༢༽ ཐོགས་མེད་ཀྱི་གསུང་ས་སྡེ་ལྔ།

༢༽ ཐོགས་མེད་ཀྱི་གསུང་ས་སྡེ་ལྔ།

 

དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]།

ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མ་ཕམ་ཞལ་གྱི་བཅུད་གཞིབས་ནས། །

རིགས་ཁམས་སངས་རྒྱས་དངོས་བསྟན་པས། །མེད་དགག་འཇོམས་མཛད་དེར་ཕྱག་འཚལ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ནི། ཡར་རྗེ་ཨུ་རྒྱན་གླིང་པས་ (1323-?) གཏེར་ནས་དྲངས་པའི་བཀའ་ཐང་སྡེ་ལྔ་ལས[2]།

དེ་རྣམས་རྒྱུན་འཛིན་ཐོགས་མེད་དེ༔ ས་སྡེ་ལྔ་དང་སྡོམ་གཉིས་མཛད༔

ས་ཡི་དངོས་གཞི་བསྡུ་བ་དང༔ རྣམ་པར་གཏན་ལ་དབབ་པར་བསྡུ༔

གཞི་བསྡུ་བ་དང་རྣམ་ངེས་བསྡུ༔ རྣམ་པར་བཤད་པ་བསྡུ་བའོ༔

ཐུན་མོང་སྡོམ་ནི་ཀུན་ལས་བཏུས༔ ཐེག་ཆེན་སྡོམ་ནི་ཐེག་བསྡུས་སོ༔

དེ་རྣམས་མངོན་པ་གོང་མར་གྲགས༔

ཞེས་གསུངས་པ་ལྟར་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་མཛད་པ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]། གནས་དེར་བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད་ཅིང་། མངོན་པར་རྟོགས་པའི་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། དེ་ནས་རིམ་གྱིས་རྒྱུད་བླ་མའི་འགྲེལ་པ་དང༌། མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་མཛད་ཅིང༌། རྗེ་བཙུན་གྱི་མན་ངག་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་རྒྱས་པར་སྟོན་པ་བྱང་ཆུབ་སེམས་དཔའི་ས་སོགས་ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས་མཛད་དེ། ས་སྡེ་ལྔ་ནི་སའི་དངོས་གཞི། བྱང་ས། ཉན་ས། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ་སྟེ་ལྔའོ[4]། །གཞི་བསྡུ་བ་ལ་མདོ་སྡེ་བསྡུ་བ། འདུལ་བ་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་བཤད་བསྡུ་བ་སྟེ་བཞི་ཡོད་དོ། །སྡོམ་རྣམ་གཉིས་ནི། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་དང་། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་བཏུས་གཉིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་མདོག་ཅན་གྱི་སྒྲུབ་ཐབས་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེར་ཕྱིན་གྱི་སྒྲུབ་ཐབས། ཡང་ཤེར་ཕྱིན་གྱི་སྒྲུབ་ཐབས། སངས་རྒྱས་རྗེས་དྲན་གྱི་མདོའི་འགྲེལ་པ། ཆོས་རྗེས་དྲན་གྱི་མདོའི་འགྲེལ་པ། དགེ་འདུན་རྗེས་དྲན་གྱི་མདོའི་འགྲེལ་པ། བསམ་གཏན་གྱི་སྒྲོན་མ། འཕགས་པ་བྱམས་པའི་སྒྲུབ་ཐབས། ཆོས་སྐུའི་ཡོན་ཏན་ཐུན་མོང་མ་ཡིན་པའི་བསྟོད་པ་རྣམས་མཛད་དོ། །ཞེས་གསུངས་པ་ལྟར་ལེགས་བཤད་ཀྱི་གསུང་བཟང་རྨད་དུ་བྱུང་བ་མང་དུ་མཛད་ནས་ཐེག་ཆེན་གྱི་བསྟན་པ་ཆེས་ཆེར་རྒྱས་པར་མཛད་པའོ།།

དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་གཞུང་ལུགས་དུ་མའི་བརྗོད་བྱ་བསྟན་པ་ཉེར་མཁོ་བློ་ལྡན་དགའ་བྱེད་ལས[5]།

ས་ཡི་དངོས་གཞི་རྣམ་གྲངས་བསྡུ་བ་དང་། །རྣམ་པར་བཤད་པའི་བསྡུ་བ་གཞི་བསྡུ་བ། །

གཏན་ལ་ཕབ་པའི་བསྡུ་བ་ས་སྡེ་ལྔ། །

ཞེས་དང་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[6]། མི་ཡུལ་དུ་བྱོན་ནས། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་ལ་སོགས་པ་ཐེག་ཆེན་གྱི་སྡེ་སྣོད་དམ། སྡེ་སྣོད་གསུམ་གཏན་ལ་འབེབས་པ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། དེའི་དོན་སྡུད་པ་སྡོམ་རྣམ་གཉིས་བརྩམས་ཏེ། མངོན་པ་ཀུན་ལས་བཏུས་ནི་ཐེག་པ་ཐུན་མོང་གི་སྡོམ་ཡིན་ནོ། །ཁ་ཅིག་སློབ་དཔོན་ཨ་བྷ་ཡས། ཐེག་པ་ཆེན་པོའི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་ཞེས་བཤད་པས་ཐུན་མོང་དུ་མི་འཐད་ཟེར་ཡང་། སྐྱོན་མེད་དེ། ཐེག་ཆེན་གྱི་བསྟན་བཅོས་ཡིན་ཡང་ཐེག་པ་གསུམ་གའི་དོན་སྟོན་པ་མི་འགལ་ཏེ་ས་སྡེ་བཞིན་ནོ། །བྱམས་ཆོས་ལྔ་ཡང་ཡི་གེར་བཀོད་དེ། མངོན་རྟོགས་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། རྒྱུད་བླའི་འགྲེལ་པ་དང་། མདོ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་སོགས་མཛད་ཅིང་ས་གསུམ་པ་བརྙེས་པས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ། །ཞེས་གསུངས་སོ།།

དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ལས[7]།

རྣམ་རིག་ལྟ་སྟོན་ས་སྡེ་ལྔ་པོ་དང་། །ཀུན་བཏུས་ཐེག་བསྡུས་ཉི་ཁྲི་རྣམ་པར་ངེས། །

མཐའ་བྲལ་ལྟ་སྟོན་རྒྱུད་བླ་ཊཱིཀ་ཆེན་སོགས། །གདམས་པས་ས་གསུམ་ཁྱབ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་གྲུབ་མཐའི་རྣམ་བཤད་ལས[8]། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། མངོན་རྟོགས་རྒྱན་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས། ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་དོན་རྒྱས་པར་བསྟན་པ་ས་སྡེ་ལྔ། ༡. ས་ཡི་དངོས་གཞི། ༢. རྣམ་པར་གཏན་ལ་དབབ་པ་བསྡུ་བ། ༣. གཞི་བསྡུ་བ། ༤. རྣམ་གྲངས་བསྡུ་བ། ༥. རྣམ་པར་བཤད་པའི་སྒོ་བསྡུ་བ་བཅས་ཐེག་པ་ཐུན་མོང་གི་དོན་བསྡུས་ཏེ་སྟོན་པ་མངོན་པ་ཀུན་བཏུས་འདི་རྣམས་བསྟན་འགྱུར་སྣར་ཐང་པར་མའི་མདོ་ཕྱོགས་ཀྱི་སྐོར་པོད་ ༼ཛི༽ ༼ཝི༽ ༼ཞི༽ ༼ཟི༽ ༼འི༽ ༼ཡི༽ ༼ལི༽ བཅས་སུ་ཡོད། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་བསྟན་འགྱུར་མདོ་ཕྱོགས་ཀྱི་སྐོར་པོད་ ༼ངི༽ པར་ཡོད། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་བསྟན་འགྱུར་མདོ་ཕྱོགས་སྐོར་པོད་ ༼ཕི༽ པར་ཡོད། དེ་རྣམས་ཀྱི་ནང་ནས་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་དེ་དུས་རབས་བཅུ་གཅིག་པའི་འགོར་བསྒྱུར་བ་ཙམ་མ་གཏོགས། དེ་བྱིངས་ཚང་མ་དུས་རབས་བརྒྱད་པའི་དཀྱིལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བ་ཡིན། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་རྒྱ་གར་ཆོས་འབྱུང་ལེའུ་ཉི་ཤུ་རྩ་གཉིས་པར་གསལ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་སོགས་མཛད་ནས་སངས་རྒྱས་ཀྱི་གསུང་རབ་རྣམས་ལས་གང་ཞིག་དྲང་དོན་ཡིན་པ་དང༌། གང་ཞིག་ངེས་དོན་ཡིན་པའི་དབྱེ་བ་གསལ་པོར་ཕྱེ་ནས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་གནས་པའི་ལྟ་ཚུལ་ཐོག་མར་གསར་གཏོད་མཛད་ཅིང༌། དེའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་རྣམས་ལ་སེམས་ཙམ་པ་ཟེར། ཞེས་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་སོགས་བོད་དུ་འགྱུར་བ་རྣམས་བསྟན་འགྱུར་གྱི་པོད་གང་དུ་བཞུགས་ཚུལ་སོགས་གསལ་བར་བྱུང་ངོ་།།  །།

 

༡) ས་སྡེ་ལྔའི་བརྗོད་བྱ་དང་རྗོད་བྱེད།

ས་སྡེ་ལྔས་བརྗོད་བྱ་གང་ཞིག་གཏན་ལ་ཕབ་པའི་ཚུལ་ནི། བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོའི་ (1728-1791) གསུང་སླད་ནས་བསྡུས་པའི་ཐོར་བུ་བའི་རིམ་པ་ལས[9]།

བརྩོན་པ་ཆེན་པོས་མི་ཕམ་ཞལ་གཟིགས་ཤིང་། །ཏིང་འཛིན་སྟོབས་ཀྱིས་མན་ངག་ཀུན་གསན་ནས། །

རྣམ་རིག་སྲོལ་ཕྱེ་ས་གསུམ་བརྙེས་གྱུར་པ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་ཀྱིས་གནས་མཆོག་རི་བོ་བྱ་རྐང་དུ་རྗེ་བཙུན་བྱམས་མགོན་ལོ་ངོ་བཅུ་གཉིས་བསྒྲུབས་མཐར་ཞལ་གཟིགས་ཤིང་། ཏིང་ངེ་འཛིན་གྱི་སྟོབས་སོགས་ལས་དགའ་ལྡན་དུ་ཕེབས་ནས་རྗེ་བཙུན་གྱི་མན་ངག་ཐམས་ཅད་གསན་བཞེས་མཛད་ནས་བྱམས་ཆོས་སྡེ་ལྔ་མི་ཡུལ་དུ་གདན་དྲངས་ཏེ་ཡི་གེར་བཀོད་ཅིང་། དེ་དག་གི་འགྲེལ་པར་ས་སྡེ་ལྔ་མཛད་ནས་རྣམ་རིག་གི་ཤིང་རྟའི་སྲོལ་བཏོད་པས། དེ་ལྟ་བུའི་ས་སྡེ་ལྔ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[10]། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སེམས་ཙམ་པའི་བརྟེན་སའི་གཞུང་གི་གཙོ་བོ་ཞིག་སྟེ། ༡) སའི་དངོས་གཞི་དང་། ༢) གཏན་ལ་དབབ་པ་བསྡུ་བ། ༣) གཞི་བསྡུ་བ། ༤) རྣམ་གྲངས་བསྡུ་བ། ༥) རྣམ་པར་བཤད་པའི་སྒོ་བསྡུ་བ་སྟེ་ལྔའོ།།

དེ་དག་ལས་སའི་དངོས་གཞི་ནི་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་ཐམས་ཅད་ས་བཅུ་བདུན་དུ་བསྡུས་ནས་སྟོན་པའོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ནི་སའི་དངོས་གཞིའི་འགྲེལ་པ་ལྟ་བུ་ཡིན་པར་གསུངས་ཏེ། དེའི་གནས་སྐབས་ཀྱི་ཚིག་དོན་གཉིས་ཀ་མུ་བཞི་ལ་སོགས་པར་གཏན་ལ་དབབ་པར་བསྟན་ལ། དེའི་ནང་ནས་ཀྱང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཀྱི་རྣམ་གྲངས་བསྟན་པའོ། །གཞི་བསྡུ་བ་ནི་རྗོད་པར་བྱེད་པའི་གཞུང་དེ་དག་སྡེ་སྣོད་གསུམ་དུ་བསྡུ་བའི་ཚུལ་བསྟན་པའོ། །རྣམ་གྲངས་བསྡུ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཀྱི་རྣམ་གྲངས་བྱེ་བྲག་ཏུ་གཏན་ལ་འབེབས་པའོ། །རྣམ་པར་བཤད་པའི་སྒོ་བསྡུ་བ་ནི་དེ་དག་ཇི་ལྟར་བཤད་པའི་ཚུལ་སྟོན་པའོ། །དེ་དག་ལྔ་པོ་ལས་སྔ་མ་གཉིས་ཀྱིས་གསུང་རབ་རྣམས་ཀྱི་བརྗོད་བྱ་དང་། བར་པ་གཉིས་ཀྱིས་རྗོད་བྱེད། ཕྱི་མས་ཇི་ལྟར་བཤད་པའི་ཚུལ་སྟོན་པའི་དབང་དུ་བྱས་ནས་ས་སྡེ་ལྔ་ཞེས་བཤད་པ་ཡིན། ཞེས་དང་། དེ་བཞིན་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ལས[11]། ས་སྡེ་ལྔ་དང་སྡོམ་གཉིས་མཛད་པའི་ཕྱིར། དེ་ཡང་བརྗོད་བྱ་དོན་གྱི་ཆ་གཙོ་བོར་གཏན་ལ་འབེབས་པ་གཉིས་ཏེ། གང་ཟག་གཅིག་གི་ལམ་བསྒྲུབ་པའི་མཐུན་ཕྱོགས་ཀྱི་རིམ་པ་སྟོན་པ་སའི་དངོས་གཞི་དང་། དེ་ཁོ་ན་ཉིད་གཏན་ལ་དབབ་པའི་རྣམ་པར་གཏན་ལ་དབབ་པ་བསྡུ་བའོ། །རྗོད་བྱེད་ཚིག་གི་ཆ་ལ་བརྟགས་པའི་དབང་དུ་བྱས་པ་གཉིས་ཏེ། ཚིག་གི་ཆ་སྡེ་སྣོད་གསུམ་དུ་བསྡུ་བའི་གཞི་བསྡུ་བ་དང་། ཀུན་བྱང་གི་རྣམ་གྲངས་སྟོན་པའི་རྣམ་གྲངས་བསྡུ་བའོ། །ཚིག་དོན་དེ་གཉིས་ཀ་སྦྱར་ནས་འཆད་ཉན་གྱིས་གཏན་ལ་དབབ་ཚུལ་སྟོན་པ་གཅིག་སྟེ་རྣམ་པར་བཤད་པའི་སྒོ་བསྡུ་བའོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་མཁས་པ་ལྡེའུས་ (དུས་རབས་13པ) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[12]། དེ་ལྟ་བུའི་ཆོས་ལྔ་པོ་འདི་ཡང་སྡེ་སྣོད་གསུམ་གཏན་ལ་དབབ་པའི་ཕྱིར་གསུངས་ཏེ། མདོ་སྡེའི་སྡེ་སྣོད་གཏན་ལ་དབབ་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་དང་རྒྱུད་བླ་མ་མཛད། འདུལ་བའི་སྡེ་སྣོད་གཏན་ལ་འབེབས་པ་ལ། མངོན་རྟོགས་རྒྱན། མངོན་པ་ལ་ཆོས་དང་ཆོས་ཉིད་དང་དབུས་དང་མཐའ་གཉིས་མཛད། དེ་ལྟ་བུའི་ཆོས་ལྔ་པོ་དེ་བྱམས་པས་ཐོགས་མེད་ལ་གནང་སྟེ། ཐོགས་མེད་ཀྱིས་ཀྱང་སྡེ་སྣོད་མཐའ་དག་གི་དོན་གསལ་བར་བྱ་བའི་ཕྱིར། རྣལ་འབྱོར་པའི་ས་སྡེ་ལྔ། སྡོམ་རྣམ་པ་གཉིས་མཛད་དེ། དེ་ལ་སའི་དངོས་གཞི་ནི་རྩ་བ་ལྟ་བུ་ཡིན་ལ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ནི་དེའི་ཚིག་གི་འགྲེལ་པ་ཡིན་ཅིང༌། གཞི་བསྡུ་བ་ནི་དེའི་དོན་གྱི་ཆ་སྟེ། སྡེ་སྣོད་གསུམ་གྱི་བདག་ཉིད་དུ་འགྲེལ་ལ། རྣམ་གྲངས་བསྡུ་བས་ནི། དེ་བསྟན་པར་བྱ་བ། རྣམ་པར་སྤྱད་པ་བསྡུ་བས། དེའི་དོན་སློབ་མ་ལ་ཇི་ལྟར་བཤད་ཐབས་སྟོན་པར་བརྩམས་པའོ། །དེ་ཡང་ལྔ་པོ་བསྡུས་པས་ས་བཅུ་བདུན་དུ་བཞག་སྟེ་དང་པོ་དགུ་ནི་འཁོར་བར་འཇུག་ཕྱོགས་ཀྱི་ས་ལ། འཁོར་བ་ལས་ཟློག་པའི་ཕྱོགས་ནས་འོག་མ་བརྒྱད་བཞག་གོ །སྡོམ་རྣམ་གཉིས་ནི་ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་དང༌། ཐུན་མོང་མ་ཡིན་པའི་སྡོམ་ཐེག་པ་བསྡུས་པའོ། །དེ་ཡང་མངོན་པ་ཀུན་ལས་བཏུས་ལྔ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་དུ་བཞག་ཅིང༌། ཐེག་པ་བསྡུས་པ་ནི་ཤེས་བྱའི་གནས་ལ་སོགས་བཅུས་ཐེག་པ་ཆེན་པོ་མཐའ་དག་གི་དོན་བསྡུས་པར་བརྩམས་སོ། །ཞེས་བྱུང་ངོ་།།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890/1899) ཤེས་བྱ་ཀུན་ཁྱབ་ལས་[13]ཀྱང་། ས་སྡེ་ལྔ་ནི། དངོས་གཞི་རང་བསྡུ་བ་བཞི་སྟེ། དེ་ལ་སའི་དངོས་གཞི་ནི་ས་བཅུ་ཀུན་ཏུ་བསྡུས་ནས་སྟོན་པ་སྟེ། དེ་ཉིད་ལས། སྡོམ་ནི།

རྣམ་ཤེས་ལྔ་དང་༡ལྡན་པའི་ས། །ཡིད་ཀྱི་༢ས་དང་གཞན་གསུམ་སྟེ། །

རྟོག་༣དཔྱོད་༤བཅས་༥ལ་སོགས་པ་དང་། །ཏིང་འཛིན་༦བཅས་དང་མ་ཡིན་༧དང་། །

སེམས་ཡོད་༨པ་དང་སེམས་༩མེད་དང་། །ཐོས་༡༠དང་བསམ་༡༡དང་བསྒོམ་༡༢ལྡན་དང་། །

དེ་བཞིན་༡༣ཐེག་པ་༡༤གསུམ་ལྡན་༡༥དང་། །ཕུང་པོ་༡༦བཅས་དང་ཕུང་མེད་༡༧གཞན། །

ཞེས་པས་བཅུ་བདུན་པོ་དེ་ཡང་རྟེན་དང་སྤྱོད་པ་དང་འབྲས་བུ་གསུམ་གྱི་དབང་དུ་མཛད་ནས་བསྟན་ཏེ། རྣམ་ཤེས་ལྔ་ལྡན་གྱི་ས་དང་ཡིད་ཀྱི་ས་གཉིས་རྟེན་གྱི་རང་བཞིན། རྟོག་བཅས་དཔྱོད་བཅས་དང་། རྟོག་མེད་དཔྱོད་མེད་ཀྱི་ས་སྟེ་གསུམ་རྟེན་གྱི་འཇུག་ཚུལ། མཉམ་པར་གཞག་མ་གཞག་དང་། སེམས་ཡོད་མེད་ཀྱི་ས་སྟེ་བཞི་རྟེན་གྱི་གནས་སྐབས་སོ།།

སྤྱོད་པའི་དབང་དུ་བྱས་པ་ཐོས་བསམ་སྒོམ་གསུམ་གྱི་ས་གསུམ་མོ། །འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ཉན་རང་བྱང་ས་དང་ས་གསུམ། མཐར་ཐུག་གི་འབྲས་བུ་ཕུང་པོ་ལྷག་བཅས་ལྷག་མེད་དོ། །དེ་དག་གི་འགྲེལ་པ་ལྟ་བུ་གཏན་ལ་དབབ་པ་བསྡུ་བ། སྔར་གྱི་གཞུང་དེ་དག་སྡེ་སྣོད་གསུམ་དུ་སྡུད་ཚུལ་བསྟན་པ་ནི་གཞི་བསྡུ་བ། རྗོད་བྱེད་མིང་གི་རྣམ་གྲངས་བསྟན་པའམ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་འཆད་པ་རྣམ་གྲངས་བསྡུ་བ། དེ་དག་འཆད་ཚུལ་སྟོན་པས་རྣམ་པར་བཤད་པའི་སྒོ་བསྡུ་བ་སྟེ། དེ་ལྟར་གསུང་རབ་ཀྱི་དོན་དང་གཞུང་དང་བཤད་ཚུལ་གྱི་དབང་གིས་སྡེ་ཚན་ལྔར་བསྟན་པ་ཡིན་ནོ། །ཞེས་གསལ་བར་གསུངས་སོ།།

གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[14]ཀྱང་། སློབ་དཔོན་འདི་ཐུགས་བསྐྱེད་ཤིན་ཏུ་རྒྱ་ཆེ་བས་དེང་སང་ཡང་སློབ་དཔོན་འདིའི་གསུང་ས་སྡེ་རྣམས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གནས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པའི་གདུལ་བྱ་རྣམས་ཀྱིས་འཕགས་པ་ཐོགས་མེད་ལ་ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་གུས་ཆེན་པོས་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་འདེབས་པ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུགས་དམ་གྱི་མཐིལ་དུ་བྱེད་པ་དང་། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་ཚེ་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་ལས་འབྲས་ཀྱི་དམིགས་སྐོར་ལ་སའི་དངོས་གཞི་ནས་གསུངས་པ་ལྟར་བསམ། སྐྱབས་འགྲོའི་དམིགས་སྐོར་ལ་གཏན་ལ་དབབ་པ་བསྡུ་བ་ནས་གསུངས་པ་ལྟར་བསམ། ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་ནི་རྒྱུད་བླ་དང་དེའི་འགྲེལ་པ་སློབ་དཔོན་འདིས་མཛད་པ་ནས་གསུངས་པ་ལྟར་བསམ། སྐྱེས་བུ་འབྲིང་གི་དམིགས་སྐོར་ལ་བདེན་བཞིའི་གནས་ཚུལ་བསམས་ཏེ་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བསྐྱེད་ཚུལ་ཉན་ས་དང་མངོན་པ་ཀུན་བཏུས་ནས་གསུངས་པ་ལྟར་བསམ། བསླབ་པ་གསུམ་རྒྱུད་ལ་བསྐྱེད་ཚུལ་ཉན་ས་ནས་གསུངས་པ་ལྟར་བསམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་ཚུལ་རྣམས་བྱང་ས་ནས་གསུངས་པ་ལྟར་བསམ། ཞི་གནས་སྒྲུབ་ཚུལ་དང་། སྤྱིར་ལྷག་མཐོང་གི་རྟོགས་པ་སྐྱེ་ལུགས་རྣམས་ཉན་ས་ནས་གསུངས་པ་ལྟར་བསམ། ཟབ་མོ་དབུ་མའི་ལྟ་བ་ཐུན་མོང་མིན་པ་ནི་རྒྱུད་བླ་མའི་འགྲེལ་པ་སློབ་དཔོན་འདིས་མཛད་པ་ལས་གསུངས་པ་ལྟར་བསམས་ལ། བྱང་ཆུབ་ལམ་གྱི་རིམ་པ་ལ་ངེས་པ་ཕུ་ཐག་ཆོད་པ་རྙེད་པར་བྱས་ལ་ཉམས་ལེན་སྙིང་པོར་བྱའོ། །ཞེས་བྱུང་བ་སོགས་གཞུང་འདི་དག་གིས་བརྗོད་བྱ་གང་ཞིག་གཏན་ལ་ཕབ་ཚུལ་དང་། གཞུང་ཕན་ཚུན་གྱི་འབྲེལ་བ་བཅས་གསལ་པོར་གསུངས་སོ།།  །།

 

༢) སྔ་སྡེ་ལྔར་ཕྱེ་ཚུལ་དང་བམ་གྲངས།

དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890/1899) ཤེས་བྱ་ཀུན་ཁྱབ་ལས[15]།

ས་གསུམ་ལ་གནས་འཕགས་པ་ཐོགས་མེད་ཀྱིས། །བྱམས་པའི་ཞལ་ནས་ཆོས་ལྔ་དངོས་སུ་གསན། །

ས་སྡེ་ལྔ་དང་སྤྱི་སྡོམ་གཉིས་སོགས་མཛད། །

ཅེས་གསུངས་པ་ལྟར། སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔར་ཕྱེ་ཚུལ་དང་། དེ་དག་གི་བམ་གྲངས་བཅས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དགོངས་འགྲེལ་ས་སྡེ་ལྔ་སྟེ། མངོན་པའི་བསྟན་བཅོས་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་བཅས་གཞུང་གསུམ་ཡོད་པ་ལས། ས་སྡེ་ལྔ་ནི་རྣལ་འབྱོར་སྤྱོད་པའི་ས་དང་། དེ་ལ་ས་སྡེ་ལྔར་ཕྱེ་བས་སྡེ་ཚན་སོ་སོར་གྱུར་པ་ནི་འདི་ལྟར། ས་སྡེ་དང་པོ་ནི། སའི་དངོས་གཞི་ཡིན་ཅིང་། དེ་ལ་ས་བཅུ་བདུན་ཡོད་ལ། དེའི་ནང་གི་ཉན་ཐོས་ཀྱི་ས་དང་བྱང་ཆུབ་སེམས་དཔའི་ས་གཉིས་ལས་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་ནས་ཕུང་པོ་མེད་པའི་ས་བར་ས་བཅོ་ལྔ་དང་བམ་པོ་ ༢༦ ཅན་འདིར་རྣལ་འབྱོར་སྤྱོད་པའི་ས་མང་པོ་ཞེས་བྱ། སའི་དངོས་གཞིའི་ནང་གི་ཉན་ཐོས་ཀྱི་ས་ལོགས་སུ་བཀོད་པ་ལ་བམ་པོ་ ༢༠ ཡོད། སའི་དངོས་གཞིའི་ནང་གི་བྱང་ཆུབ་སེམས་པའི་ས་ལ་བམ་པོ་ ༢༢ ཅན་ལོགས་སུ་བཀོད་པ་དེ་ཡིན་ལ། རྒྱ་འགྱུར་དུ་ཉན་ས་དང་བྱང་ས་གཉིས་ལོགས་སུ་བཀོད་མེད་པར་ས་བཅུ་གསུམ་པ་དང་ས་བཅོ་ལྔ་པའི་མཚམས་སུ་བཀོད་ཡོད།

ས་སྡེ་གཉིས་པ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ཞེས་པ་བམ་པོ་ ༤༣ ཅན་དང་། ས་སྡེ་གསུམ་པ་ནི། གཞི་བསྡུ་བ་བམ་པོ་ ༢༢ ཅན། འདུལ་བ་བསྡུ་བ་ནི། གཞི་བསྡུ་བའི་ཁུངས་སུ་གཏོགས་ཀྱང་བམ་གྲངས་བཀོད་མེད་ཅིང་། ཚིག་ལེའུ་བྱས་པ་དང་། དེའི་བཤད་པ་བཅས་ཚན་པ་གཉིས་ཡོད། ས་སྡེ་བཞི་པ་ནི། རྣམ་གྲངས་བསྡུ་བ་སྟེ། དེ་ལ་བམ་གྲངས་ཕྱེ་མེད། ས་སྡེ་ལྔ་པ་ནི། རྣམ་པར་བཤད་པའི་སྒོ་བསྡུ་བ་ཡིན་ལ་དེ་ལའང་བམ་གྲངས་ཕྱེ་མེད་པ་བཅས་སོ།།

རྒྱ་ཡིག་འགྱུར་གྱི་རྣལ་འབྱོར་སྤྱོད་པའི་ས་ལའང་དུམ་བུ་ལྔར་ཕྱེ་ཞིང་། དུམ་བུ་དང་པོ་ས་ཡི་དངོས་གཞི་ནི་བམ་པོ་ ༡ ནས་ ༥༠ བར་ཡིན་ལ། བརྗོད་བྱ་ནི་ས་བཅུ་བདུན་པོ་དེ་ཡིན། དུམ་བུ་གཉིས་པ་རྣམ་པ་གཏན་ལ་དབབ་པ་བསྡུ་བ་ནི་བམ་པོ་ ༥༠ ནས་ ༨༠ བར་དུ་ཡིན་ལ། བརྗོད་བྱ་ནི་ས་བཅུ་བདུན་གྱི་སྦས་དོན་ཟབ་མོའི་དཀའ་གནད་རྣམས་ཡིན། དུམ་བུ་གསུམ་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་ནི་བམ་པོ་ ༨༡ ནས་ ༨༢ བར་དུ་ཡིན་ཅིང་། བརྗོད་བྱ་ནི་ས་བཅུ་བདུན་དང་འབྲེལ་བའི་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ཀྱིས་ཇི་ལྟར་གསུངས་པའི་ཚུལ་རྣམས་མདོ་སྡེའི་ལུས་ཚིག་དོན་གཉིས་དང་། རྣམ་པར་བཤད་པའི་སྒོ་ལ་ཆོས་དང་ཀུན་སློང་ལ་སོགས་པ་ལྔ་དང་། ཚིག་འབྲུའི་རྣམ་པ་ལ་མིང་གི་ཚོགས་དང་ཚིག་གི་ཚོགས་ལ་སོགས་པ་དྲུག་དང་། དོན་ཉིད་ལ་སའི་དོན་དང་། མཚན་ཉིད་ཀྱི་དོན་ལ་སོགས་པ་རྣམ་པ་བཅུ་ལ་སོགས་པ་རྣམས་སོ།།

དུམ་བུ་བཞི་པ་རྣམ་གྲངས་བསྡུ་བ་ནི་བམ་པོ་ ༨༣ ནས་ ༨༤ བར་ཡིན་ལ། བརྗོད་བྱ་ནི་རྗེས་སུ་སྟོན་པ་ལ་སོགས་པ་དཀར་པོའི་ཕྱོགས་དང་། སྐྱེ་བ་དང་རྒ་བ་ལ་སོགས་པ་ནག་པོའི་ཕྱོགས་ཀྱི་རྣམ་གྲངས་དག་གོ །དུམ་བུ་ལྔ་པ་གཞི་བསྡུ་བ་ནི་བམ་པོ་ ༨༥ ནས་ ༡༠༠ བར་དུ་ཡིན་ལ། བརྗོད་བྱ་ནི་མདོ་སྡེའི་གཞི་དང་། འདུལ་བའི་གཞི་དང་། མ་མོའི་གཞིའི་གནས་རྣམས་ཀྱིས་ཇི་ལྟར་བསྡུ་བའི་ཚུལ་ལོ། །དེ་དག་ལས་སའི་དངོས་གཞི་ནི་གཙོ་བོ་ཡིན་ལ། གཞན་བཞི་ནི་དེའི་དོན་གསལ་བར་བཤད་པ་ཡིན་ནོ། །དང་པོ། རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ལ་རྣམ་པ་བཅུ་བདུན་ནི། སྡོམ་ལས།

༡རྣམ་ཤེས་ལྔ་དང་ལྡན་པ་དང་། །༢ཡིད་ཀྱི་ས་དང་གཞན་གསུམ་སྟེ། །

༣རྟོག་དཔྱོད་བཅས་ལ་སོགས་༤༌༥པ་དང་། །༦ཏིང་འཛིན་བཅས་དང་༧མ་ཡིན་དང་། །

༨སེམས་ཡོད་པ་དང་༩སེམས་མེད་དང་། །༡༠ཐོས་དང་༡༡བསམས་དང་༡༢བསྒོམས་པ་དང་། །

དེ་བཞིན་ཐེག་པ་གསུམ་ལྡན་༡༣་༡༤་༡༥དང་། །༡༦ཕུང་པོར་བཅས་དང་༡༧ཕུང་མེད་གཞན། །

ཞེས་གསུངས་པས། ས་དང་པོ་ནི། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སའོ། །ས་གཉིས་པ་ནི། ཡིད་ཀྱི་སའོ། །ས་གསུམ་པ་ནི། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སའོ། །ས་བཞི་པ་ནི། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་སའོ། །ས་ལྔ་པ་ནི། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་སའོ། །ས་དྲུག་པ་ནི། མཉམ་པར་བཞག་པའི་སའོ། །ས་བདུན་པ་ནི། མཉམ་པར་མ་བཞག་པའི་སའོ། །ས་བརྒྱད་པ་ནི། སེམས་ཡོད་པའི་སའོ། །ས་དགུ་པ་ནི། སེམས་མེད་པའི་སའོ། །ས་བཅུ་པ་ནི། ཐོས་པ་ལས་བྱུང་བའི་སའོ། །ས་བཅུ་གཅིག་པ་ནི། བསམས་པ་ལས་བྱུང་བའི་སའོ། །ས་བཅུ་གཉིས་པ་ནི། བསྒོམས་པ་ལས་བྱུང་བའི་སའོ། །ས་བཅུ་གསུམ་པ་ནི། ཉན་ཐོས་ཀྱི་སའོ། །

༡རིགས་དང་༢གང་ཟག་རྣམས་དང་ནི། །༣ངེས་པར་སྦྱོར་དང་༤འཇིག་རྟེན་པ། །

འཇིག་རྟེན་འདས་པ་འདི་ལ་ནི། ། མདོར་ན་ས་ནི་འདི་དག་གོ །

བོད་འགྱུར་གྱི་འདིའི་མཚམས་སུ། དེའི་འོག་མ་ཉན་ཐོས་ཀྱི་ས་ནི་གླེགས་བམ་ལོགས་ཤིག་ན་ཡོད་དོ་ཞེས་གསུངས་ཤིང་། རྒྱ་འགྱུར་ནི་འདིའི་མཚམས་སུ་ཉན་ས་ཡོད་དོ། །ས་བཅུ་བཞི་པ་ནི། རང་སངས་རྒྱས་ཀྱི་སའོ། །ས་བཅོ་ལྔ་པ་ནི། བྱང་ཆུབ་སེམས་དཔའི་སའོ། །ཆོས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་སྡུད་པར་བྱེད་པ་ཡིན་ནོ། །བཅུ་གང་ཞེ་ན། རྣལ་འབྱོར་གྱི་གནས་དང་པོ་གཞི་འཆད་པ་ལ་ལེའུ་བཅོ་བརྒྱད་ཡོད་པ་ནི། གཞི་དང་། རྣལ་འབྱོར་གྱི་གནས་གཉིས་པ། རྟགས་སོགས་འཆད་པ་ལ་ལེའུ་བཞི་ཡོད་པ་ནི། རྟགས་དང་། ཕྱོགས་དང་། ལྷག་པའི་བསམ་པ་དང་། གནས་པ་དང་། རྣལ་འབྱོར་གྱི་གནས་ཐ་མ། སྐྱེ་བ་སོགས་འཆད་པ་ལ་ལེའུ་དྲུག་ཡོད་པ་ནི། སྐྱེ་བ་དང་། ཡོངས་སུ་འཛིན་པ་དང་། ས་དང་། སྤྱོད་པ་དང་། རབ་ཏུ་གནས་པའོ། །བོད་འགྱུར་གྱི་འདིའི་མཚམས་སུ། དེའི་འོག་མ་བྱང་ཆུབ་སེམས་དཔའི་ས་ནི་གླེགས་བམ་ལོགས་ཤིག་ན་ཡོད་དོ་ཞེས་གསུངས་ལ། རྒྱ་འགྱུར་ནི་འདིའི་མཚམས་སུ་བྱང་ས་ཡོད་དོ།།

ས་བཅུ་དྲུག་པ་ནི། ཕུང་པོ་དང་བཅས་པའི་སའོ། །ས་བཅུ་བདུན་པ་ནི། ཕུང་པོ་མེད་པའི་སའོ། །ས་བཅུ་བདུན་པོ་འདི་དག་ནི་མདོར་ན་རྣལ་འབྱོར་སྤྱོད་པའི་སའོ། །བོད་འགྱུར་དུ་ནི་འདི་ཡན་ལ་རྣལ་འབྱོར་སྤྱོད་པའི་ས་མང་པོ་ཞེས་བྱ་ལ། དེ་ནས་ས་བཅུ་གསུམ་པ་ཉན་ཐོས་ཀྱི་ས་ལོགས་སུ་བཤད་པའོ། །དེའི་རྗེས་སུ་ས་བཅོ་ལྔ་པ་བྱང་ཆུབ་སེམས་དཔའི་ས་ལོགས་སུ་བཤད་པའོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོའི་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༡བ༣

[2]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། དེབ་གཟུགས། ཤོག་གྲངས་ ༣༠༢

[3]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༧

[4]  ས་སྡེ་ལྔ་ནི་ཅོ་ནེ་གྲགས་པ་བཤད་སྒྲུབ་དང་། དུང་དཀར་རིན་པོ་ཆེ་སོགས་དང་མི་མཐུན་པས་དཔྱད་དགོས་སོ།།

[5]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨༢

[6]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༣

[7]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡

[8]  བོད་ཀྱི་གྲུབ་མཐའི་རྣམ་བཤད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༡ ལོ། ཤོག་གྲངས་ ༢༣༥

[9]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་ ༡ན༡ ནས་ ༢བ༤ བར།

[10]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༢༣

[11]  གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༣༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༣༠

[12]  རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧

[13]  ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༠༨

[14]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༩

[15] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༠༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༩༡ ནས་ ༦༠༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *