རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག ང༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུ།

ང༽ རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུ།

 

དེ་ཡང་། ༡༽ གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། འཕགས་པ་ལྷས་མཛད་པའི་དབུ་མ་ཡི་གེ་བརྒྱ་པའི་རྩ་འགྲེལ་བམ་དོ་ཀུ་མཱ་རའི་འགྱུར། དེས་མཛད་པའི་རང་འགྲེལ་རྒྱས་པ་ཥུའན་ཊིའང་ཤིའི་འགྱུར། (བོད་མ་མེད་གསུངས།) ཞེས་གསལ་བ་ལྟར་དབུ་མ་བཞི་བརྒྱ་པའི་རང་འགྲེལ་རྒྱས་པ་ཞིག་ཡོད་པ་དང་། དེ་ཡང་ལེགས་སྦྱར་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་ནས་ཡོད་ཀྱང་། བོད་འགྱུར་མེད་པ་བཅས་སོ།།

དེ་བཞིན་རྒྱ་ནག་གི་བསྟན་འགྱུར་ལྟར་ན། ༢༽ ཡི་གེ་བརྒྱ་པ།《百字論》T30, No1572 ༼བོད་པས་ཀླུ་སྒྲུབ་ཀྱི་གསུང་དང་། རྒྱ་ནག་པས་འཕགས་པ་ལྷའི་གསུང་དུ་བཞེད།༽ ༣༽ འཕགས་པ་ལྷས་ལངྐར་གཤེགས་པའི་མདོ་ནས་གསུངས་པའི་མུ་སྟེགས་པ་དང་ཐེག་དམན་གྱི་གྲུབ་མཐའ་བཞི་འགག་པ།《提婆菩薩破楞伽經中外道小乘四宗論》T32, No1639 འདི་ཉིད་རྒྱ་ནག་ཆོས་འབྱུང་ལས་བོད་མ་ཡོད་པར་གསུངས་པ་དང་གཅིག་ཡིན་འདུག། ༤༽ འཕགས་པ་ལྷས་ལངྐར་གཤེགས་པའི་མདོ་ནས་གསུངས་པའི་མུ་སྟེགས་པ་དང་ཐེག་དམན་པའི་མྱང་འདས་ཀྱི་ལྟ་བ་འགྲེལ་བ།《提婆菩薩釋楞伽經中外道小乘涅槃論》T32, No1640 དེ་ཡང་བོད་བརྒྱུད་ནང་བསྟན་ལ་སློབ་དཔོན་འཕགས་པ་ལྷས་མཛད་པའི་ལངྐར་གཤེགས་པའི་མདོའི་འགྲེལ་པ་ཞིག་ཡོད་པ་ཡོངས་སུ་མ་གྲགས་ཀྱང་། འཕགས་པ་ལྷས་མཛད་པར་གྲགས་པའི་མདོ་སྡེ་ལངྐར་གཤེགས་པའི་འགྲེལ་པ་རྒྱ་ནག་སྐད་དུ་ལོ་ཙཱ་བ་བྱང་ཆུབ་སྲེད་པས་བསྒྱུར་བ་ཞིག་བཞུགས་ཞེས་མཁས་པས་བཤད།[2] ༥༽ སྐྱེས་བུ་ཆེན་པོའི་བསྟན་བཅོས་བཅས་ཀྱང་ལེགས་སྦྱར་ནས་རྒྱའི་སྐད་དུ་བསྒྱུར་ནས་བཞུགས་ཡོད་ཀྱང་། བོད་བསྒྱུར་ཞུ་རྒྱུར་ལུས་པ་རྣམས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༡

[2] Takasaki 2014 [Collected Papers]: 110. Taisho No. 1640.

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༤ ནས་ ༤༢༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *