ཐ༽ ཚད་མ་ཀུན་ལས་བཏུས་པ་ཇི་ལྟར་མཛད་ཚུལ།
དེ་ཡང་རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་ (1387-1462) གྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ལས[1]། རིགས་པའི་ལམ་གྱིས་རིགས་མིན་སྨྲ་བ་གང་ཞིག་རིགས་མིན་ལམ་འཇུག་རྣམ་བཟློག་ནས། །མ་ནོར་དོན་རྣམས་ཇི་བཞིན་ནོར་བ་མེད་པའི་ཡང་དག་ཤེས་པས་གནས་ལུགས་དོན། །ཤེས་བྱའི་གནས་ལ་ཤེས་བྱེད་ཚད་མས་རང་གིས་ལེགས་རྟོགས་གཞན་ལ་སྟོན་པ་ཡི། །
དོན་དང་དོན་མིན་རྣམ་པར་དཔྱོད་མཛད་ཕྱོགས་ཀྱི་གླང་པོ་གང་དེ་རྒྱལ་གྱུར་ཅིག །ཅེས་གསུངས་པ་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་འགྲོ་བ་ཀུན་གྱི་མིག་ཏུ་གྱུར་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་ཇི་ལྟར་མཛད་ཚུལ་ནི། དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[2]།
སྔོན་ཆད་ཐོར་བུར་སྩལ་བའི་ལེགས་བཤད་རྣམས། །
གཅིག་བསྡུས་ཀུན་ལས་བཏུས་པ་རྩོམ་དགོངས་ནས། །
ཏིང་འཛིན་ཕུག་པའི་ངོས་ལ་རྡོ་ཐལ་གྱིས། །
མཆོད་བརྗོད་ཚིགས་བཅད་བྲིས་ལ་ཕྱག་འཚལ་ལོ། །
དེ་ཡི་མོད་ལ་དགེ་ལེགས་ལྕི་བའི་ཁུར། །
མ་བཟོད་ནོར་འཛིན་བུ་མོ་རབ་འདར་ཞིང་། །
སྒྲ་དང་འོད་འབྱིན་མུ་སྟེགས་མཁས་རྣམས་ཀྱི། །
བྱིན་པ་ཤིང་ལྟར་གྱུར་ལ་ཕྱག་འཚལ་ལོ། །
དེ་ནས་ཉེ་བར་ནག་པོ་ཐུབ་རྒྱལ་[3]ཞེས། །
ཟད་བྱེད་སྟོན་པས་ཚུལ་དེ་ཤེས་གྱུར་ནས། །
རྡོ་ཡི་རི་མོ་ལན་གསུམ་བསུབ་བྱས་ཀྱང་། །
ཐུགས་ཀྱི་རི་མོ་བརྟན་ལ་ཕྱག་འཚལ་ལོ། །
སློབ་དཔོན་ཉིད་དང་མུ་སྟེགས་སྟོན་པ་གཉིས། །
སྙིང་ལ་གཅེས་པའི་བསྟན་པ་རྒྱལ་བཙུགས་ཏེ། །
ལན་གསུམ་རྩོད་པའི་དཔུང་གིས་སྨྲ་ངན་དེ། །
རབ་ཏུ་ཕམ་པར་བྱས་ལ་ཕྱག་འཚལ་ལོ། །
དེ་ནས་བསྟན་ལ་འཇུག་པའི་ཐ་ཚིག་དེ། །
བསྐུལ་བས་མུ་སྟེགས་ཁྲོས་པས་མེ་སྤར་ཏེ། །
མི་བསྲུན་སྐྱེ་བོའི་ངང་ཚུལ་རབ་བསྟན་ཀྱང་། །
གཞན་དོན་སྐྱོ་བ་སྤངས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[4]ཀྱང་། དུས་ནམ་ཞིག་ན་རིགས་པའི་མིག་དང་བྲལ་བའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཏེ་རིགས་པའི་མིག་སྦྱིན་པར་མཛད་བཞེད་པ་ན། གདུལ་བྱ་རྣམས་བློ་གྲོས་ཀྱི་མཐུ་ཤིན་ཏུ་ཆུང་བ་དང་། སྔར་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་ཀྱང་རྣམ་གྲངས་མང་བས་ཁ་འཐོར་བ་ལྟ་བུར་གྱུར་པར་གཟིགས་ཏེ། སྔར་མཛད་པ་དེ་དག་ཐམས་ཅད་ཀྱི་གནད་བསྡུས་ཏེ་གསུང་རབ་སྤྱིའི་དགོངས་འགྲེལ་ཚད་མ་ཀུན་ལས་བཏུས་པ་རྩོམ་པར་བཞེད་ནས། ཞེས་བྱུང་བ་ལྟར། ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[5]། ནམ་ཞིག་ན་བསྟན་བཅོས་དེ་དག་ཀྱང་ཐོར་བུ་ལྟ་བུར་སོང་ནས་ལུས་ཡོངས་སུ་མ་རྫོགས་པར་དགོངས་ནས། དེ་དག་གི་བརྗོད་བྱ་ཐམས་ཅད་ཚང་ཞིང་ལུས་གཅིག་ཏུ་དྲིལ་ནས་སྟོན་པའི་བསྟན་བཅོས་ཤིག་བརྩམ་པར་བགྱིའོ་སྙམ་དུ། ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བ་ན་རང་གི་བསྟི་གནས་ཡོད་པའི་ཕུག་པ་དེའི་བྲག་ངོས་སུ། ཞེས་ཚད་མའི་མདོ་ཀུན་ལས་བཏུས་པ་མཛད་ཡུལ་ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བའི་གནས་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་གཤེགས་ནས་བསམ་གཏན་ལ་བརྩོན་པར་མཛད་དོ། །དེར་རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་རྟོག་གེའི་ཚུལ་ལུགས་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས་གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དང་དམ་བཅའ[7]།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །
བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །
ཞེས་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང༌། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང༌། སྒྲ་ཆེན་པོ་གྲགས་པར་གྱུར། དེར་བྲམ་ཟེ་ནག་པོ་ཞེས་བྱ་བས་དེ་ལྟ་བུའི་ལྟས་ཡིན་པར་ཤེས་ཏེ། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་དེས་འོངས་ཏེ་བསུབས། དེ་ལྟར་ལན་གཉིས་སུ་བསུབས་པས་ལན་གསུམ་པ་བྲིས་པས། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབ་ཅིག །གལ་ཏེ་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཞེས་པ་བྲིས་ཏེ། ཡང་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་བསུབ་ཏུ་འོངས་པས་ཡི་གེ་མཐོང་ནས་བསྡད་དོ། །དེར་སློབ་དཔོན་འཁོར་ནས། བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་མང་པོར་མུ་སྟེགས་ཕམ་པར་བྱས་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིག་བྱས་པ་ན། དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་རྣམས་ཚིག །སློབ་དཔོན་ཡང་ཚིག་ལ་ཁད་པར་བྱུང་སྟེ། མུ་སྟེགས་དེ་ཕྱིར་སོང་ངོ༌། །བདག་གིས་འདི་གཅིག་པུའི་དོན་ཡང་མི་ནུས་ན་གཞན་གྱི་དོན་ག་ལ་ནུས་སྙམ་དུ་སེམས་བསྐྱེད་གཏོང་བར་བརྩམས་པ་ན། འཕགས་པ་འཇམ་དཔལ་མངོན་སུམ་དུ་བྱོན་ཏེ། བུ་མ་བྱེད་མ་བྱེད་སྐྱེ་བོ་དམན་དང་འཕྲད་ལས་བློ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། །ཁྱོད་ཀྱི་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། །ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས་པ་ལ། སློབ་དཔོན་གྱིས།
བཟོད་དཀའི་སྡུག་བསྔལ་དུ་མ་དང་ལྡན་བརྣག་དཀའ་ལ། །
སེམས་ཀྱང་དམ་པ་མིན་པའི་སྤྱོད་པ་ལ་དགའ་ཞིང༌། །
སྐྱེ་བོ་དམ་པ་འཕྲད་དཀའ་གལ་ཏེ་ཁྱོད་ཀྱི་ཞལ་མཐོང་ཡང༌། །
བདག་ལ་བྱིན་གྱིས་མ་བརླབས་དེ་ལ་ཅི་བགྱིར་མཆི། །
ཞེས་ཞུས་པས། བུ་ཁྱོད་མ་དགའ་བར་མ་བྱེད་ཅིག །ཉམ་ང་བ་ཐམས་ཅད་ལས་བདག་གིས་བསྲུང་ངོ༌། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ།།
དེ་བཞིན་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[8]། དེ་ནས་སློབ་དཔོན་གྱིས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡང་དག་པའི་དོན་མ་རིག་པ་ཡིན་པས། དེ་སྤང་བའི་ཕྱིར་དང་། གཉེན་པོ་ཤེས་རབ་བསྐྱེད་པའི་ཕྱིར་མཛོད་ཀྱི་འགྲེལ་པ་དང་། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང་། དམིགས་པ་བརྟག་པ་ལ་སོགས་པ་བསྟན་བཅོས་ཐོར་བུ་བ་བརྒྱ་རྩ་བརྩམས་སོ། །དེ་དག་ཀྱང་འཐོར་བ་ལྟ་བུར་གྱུར་པས། གཅིག་ཏུ་བསྡུས་པ་ཚད་མའི་མདོ་ཀུན་ལས་བཏུས་པ་བརྩམ་མོ་ཞེས་དགོངས་ཏེ། ཕྱོགས་ཀྱི་གླང་པོའི་ཕུག་ཅེས་པའི་བྲག་ངོས་ལ་རྡོ་ཐལ་གྱིས།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །
ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །
བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །[9]
ཞེས་མཆོད་བརྗོད་དང་བཤད་པར་དམ་བཅའ་བྲིས་པ་ཙམ་གྱིས། ས་གཡོས། འོད་གསལ། སྒྲ་ཆེན་པོ་གྲག །མུ་སྟེགས་ཀྱི་སྟོན་པ་རྣམས་བྱིན་པ་ཤིང་བཞིན་རེངས་པ་ལ་སོགས་པ་ལྟས་ཁྱད་པར་ཅན་དུ་མ་བྱུང་། དེའི་ཚེ་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ནག་པོ་ཐུབ་རྒྱལ་ཞེས་བྱ་བ་ཞིག་ཡོད་པས། མངོན་ཤེས་ཕྲ་མོས་བལྟས་པས་དེའི་མཐུར་ཤེས་ཏེ། ཕྲག་དོག་གི་དབང་གིས། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་ཕྱིན་ཏེ། ལན་གཉིས་སུ་བསུབས་པ་དང་། སློབ་དཔོན་གྱིས་གསུམ་པ་བྲིས་ནས། མཇུག་ཏུ་ངས་བྲིས་པའི་ཚིགས་སུ་བཅད་པ་འཕྱི་བ་སུ་ཡིན། ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་ཕྱི། ཕྲག་དོག་གི་དབང་གིས་ཡིན་ན། བློ་ལ་ཡོད་པས་དབྱི་བར་མི་ནུས་སོ། །ནོར་ཏེ་རྩོད་པར་བཟོད་ན། ལུས་སྣང་བར་གྱིས་ཤིག་བརྩད་པར་བྱའོ་ཞེས་བྲིས་སོ། །ཡང་ལྟས་སྔར་བཞིན་དུ་བྱུང་སྟེ། ཕྱིར་འོངས་པས་བརྩད་པར་བྱའོ་ཞེས་པ་མཐོང་སྟེ་བསྡད་དོ། །
སློབ་དཔོན་བསོད་སྙོམས་འཁོར་ཏེ་བྱོན་པ་དང་། ཕྲད་ནས་བསྟན་པ་རྒྱན་དུ་བཙུགས་ཏེ། བརྩད་པས་ལན་གཉིས་ལན་གསུམ་གྱི་བར་དུ་མུ་སྟེགས་ཕམ་པར་བྱས་ཏེ། ད་ཁྱོད་ནང་པའི་བསྟན་པ་ལ་ཞུགས་གསུངས་པས། ཁོ་ཁྲོས་ནས་ཁ་ནས་མེ་སྤར་ཏེ། སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་བསྲེགས། སློབ་དཔོན་ཡང་ཚིག་ལ་ཁད་པར་བྱས་པས་ཐུགས་སྐྱོ་སྟེ། ཡོང་ཡེ་ངས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྙམ་མོད་ཀྱི། མུ་སྟེགས་འདི་གཅིག་པུའི་དོན་ཡང་བྱ་མི་ནུས་པར་འདུག་པས། རང་དོན་ཞི་བདེ་མངོན་དུ་བྱའོ། །སྙམ་དུ་དགོངས་ནས། རྡོ་ཐལ་ནམ་མཁའ་ལ་འཕངས་ཏེ། ས་ལ་བབས་མ་ཐག་སེམས་བསྐྱེད་བཏང་ངོ་སྙམ་དུ་འཕངས་པས། ས་ལ་མ་བབས་པར་འཇམ་དཔལ་དངོས་སུ་བྱོན་ཏེ། བུ། མ་བྱེད་མ་བྱེད་ཐེག་པ་དམན་དང་ཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་སྟེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས་བྱ་སྟེ། ཁྱོད་ཀྱིས་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱིས། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་རྗེས་སུ་བཟུང་ངོ་ཞེས་ཁ་ཅིག་འཆད་དོ། །ཞེས་བྱུང་བ་རྣམས་ནི་བོད་ཀྱི་ཆོས་འབྱུང་སྤྱི་དང་། ཕྱིས་རྒྱ་ནག་གི་ཡིག་ཚང་སོགས་ལས་བཏུས་པའི་གཙུག་ལག་གི་ལོ་རྒྱུས་རྣམས་[10]དང་། ཁྱད་པར་བུ་སྟོན་དང་། ཏཱ་ར་ནཱ་ཐའི་ཆོས་འབྱུང་སོགས་ལས་གསུང་ཚུལ་ཡིན་ལ། སློབ་དཔོན་ཆོས་མཆོག་ལ་སོགས་པའི་བཞེད་པ་ནི་དེ་དག་ལས་ཅུང་ཟད་ཐ་དད་དུ་བཀོད་འདུག་ཅིང་། རྒྱ་གར་ཆོས་འབྱུང་ན་མ་གྷ་དྷའི་པཎྜི་ཏ་ས་བཟང་པོས་བསྒྲིགས་པའི་བྱུང་བ་དང་། པཎྜི་ཏ་དབང་པོ་སྦྱིན་གྱིས་མཛད་པའི་ནང་པའི་སྔོན་རབས་དང་། བྲམ་ཟེའི་པཎྜི་ཏ་བྷཌྜ་གྷ་ཏིས་བྱས་པའི་སློབ་དཔོན་རབས་ཀྱི་གཏམ་གཞུང་དང་། གཏམ་རྒྱུད་མེ་ཏོག་ཕྲེང་བ་སོགས་ལ་གཙོ་བོར་བརྟེན་པར་བཤད་པས་ཁུངས་བཟང་ཡང་། གོང་སྨོས་གནའ་གཞུང་དེ་རྣམས་དུས་ཕྱིས་སུ་བྲིས་པར་གསལ་ཞིང་། ལོ་རྒྱུས་དེ་དག་ཏུ་འཁོད་པའི་གཏམ་རྣམས་རྒྱ་ནག་གི་གནས་སྐོར་བ་ཝེན་ཚེག་[11]གམ་དེང་སྐབས་ཧྭེན་སཱང་ཡང་ཟེར་བ་དེས་བཀོད་པའི་གཏམ་རྒྱུད་དང་ཡང་ཕལ་ཆེར་མཐུན་པས། ཕལ་ཆེར་དངོས་འབྲེལ་གྱི་ལོ་རྒྱུས་སུ་ངེས་སླ། དེ་ལྟའང་ཕྱོགས་གླང་གི་སྐོར་རྣམས་ནི། སློབ་དཔོན་ཆོས་མཆོག་དང་ཕྱོགས་ཀྱི་གླང་པོ་རྣམ་གཉིས་དུས་ཉེ་ལ[12]། དེ་སྐོར་ལ་སློབ་དཔོན་ཆོས་མཆོག་དང་། སློབ་དཔོན་ཡེ་ཤེས་དཔལ་བཟང་པོ་ལྟ་བུའི་མཁས་དབང་དག་ལ་འཁྲུལ་པ་རགས་པ་དེ་ཙམ་མི་འབྱུང་བས། སློབ་དཔོན་འདི་གཉིས་ཀྱི་གསུང་བཟང་ཚད་མར་བྱས་ན་ལེགས་པར་སེམས་སོ།།
༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་འཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་ལས[13]།
ཕྱོགས་བྲལ་དངོས་སྟོབས་རིག་པའི་འཁོར་ལོ་ཡིས། །
རྒོལ་ངན་ཕྱེར་འཐག་གླང་པོ་ཐུབ་གསུང་གིས། །
ཤལླི་ཀ་ཚལ་རྟག་རྒྱུར་འཇམ་མགོན་གྱིས། །
རྗེས་བཟུང་ཡོངས་འཛིན་དང་མཚུངས་བདག་ཐོབ་ཤོག །
ཅེས་གསུངས་པ་ལྟར་སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས[14]། སློབ་དཔོན་ཕྱོགས་ཀྱི་གླང་པོ་རི་ཕུག་དབེན་པ་ཞིག་ན་སྒོམ་པ་ལ་བརྩོན་པས་གནས་པ་ན། གནས་སྐབས་འགའ་ཞིག་ཏུ་འཁོར་བ་ལས་ཡིད་བྱུང་ནས་སེམས་ཅན་གྱི་དོན་ལས་གཞན་དུ་ཕྱོགས་ཏེ། གཅིག་པུ་གྲོལ་བར་འདོད་པ་ན། སྐད་ཅིག་དེ་ལ་འཕགས་པ་འཇམ་དཔལ་བྱོན་ནས། བུ་སྐྱེ་བོ་ངན་པ་དང་རྗེས་སུ་མཐུན་པར་སེམས་སྡར་བའི་(བས་)གཞན་གྱི་དབང་དུ་གྱུར་ཏེ། སེམས་ཅན་ཀུན་ལ་ཕན་པར་ནུས་པའི་སེམས་ཡོད་བཞིན་དུ་ཅིའི་ཕྱིར་བཏང་སྙོམས་སུ་བྱེད་ཅེས་གསུངས་པ་དང་། ལན་དུ་བཅོམ་ལྡན་འདས་འཁོར་བ་ནི་བཟོད་པར་དཀའ་བའི་སྡུག་བསྔལ་དུ་མ་དང་ལྡན་པས་བསྲན་པར་མི་ནུས་ལ། སེམས་ཀྱང་དམ་པ་མ་ཡིན་པའི་སྐྱེ་བོ་ལ་དགའ་བས་གཡོ་བར་སྤྱོད་ཅིང་། ཁྱེད་མཐོང་ཡང་བདག་ལ་བྱིན་གྱིས་མ་བརླབས་ན། དེ་ལ་ཅི་ཞིག་བགྱིར་མཆིས་ཞེས་གསུངས་པ་དང་། ལན་དུ་ཇི་སྲིད་ས་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཉིད་དོ་ཞེས་གསུངས་ཏེ། མི་སྣང་བར་གྱུར་ཏོ། །དེ་ལྟར་ན་བྱང་ཆུབ་ལ་ཞུགས་པ་དང་། སེམས་དཔའ་ཆེན་པོས་བྱིན་གྱིས་བརླབས་པས་ན། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པར་ངེས་པར་བྱའོ། །ཞེས་གསུངས་སོ།།
དེ་བཞིན་དུ་ཁ་ཆེ་ཛྙཱ་ན་ཤྲཱི་བྷ་དྲ་སྟེ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་ (དུས་རབས་11པ།) མཛད་པའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས་[15]ཀྱང་། ཕལ་ཆེར་ཕྱོགས་མཚུངས་སུ་གསལ་ལ། རྒྱ་གར་འཕགས་ཡུལ་དུ་ཚད་མ་རིག་པའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་ཀླུང་ཆེས་རིང་པོའི་ནང་དུ་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྣམ་ཐར་དག་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་ཚད་མར་བཞེད་པ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས[16]།
འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །
དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །
འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །
གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །
ཅེས་སོགས་གསུངས་ཏེ། ཀུན་བཏུས་རྩོམ་པའི་རྒྱུར་འཇམ་དབྱངས་ཀྱི་ལུང་བསྟན་ཡོད་པར་གསལ་བར་གསུངས་ལ། ཀུན་གྱིས་དེ་ལ་རྣམ་གྲོལ་སྒྲུབ་པའི་ལམ་གལ་གནད་ཆེ་བ་གང་ཡང་མེད་ཅེས་བརྗོད་སྐབས། འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ་དངོས་སུ་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་རྩོམས་ཤིག་དང་། མ་འོངས་པ་ན་འགྲོ་བ་རྣམས་ཀྱི་མིག་ཏུ་འགྱུར་རོ་ཞེས་ལུང་བསྟན་ཅིང་དབུགས་ཕྱུང་ནས་ཚད་མ་ཀུན་ལས་བཏུས་པ་རྩོམ་པར་སྐུལ་མ་མཛད་པ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ཐུགས་རྗེ་དང་སྙིང་སྟོབས་ཆེར་བཞེས་ནས་ཚད་མ་ཀུན་ལས་བཏུས་པ་མཛད་དེ། འཛམ་བུ་གླིང་གི་འགྲོ་བ་ཐམས་ཅད་ལ་བློ་གྲོས་ཀྱི་མིག་སྦྱིན་པར་མཛད་དོ།།
དེས་ན་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[17]།
གུར་གུམ་ལང་ཚོ་རབ་རྒྱས་མཁྱེན་པའི་གཏེར། །
རྟག་ཏུ་ཁྱོད་ཀྱི་བཤེས་སུ་ང་འགྱུར་ཞིང་། །
ཆོས་འདི་མ་འོངས་སྐྱེ་རྒུའི་མིག་འགྱུར་ཞེས། །
མངོན་སུམ་དབུགས་དབྱུང་མཛད་ལ་ཕྱག་འཚལ་ལོ། །
དེ་ནས་ཀུན་བཏུས་རང་འགྲེལ་བཅས་པ་སོགས། །
ཐུབ་བསྟན་པདྨོ་རྒོད་པའི་ཚ་ཟེར་གྱིས། །
སྨྲ་ངན་འབྱུང་པོའི་གཉིས་སྐྱེས་མཐའ་དག་གི །
བློ་མིག་ཟུམ་པར་བྱས་ལ་ཕྱག་འཚལ་ལོ། །
ཐུབ་བསྟན་པད་མཚོར་འཇིགས་མེད་རྟག་རོལ་ཞིང་། །
ལོག་སྨྲའི་ཚལ་འཇོམས་ཕྱོགས་ཀྱི་གླང་པོ་ཞེས། །
གྲགས་པ་འཕགས་ཡུལ་མཁས་མང་མཐའ་དག་གི །
མགྲིན་པའི་རྒྱན་དུ་བྱས་ལ་ཕྱག་འཚལ་ལོ། །
ཞེས་རྣམ་ཐར་གྱི་སྙིང་པོ་གསལ་བའི་སྒོ་ནས་བསྟོད་ཕྱག་མཛད་པ་ལྟར་རོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དགེ་བ་རྒྱལ་མཚན་གྱི་ཀུན་བཏུས། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་ ༢ན༡
[2] ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་ ༡༩བ༡
[3] འདིའི་མིང་ལ་གཞུང་འགར་ནག་པོ་དང་། བྲམ་ཟེ་ནག་པོ། ཐུབ་རྒྱལ་ནག་པོ། ནག་པོ་ཐུབ་རྒྱལ་ཞེས་སོགས་བྱུང་ལ། བོད་ཀྱི་ཁ་རྒྱུན་ལ་ནང་པའི་མཁས་པའི་རྩོད་ཟླ་ཕལ་མོ་ཆེར་ནག་པོ་ཞེས་ཟུར་ཟ་བའི་ཚུལ་ཡང་ཡོད་པ་ལྟར་སྣང་སྟེ། དཔེར་ན། ཐུབ་དཀའ་ནག་པོ་དང་། པུར་ན་ནག་པོ། (ས་པཎ་གྱི་རྩོད་ཟླ།) དང་། འཕྲོག་བྱེད་ནག་པོ། ནག་པོ་འཕྲོག་བྱེད་དགའ་བོ་ཟེར་བ་སོགས་ཏེ། འདི་དག་ཕལ་ཆེར་དངོས་པོ་ལ་མ་རེག་པའི་གཏམ་ལྟ་བུར་སྣང་ཞིང་། རྒྱ་གར་གནའ་བོའི་ལོ་རྒྱུས་རྣམས་སུ་ཡང་། མིང་དེ་དང་དེའི་སྔོན་གྱི་མཁས་པ་མི་འདུག་པས། བརྟག་པར་བྱ་བ་ཁོ་ནའོ།།
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་ ༨༦
[5] རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་ ༣༧ན༥
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༦༦
[7] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༣
[8] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༡༥༩
[9] དེ་བཞིན་སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱན་ལས། ཚད་མ་ཡང་དག་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །རྟོག་གེ་ངན་འཁྲུལ་འགྲོ་བ་ལ་བརྩེ་བས། །ཚད་མ་གྲུབ་པ་ཚུལ་བཞིན་བཤད་པར་བྱ། །ཞེས་བྱུང་ལ། དེ་བཞིན་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་ (1364-1432) མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པ་ལས། འདིའི་བསྡུས་པའི་དོན་ནི། ཕྱེད་སྔ་མས་མཆོད་བརྗོད་དང༌། ཕྱི་མས་བཤད་པར་དམ་བཅའ་བསྟན་ཏེ། མཆོད་བརྗོད་ཀྱིས་སྟོན་པ་ལ་རྒྱུ་ཕུན་ཚོགས་དང༌། འབྲས་བུ་ཕུན་ཚོགས་གཉིས་ཀྱིས་བསྟོད་དོ། །ཞེས་མཆོད་བརྗོད་ཀྱི་རྐང་པ་གཉིས་པ་དང་། བརྩམ་པར་དམ་བཅའི་རྐང་པ་ཕྱི་མ་གཉིས་གཞན་དང་མི་འདྲ་བ་ཞིག་བྱུང་ངོ་།། (བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཏེ༽ དེབ་ཨང་ ༩༩ པ། ཤོག་གྲངས་ ༧༦༩)
[10] ལྕང་སྐྱའི་གསུང་དང་། ཐུའུ་བཀྭན་གྱི་ཆོས་འབྱུང་སོགས་འདི་ཁུངས་ཡིན།
[11] ཝེན་ཚེག་གམ་ཧྭེན་སཱང་གི་དུས་རབས་ནི་ 629-645 ཙམ་ལ་འཇོག །ཝེན་ཚེག་ནི་ཀོ་རི་ཡའོ། །ལ་ལར་དུས་རབས་བརྒྱད་པའི་ནང་ཁོ་རེ་ཡའི་བཙུན་པ་ཝན་ཚེག་དང་། བོད་མིང་ལ་ཆོས་སྐྱབས་ཞུ་བ་གཉིས་ཀྱིས་རྒྱལ་ས་ཁྲང་ཨན་གྱི་ཤི་མིན་ལྷ་ཁང་དུ་བོད་ཡིག་ཐོག་ཡོད་པའི་རྒྱལ་བའི་བཀའ་འགྱུར་རྒྱ་ཡིག་ཏུ་བསྒྱུར་བའི་ལོ་རྒྱུས་ཡོད་པར་སྣང་ལ། སྐབས་དེར་ཀོ་རི་ཡའི་རྒྱལ་ཁབ་ཏུ་ཡི་གེ་བྱུང་ནས་ལོ་བཞི་བརྒྱ་ཙམ་ལས་ཕྱིན་མེད་པ་འདྲ་བས། ཡི་གེ་མེད་རྐྱེན་རྒྱ་ཡིག་ཏུ་བསྒྱུར་བ་དང་། སྐབས་དེར་མི་རིགས་འདིས་རྒྱ་ཡིག་སྤྱོད་པར་བཤད། བཙུན་པ་འདི་གཉིས་ཀྱིས་བོད་ཡིག་ཐོག་གི་རྒྱལ་བའི་བཀའ་གང་དག་རྒྱ་ཡིག་ཏུ་བསྒྱུར་མིན་བཙལ་ཡང་མ་རྙེད་དོ།།
[12] ཆོས་མཆོག་གི་དུས་རབས་ལ་མི་མཐུན་པ་མང་ངོ་།།
[13] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༢༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༤༨
[14] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཛེ༽ དེབ་ཨང་། ༡༠༤ པ། ཤོག་གྲངས་ ༧༦༤
[15] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཚེ༽ དེབ་ཨང་། ༡༠༤ པ། ཤོག་གྲངས་ ༤༤༩
[16] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག ། ༼༢༽ མ་ནི་པལ་པར་ཁང་། ༢༠༡༢ ཤོག་གྲངས་ ༣༩༠
[17] ཨཱཀྱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་གྲངས་ ༡༩ན༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༧ ནས་ ༢༧༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།