རྒྱལ་ཚབ་བྱམས་པ་ལ་བརྟེན་ནས་དགོངས་པ་ངེས་འགྲེལ་གྱི་མདོ་དང་ནི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་འཇམ་དབྱངས་ལ་བརྟེན་ནས་བློ་གྲོས་མི་ཟད་པའི་མདོ་བཞིན་དུ་རང་བཞིན་གསུམ་གཏན་ལ་ཕབ་པའི་སྒོ་ནས་བཀའ་ཐ་མ་ངེས་དོན་དང་། བདེན་པ་གཉིས་གཏན་ལ་ཕབ་པའི་སྒོ་ནས་བཀའ་བར་པ་ངེས་དོན་དུ་ལེགས་པར་བཀྲལ་བ་སོགས་ཀྱི་ཕྱིར་རོ།།

གསུམ་པ་ནི། འོ་ན་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་འགྲེལ་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས། སྦས་དོན་མངོན་རྟོགས་སྟོན་པ་བྱམས་པའི་མངོན་རྟོགས་རྒྱན། གཙོ་བོའི་དོན་སོ་གཉིས་སུ་བསྡུ་བ་ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྡུ་བ་དཔའ་བོའི་འབུམ་ཊཱིཀ་སྟེ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཤེར་སོགས་ནི་མ་ཡིན་ཏེ། བསྟན་པ་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་དེ་ཁོ་ན་ཉིད་མཆོག་ཏུ་གྱུར་པའི་སྲོལ་སྔར་མ་ཕྱེ་བ་གསལ་བར་ཕྱེ་བ་ལ་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་གང་ཞིག །སྒོ་གསུམ་རྣམ་གྲངས་བཅུ་གཅིག་སོགས་ལྟ་ཞོག །ཡུམ་དོན་དངོས་བརྒྱད་དུ་ཕྱེ་བས་ཀྱང་དོན་དེ་མི་འགྲུབ་པའི་ཕྱིར། ཞེས་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་བརྒྱད་སྟོང་དོན་བསྡུས་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་མིན་པར་གསུངས་སོ།།

ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[8]། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་སློབ་དཔོན་ནི་ཐོགས་མེད་སྐུ་མཆེད། གནས་བརྟན་ཆོས་སྐྱོང༌། བློ་བརྟན། ཕྱོགས་གླང༌། ཆོས་གྲགས། གསེར་གླིང་པ། ཤནྟི་པ་སོགས་མང་དུ་ཡོད་ཅིང་། འདི་དག་ལས་འགའ་ཞིག་ནི་སྐུ་ཚེའི་སྟོད་ལ་སེམས་ཙམ་དང་སྐུ་ཚེའི་སྨད་ལ་དབུ་མ་པར་གྱུར་པའང་ཡོད་ལ། འཕགས་པ་ཐོགས་མེད་ལྟ་བུ་རང་ཉིད་དབུ་མ་ཐལ་འགྱུར་བར་གནས་ཀྱང་སེམས་ཙམ་དང་མཐུན་པར་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པ་ཡང་སློབ་དཔོན་དེ་དག་གི་ནང་ན་མང་དུ་ཡོད་པས། དེ་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས། དབྱིག་གཉེན་ཕྱོགས་གླང་གི་གཞུང་རྩོད་མེད་རྣམས་ནས་ནི་རྣམ་པར་རིག་པ་ཙམ་གྱི་ལུགས་སུ་བཀྲལ་མོད་ཀྱང་། སློབ་དཔོན་དེ་དག་གི་བཞེད་པ་ཇི་ལྟར་ཡིན་པ་རྣམས་ནི་བདག་ཅག་འདྲ་བ་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའོ། །ཞེས་འཇུག་པའི་རྣམ་བཤད་ཆེན་མོར་བཀའ་སྩལ་ཏོ། །དེས་ན་སེམས་ཙམ་པའི་སློབ་དཔོན་ཡིན་ན་སེམས་ཙམ་པ་ཡིན་མི་དགོས་ཏེ། ཕལ་ཆེན་སྡེ་པའི་དགེ་སློང་ཡིན་ན་ཕལ་ཆེན་སྡེ་པ་ཡིན་མི་དགོས་པ་བཞིན་ནོ། །ཞེས་སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཞུང་ཡོངས་སུ་གྲགས་པ་དག་ལས་སེམས་ཙམ་དུ་བཀྲལ་ལ། སློབ་དཔོན་རྣམས་ཀྱི་དགོངས་པ་མཐར་ཐུག་གང་ཡིན་ཁ་ཚོན་གཅོད་དཀའ་བར་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༡༡ན༦

[2]  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༦༤༤

[3]  སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག ༼ཤྲཱི།༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༤༤

[4]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ འཕྲུལ་པར་དཔེ་རིང་། ཤོག་ ༡༣ན༣ ནས་ ༡༧ན༣ བར།

[5]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༣༥༡

[6]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཕ༽ དེབ་ཨང་ ༥༥ པ། ཤོག་ ༡༣༧༩

[7]  བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། ༼༡༠༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༡༡༡

[8]  ལྕང་སྐྱ་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས། ༢༠༠༤ ལོ། ཤོག་ ༡༢༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༥ ནས་ ༣༠༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *