ཐ༽ ལོ་ཙཱ་བའི་ཆ་རྐྱེན་དང་། གཟབ་དགོས་པའི་གནད་དོན།
དེ་ཡང་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཚད་ལྡན་ཞིག་བྱེད་པར་འདོད་ན། མཁས་དབང་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློས།
བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གཉིས་ཀར་ལག་མི་འཐོགས། །
སྤྱི་དང་བྱེ་བྲག་ཤེས་བྱའི་གཞུང་ལུགས་ཁོང་དུ་ཆུད། །
བསྒྱུར་བྱའི་ཡི་གེ་ནང་དོན་སྔོན་ལ་ངེས་ཞིབ་བྱ། །
དོན་ལ་མ་ནོར་ཚིག་ལ་ཇི་བཞིན་ཐོན་མི་དགོས། །
སྒྱུར་བྱེད་སྐད་ཀྱི་གོམས་སྲོལ་ལྟར་སྦྱོར་བརྡ་འཕྲོད་གནད། །
ཅེས་གསུངས་པ་ལྟར། བསྒྱུར་བྱ་མ་ཡིག་དང་སྒྱུར་བྱེད་རང་མི་རིགས་ཀྱི་སྐད་ཡིག་གཉིས་ཀར་ཤེས་ཚད་ལག་མི་འཐོགས་པའི་བྱང་ཆ་ལྡན་པ་གཞི་རྩར་བཞག་སྟེ། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བསྒྱུར་བྱའི་ནང་དོན་དང་འབྲེལ་ཡོད་ཀྱི་ཤེས་བྱའི་གནས་སྤྱི་དང་བྱེ་བྲག་གི་གཞུང་དོན་ཁོང་དུ་ཆུད་པ། བསྒྱུར་བྱའི་སྐད་ཡིག་གི་ནང་དོན་ཐོག་མར་ཞིབ་ཕྲ་བློ་ངེས་དགོས་ཤིང་། ཚིག་ལ་ཇི་བཞིན་མ་ཐོན་ཀྱང་དོན་ལ་མ་ནོར་བ། ལྷག་པར་སྒྱུར་བྱེད་སྐད་ཀྱི་གོམས་གཤིས་དང་། ལམ་སྲོལ། ལྷག་པར་ཁ་གསལ་ཞིང་གོ་བརྡ་འཕྲོད་ངེས་ཡོང་བ་ཞིག་དགོས་པར་མ་ཟད། དེ་དག་གི་ནང་ནས་གཙོ་བོ་མ་ཡིག་གི་ནང་དོན་གྱི་གོ་བ་གསལ་པོ་ལོན་པ་དང་། བྱང་ཆ་ཐོན་པ་ཞིག་བྱུང་ན་ད་གཟོད་སྒྱུར་རྩོམ་ལེགས་པོ་ཞིག་ཡོང་ཐུབ་པ་ཡིན།
གཞན་ཡང་ཐ་སྙད་གཅིག་གྱུར་དང་། ཐ་སྙད་གསར་བཟོ་གནང་སྐབས་ལོ་ཙཱ་བ་རྣམས་ཀྱིས་དགག་ཕྱོགས་དང་། སྒྲུབ་ཕྱོགས་གཉིས་ཀར་ཐུགས་སྣང་གནང་དགོས་པ་ཡིན། དེ་ཡང་། ཀ༽ དགག་ཕྱོགས་ནས། ༡} ཐ་སྙད་གསར་བཟོ་བྱེད་སྐབས་ཆོས་དང་མི་འགལ་བ་དང་། ༢} རིགས་པ་དང་མི་འགལ་བ་དང་། ༣} བརྡ་སྤྲོད་ཀྱི་གཞུང་གི་སྒྲིག་གཞི་དང་མི་འགལ་བ། ༤} འཇིག་རྟེན་གྱི་གྲགས་པ་བཅས་བཞི་དང་མི་འགལ་བ་དགོས་པར་མ་ཟད། ཁ༽ སྒྲུབ་ཕྱོགས་ནས། ༡} བོད་རང་ལ་ཡོད་པའི་ཐ་སྙད་བཀོལ་སྤྱོད་བྱེད་དགོས་པ་དང་། ༢} སྒྲ་སྒྱུར་སྐབས་ཐ་སྙད་དང་དག་སྡེབ་གཅིག་གྱུར་ཡོང་བ་བྱེད་དགོས་པ། ༣} སྒྲ་སྒྱུར་བྱེད་པའི་དམིགས་ཡུལ་ནི་མ་རྩོམ་གྱི་དོན་ལ་གོ་བ་བླངས་ནས་རང་སྐད་ཀྱི་ཐོག་ནས་བརྗོད་དོན་རྣམས་ཀློག་པ་པོར་གོ་བརྡ་འཕྲོད་པར་བྱ་རྒྱུ་དེ་ཡིན་པས། ཁ་གསལ་ཞིང་། གོ་བདེ་བ། ཡིད་ལ་འཇུག་ཆེ་བའི་ཁྱད་ཆོས་ལྡན་པ་ཞིག་ཡོང་བ་བྱེད་དགོས་པ་ཡིན་ནོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༧ ནས་ ༤༡༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།