༢༽ ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས།
ལོ་ཙཱ་བ་དགེ་སློང་རྨ་དགེ་བའི་བློ་གྲོས་མཆོག་ནི། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ་བཞུགས་རྗེས་རབ་བྱུང་དང་པོའི་ཤིང་སྤྲེལ་ཕྱི་ལོ་ ༡༠༤༤ ལོར་སྐུ་འཁྲུངས། རྒྱ་གར་དུ་ཐེངས་གསུམ་ཕེབས་ནས་པཎ་ཆེན་མང་པོའི་ཞབས་ལ་གཏུགས་ཏེ་གསང་སྔགས་ཀྱི་ཆོས་སྐོར་ཐམས་ཅད་ལ་ནང་བྱན་ཆུད་པར་མ་ཟད། རྒྱ་གར་འཕགས་ཡུལ་གྱི་བསྟན་བཅོས་མང་པོ་བོད་སྐད་དུ་སྒྲ་སྒྱུར་མཛད། དེ་ནས་ཁྱུང་པོ་ལས་རབ་བྱུང་བསྒྲུབས་ཏེ་གཞན་དོན་ལེགས་པར་མཛད།
སློབ་མ་གྲགས་ཆེ་བ་ནི་ལོ་ཙཱ་བ་མ་གཅིག་ཞ་མ་དང་། འཁོན་ཕུ་བ་ཆོས་ཀྱི་རྒྱལ་པོ་སོགས་ཡིན། དགུང་ལོ་བཞི་བཅུ་རྩ་དྲུག་བཞེས་པ་རབ་བྱུང་གཉིས་པའི་ས་སྦྲུལ་ཕྱི་ལོ་ ༡༠༨༩ ལོར་གཞན་གྱིས་དུག་དྲངས་ནས་བཀྲོངས་པར་གྲགས་སོ།།
ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[1]། རྨ་དགེ་བའི་བློ་གྲོས་ནི། ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་ཞིག་སྟེ། གུ་གེ་ཁྱི་ཐང་པས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོའི་ནང་དུ། ལྷ་བླ་མ་ཡེ་ཤེས་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་ཕྱོགས་སུ་སློབ་གཉེར་ལ་ཕེབས་པའི་གྲོགས་དན་དུ་རིག་པ་ཅན་གྱི་སློབ་མ་ཁྱེའུ་ལྔ་སོགས་ཉེ་གནས་ཉེར་ལྔ་མངགས་པའི་གྲས་སུ་རྨ་ལོ་ཙཱ་བ་འདི་པ་ཡང་མངགས་ཚུལ་གསལ་པོར་བཀོད་ཡོད།
དེ་ཡང་རྣམ་ཐར་དེ་ཉིད་ལས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བླ་མ་ལོ་ཙཱ་བ་ཆེན་པོ་ལ་རིག་པ་ཅན་གྱི་ཁྱེའུ་ལྔ། ཞབས་རྟོག་ཆེ་བ་ལྔ། འཐུགས་ཆེས་པ་ལྔ། བཅོ་ལྔ་ཉེ་གནས་སུ་རྫངས། ཞེས་དང་། ཡང་དེ་ཉིད་ལས། རིག་པ་ཅན་གྱི་ཁྱེའུ་ལྔ་ལས་གཉིས་ཚད་པས་གྲོངས། གསུམ་ལུས་པ་ནི། མང་ཝེར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ། རྨེ་ལོ་ཙཱ་བ་དགེ་བ་བློ་གྲོས། འཛང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་དང་གསུམ་མོ། །དེ་གསུམ་ཡང་ལོ་ཙཱ་བ་ཆེན་པོའི་བུ་ཆེན་ཡིན་པས། མང་ཝེར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་ལ་སྟི་ཡག་གསལ། རྨེ་ལོ་ཙཱ་བ་དགེ་བ་བློ་གྲོས་ལ་རི་ཧྲི་གསལ། འཛང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་ལ་ཏིང་མེད་གསལ། ཞེས་གསལ་ལོ།།
གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་ (1415-1486) གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ལས[2]། སྐབས་འདིར་རྨ་ལོ་ཙཱ་བ་ཞེས་པ་ལས་རྨ་དགེ་བའི་བློ་གྲོས་ཀྱི་མཚན་ཙམ་ཡང་བཀོད་མེད་པ་དང་། རྨ་ལོ་ཙཱ་བའི་མིང་དངོས་གང་ཡིན་པ་མཐོང་རྒྱུ་མེད། ཡིན་ན་ཡང་དེབ་ཐེར་སྔོན་པོ་ལས[3]། ལོ་ཆེན་གྱི་སློབ་མ་ལོ་ཙཱ་བ་མཆོག་ཏུ་མཁས་པ་དུ་མ་བྱུང་བ་རྣམས་ཀྱིས་འདུལ་བའི་སྡེ་སྣོད་མང་པོ་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཆོས་ཀྱང་མང་དུ་བསྒྱུར། ཁྱད་པར་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་། ཞེས་འབྱུང་བས། གོང་གི་རྨ་ལོ་ཙཱ་བ་དེ་རྨ་དགེ་བའི་བློ་གྲོས་ཡིན་མི་སྲིད་པ་གསལ་པོར་མཐོང་ཐུབ། འོ་ན། རྨ་ལོ་ཙཱ་བ་དེ་སུ་ཡིན་ཞེ་ན། ཉང་ཆོས་འབྱུང་དང་། བུ་སྟོན་ཆོས་འབྱུང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་རྒྱ་གར་ཕྱག་ན་བསྟེན་པའི་རྨ་ཆོས་འབར་ཞེས་དང་། རྨ་བན་ཆོས་འབར། ལོ་ཙཱ་བ་རྨ་བན་ཆོས་འབར་ཞེས་འབྱུང་བས། ལོ་ཙཱ་བ་རྨ་ཆོས་འབར་འཚོ་བཞུགས་ཀྱི་དུས་སྐབས་དང་གོང་གི་རྨ་ལོ་ཙཱ་བ་འཁྲུངས་འདས་ཀྱི་དུས་ཕལ་ཆེར་མཚུངས་པས་ན། དེབ་ཐེར་སྔོན་པོ་རུ་བཀོད་པའི་རྨ་ལོ་ཙཱ་བ་དེ་ནི་རྨ་དགེ་བའི་བློ་གྲོས་མ་ཡིན་པར་རྨ་བན་ཆོས་འབར་ཡིན་པ་བདེན་པར་འཛིན་རུང་སྟེ། ཆོས་འབྱུང་དཔག་བསམ་ལྗོན་བཟང་ལོ་ཚིགས་རེའུ་མིག་[4]ཏུ། ཤིང་སྤྲེའུ་ (༡༠༤༤) མ་གཅིག་ཞ་མའི་མཛའ་ཕོ་ལ་སྟོད་པ་རྨ་ལོ་ཙཱ་ཆོས་འབར་འཁྲུངས་ཞེས་ཀྱང་འབྱུང་བའི་ཕྱིར་རོ། །ཞེས་གསལ་ནའང་། ཚད་མ་རྣམ་འགྲེལ་གྱི་མཇུག་བྱང་ལས[5]། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ལ། (བར་འགྱུར།) གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ་གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། ། (ཕྱི་འགྱུར།) དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འགྱུར་སྔ་ཕྱི་བར་གསུམ་བྱུང་བ་ལས། སྔ་འགྱུར་རྨ་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ཤིན་ཏུ་གསལ་བར་འཁོད་ཡོད་པས་དཔྱད་དགོས་སོ།།
ཁོང་གི་བསྒྱུར་རྩོམ་ནི། བསྟན་འགྱུར་ལས། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་དང་། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་བཤད་སློབ་མ་ལ་ཕན་པ། ལྷག་པར་སུམ་བརྒྱ་པའི་རྣམ་བཤད་ཤཱཀྱ་འོད་ཀྱིས་མཛད་པ་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་སོགས་ཆོས་ཚན་ཉི་ཤུ་ལྷག་བཞུགས་སོ།།[6]
དེ་ཡང་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱི་འགྱུར་གཞུང་ཆོས་ཚན་སུམ་ཅུ་ལྷག་བཞུགས་པ་ནི། མདོ་མང་སྐོར་ལས། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པའི་མདོ། གཎྜཱིའི་དུས་ཀྱི་མདོ། འཇམ་དཔལ་དཔའ་བོ་གཅིག་ཏུ་སྒྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལ། ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པ། བསྟན་འགྱུར་ལས། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་མི་བསྐྱོད་པས་མཛད་པ། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བའི་ལྷས་མཛད་པ། འདི་ལ་ཤླཽ་ཀ་སྟོང་ཕྲག་ཕྱེད་དང་བཞི་ཡོད། འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིས་མཛད་པ། དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། སླད་ཀྱིས་ཀྱང་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པ། ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སྒྲ་པ་ཆེན་པོ་སློབ་དཔོན་ལྷ་དབང་བློས་མཛད་པ། རང་འགྲེལ་དང་གཉིས་ཀ་བསྡོམས་པ་ལ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ། བམ་པོ་བཞི་བཅུ་པ། དབེན་པའི་གཏམ་སློབ་དཔོན་ཆེན་པོ་ས་འཚོ་བྱིན་གྱིས་མཛད་པ། བྱང་ཆུབ་སེམས་ཀྱི་བདེ་བའི་མན་ངག །ཕོ་བྲང་བྱང་ཆུབ་འོད་ཀྱིས་ཞུས་པ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་པ་དང་ལྷ་དབང་བློའི་འགྲེལ་པ་གཉིས་ཀྱི་འགྲེལ་བཤད་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ཞབས་ལ་བརྟེན་པ་སློབ་དཔོན་ཤཱཀྱ་བློས་མཛད་པ་བམ་པོ་དྲུག་ཅུ་རྩ་གསུམ་པ། ཚད་མའི་མདོ་ཀུན་ལས་བཏུས་པའི་དགོངས་པ་འགྲེལ་བ་ལ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ་གྲུབ་པའི་གནས་སུ་གྲགས་པའི་འདབས་རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་། དུས་ཕྱིས་ལོ་ཙཱ་བ་ཀུན་དགའ་རྒྱ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། དེ་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཱ་རི་ཀ་པས་མཛད་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀམྤ་ལས་མཛད་པ། སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་རྣམས་ཏེ། གཞུང་ཚན་འདི་བཞི་ནི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ཤླཽ་ཀ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་རྩ་ལྔ་པ་སློབ་དཔོན་དགེ་བ་ལྷས་མཛད་པ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་བདེ་མཆོག་གི་སྒྲུབ་ཐབས་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཉི་མོར་མཛད་ཀྱིས་མཛད་པ། ཡི་གེ་བདུན་པའི་སྒྲུབ་ཐབས་སློབ་དཔོན་རྒྱལ་དཀའ་ཟླ་བས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདུད་རྩི་འཛག་པ་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། བདེ་མཆོག་ཤེས་རབ་བྱེད་པ་ཞེས་བྱ་བ་བདེ་མཆོག་གི་མངོན་པར་རྟོགས་པ་སློབ་དཔོན་བྱང་ཆུབ་རྡོ་རྗེས་མཛད་པ། དེ་ཁོ་ན་ཉིད་བཅུ་པ་སློབ་དཔོན་ཌོམྦི་པས་མཛད་པ། རིགས་ཀྱི་བདག་པོ་གསུམ་ལ། སྐུའི་རིགས་ཀྱི་བདག་པོ་འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། འཇམ་པའི་དབྱངས་ཀྱི་དཔྱད་འཕགས་པ་ལྷས་མཛད་པ་ཤླཽ་ཀ་བརྒྱ་པ། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྡོ་རྗེ་སེམས་དཔའ་འབྱུང་བ་ཞེས་བྱ་བའི་སྒྲུབ་པའི་ཐབས་གཞུང་ཚད་ཤླཽ་ཀ་བརྒྱ་ཕྲག་གཉིས་དང་རྐང་པ་གཅིག་བཅས་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་གའི་རིམ་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལ། སླད་ཀྱིས་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅོས་པ་[7]བཅས་ལོ་ཙཱ་བ་འདི་ཉིད་ཀྱིས་པཎ་གྲུབ་བཅུ་བདུན་ལས། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གཅིག་དང་། འཕགས་པ་ལྷའི་གསུང་གཅིག །དཔལ་ལྡན་ཆོས་གྲགས་ཀྱི་གསུང་གསུམ། དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེའི་གསུང་ཁག་དགུ་བཅས་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བས་བཀའ་དྲིན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་གོ། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༦༠༢
[2] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༡༠
[3] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༩༧
[4] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༨༢༧
[5] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༦༠༠
[6] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༧༦། ༢༧༧། བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།
[7] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤ ནས་ ༤༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།