པ༽ མཁན་ཆེན་སླར་ཡང་གདན་དྲངས་ཏེ་མཛད་འཕྲིན་བསྐྱངས་ཚུལ།

པ༽ སླར་ཡང་གདན་དྲངས་ཏེ་མཛད་འཕྲིན་བསྐྱངས་ཚུལ།

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་མཁན་ཆེན་གསོལ་འདེབས་བྱང་ཆུབ་ལྗོན་ཤིང་ལས[1]།

བྱང་ཕྱོགས་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །ཤཱཀྱ་སེངྒེའི་བསྟན་པའི་ཤིང་རྟ་འདྲེན། །

སྡེ་སྣོད་གསུམ་ལ་ཅི་དགར་ལོངས་སྤྱོད་པའི། །བཀའ་དྲིན་མཉམ་མེད་རྗེ་ལ་གསོལ་བ་འདེབས། །

ཞེས་གསོལ་བ་བཏབ་པ་དང་། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། ཨོ་རྒྱན་རྒྱལ་པོའི་སྲས་ལས་རབ་བྱུང་བ། །དགེ་སློང་པདྨ་སམྦྷ་ཝ་ཞེས་བྱ། །འཛམྦུ་གླིང་ན་ནུས་མཐུ་ཆེ་བ་ཡི། །སྔགས་མཁན་མཆོག་དེ་སྤྱན་འདྲེན་གྱིས་ཤིག་དང༌། །བོད་ཡུལ་ལྷ་སྲིན་འཐུལ་བར་འགྱུར་རོ་གསུང༌། །སླད་ནས་མཁན་པོ་རྣམ་གཉིས་སྤྱན་དྲངས་ཏེ། །པདྨའི་སྦུབས་ལས་བརྫུས་ཏེ་སྐུ་བལྟམས་ཤིང༌། །ཚེ་ཡི་རིག་འཛིན་མཐར་ཕྱིན་མཆོག་དངོས་གྲུབ། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །བསྟན་མ་བཅུ་གཉིས་ཐང་ལྷ་ཤམ་པོ་སོགས། །ལྷ་སྲིན་དྲེགས་པ་ཅན་རྣམས་མ་ལུས་བཏུལ། །ཉི་ཚེའི་དམྱལ་བ་མང་དུ་སྟོངས་པར་དྲངས། །བྱེ་མ་ཐམས་ཅད་ཚལ་དང་ནེ་སིང་དང༌། །གྲམ་པ་ཐམས་ཅད་ཞིང་ས་གཤིན་པོར་བྱ། །རི་ཀུན་ནགས་དང་སྤང་དུ་བསྒྱུར་བ་ཡིས། །བོད་ཡུལ་ཤིན་ཏུ་བཟང་པོར་མཛད་དགོངས་ཚེ། །བོད་འབངས་བསོད་ནམས་དམན་པས་མ་ཐེག་སྟེ། །བློན་པོ་རྣམས་ཀྱི་གློ་བར་ཆུད་མ་གྱུར། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[3]ཀྱང་། དེ་ནས་རིང་ཞིག་ནས་སྦ་གསལ་སྣང་རྒྱ་ཡུལ་དུ་ཆོས་འཚོལ་དུ་བཏང་། སང་ཤི་ལ་སོགས་པ་སུམ་ཅུ་མཁན་ཆེན་ཞི་བ་འཚོ་སྤྱན་འདྲེན་དུ་བཏང་ངོ་། །དེའི་ཚེ་རྒྱ་ནག་ཏུ་ཧ་ཤང་ཞིག་ན་རེ། ད་ཟླ་བ་དྲུག་ཞག་དྲུག་ན་འཕགས་པ་རྟ་སྐད་ཀྱི་སྤྲུལ་པ་འདི་འདྲ་ཞིག་འོང་ཞེས་འདྲ་འབག་བྱས་ཤིང་། སང་ཤི་རྒྱ་ནག་ཏུ་སླེབས་པ་དང་རྒྱ་རྗེས་བྱ་དགའ་བྱིན། ཧ་ཤང་ལ་བསྒོམ་ལུང་བླངས་ཏེ་སླར་བོད་དུ་འཁོར་བ་ན་རྒྱལ་པོ་ལ་སྐྱེས་ཕུལ་ལོ།།

དེ་ནས་རྒྱལ་པོས་སང་ཤི་ལ་ཨཱ་ཙརྱ་ད་དུང་སྤྱན་མ་འདྲོངས་པས་ཁྱོད་སོངས་ཤིག་གསུངས། དེས་བལ་པོར་ཕྱིན་ནས་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཏེ། བྲག་དམར་མགྲིན་བཟང་དུ་ཕེབས་ནས་རྒྱལ་པོ་ལ་བོད་ཀྱི་ལྷ་སྲིན་མ་ཐུལ་བས་ཆོས་བྱེད་དུ་མི་སྟེར་ཞིང་བཙན་པོ་སྐུ་ཚེ་ཐུང་བ་ཡང་དེས་ལན་པས། མི་མ་ཡིན་གདུག་པ་ཅན་རྣམས་འདུལ་བ་ལ་སློན་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་མཐུ་རྩལ་དང་ལྡན་པ་ཞིག་ཡོད་པས་དེ་སྤྱན་དྲོངས་ཤིག་གསུངས་པ་ན། བཙན་པོས་རྨི་ལམ་དུ་བྱུང་བ་སྐད་བགྱིས་ཏེ། སྦ་མང་རྗེ་གསལ་སྣང་སོགས་མི་ལྔ་སྤྱན་འདྲེན་དུ་བཏང་། སློབ་དཔོན་གྱིས་མཁྱེན་ཏེ་མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ་ནས་རིམ་གྱིས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་འདོགས་ཤིང་བྱོན་ཏེ། ཧས་པོ་རིར་ཕྱག་ཕེབས་ཏེ་བཙན་པོ་དང་མཇལ། མལ་གྲོ་ཕུར་བྱོན་ནས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་སོ།།

སྦ་བཞེད་ཞབས་བཏགས་མ་ལས[4]། གསལ་སྣང་གིས་མང་ཡུལ་དུ་ཕྱིན་ཙ་ན་བོ་དྷི་སཏྭས། འཛམ་བུའི་གླིང་ན་མཐུ་ཆེ་བའི་དགེ་སློང་པདྨ་སམ་བྷ་ཝ་དང་། ལྷ་ཁང་རྩེགས་པའི་ཕྱྭ་མཁན་དང་། ས་གསུམ་རྟོགས་ནས་འདུག །དེར་མང་ཡུལ་ནས་རྫིང་བཅས་ནས་ཆུ་ཀླུང་ལ་སྤྱན་དྲངས་ཏེ། སྙེ་མོ་ཐོད་དཀར་དུ་བྱོན། ཞེས་གསལ་བ་ལྟར་སྐབས་དེར་མཁན་ཆེན་ཞི་འཚོས་ཀྱང་སློབ་དཔོན་པདྨ་སཾ་བྷ་བ་དང་ལྷ་ཁང་རྩིག་པའི་ས་དཔྱད་བརྟག་མཁན་བཅས་གྲ་སྒྲིག་གནང་སྟེ་མངའ་རིས་མང་ཡུལ་བར་ཕེབས་གྲུབ་པ་དང་མཇལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། མཁན་ཆེན་སྐུ་འཁོར་བཅས་མང་ཡུལ་ནས་སྙེ་མོ་ཐོད་དཀར་གྱི་བར་དུ་ཆུ་ཐོག་ལ་གྲུ་རྫིངས་བཅས་ཏེ་ཕེབས་ཤིང་། སློབ་དཔོན་ཆེན་པོས་ལྷ་འདྲེ་འདུལ་བ་དང་། དམ་འདོགས་སོགས་རིམ་གྱིས་བསྐྱངས་ཏེ་བྱོན་པར་གསུངས་སོ།།

མདོར་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། མཁན་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་ཐེངས་གཉིས་གདན་དྲངས་པའི་ཐེངས་དང་པོ་འདིར་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང་། བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྨང་བཏིང་བ་ཙམ་ལས་མཛད་ལོང་མ་བྱུང་བར་བོད་ནས་བལ་ཡུལ་དུ་ཕྱིར་ཕེབས་གནང་དགོས་བྱུང་། དེ་རྗེས་སླར་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཉམ་དུ་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་། རྩིག་རྨང་འདིང་བ། གཙུག་ལག་ཁང་དངོས་སུ་བཞེངས་ནས་རབ་གནས་མཛད་པ། དེ་རྗེས་སད་མི་དྲུག་གམ་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་པ་བཅས་མཛད། ཅེས་དང་། པདྨ་བཀའ་ཐང་ལས[6]། དམ་པའི་ཆོས་རྣམས་དར་བར་མཛད་པ་ལ།  །ཐོག་མར་མཁན་པོ་བོ་དྷི་སཏྭ་ཡིས། །ཞབས་འོག་རྡེའུ་བཏོན་ནས་དབུ་སྐྲ་བཅད། །མཚན་ཉིད་སྡེ་དང་ཀྲི་ཡོག་སྡེ་གསུམ་གསུངས། །དམ་ཆོས་བཤད་གྲྭའི་སྡེ་ཚན་བཙུགས་ནས་ནི། །ཐེག་པ་སྤྱི་ཡི་བསྟན་པ་དར་བར་བྱས། །ཞེས་སོགས་གསུངས་པ་ལྟར་ཕྱི་ལོ་ ༧༧༡ ལོར་མཁན་ཆེན་ཞི་བ་འཚོ་བོད་དུ་ཐེངས་གཉིས་པ་གདན་ཞུ་གནང་བའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ག༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༣བ༤ བར།

[2]  ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༣

[3]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༦

[4]  རྦ་བཞེད་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༨

[5]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༤

[6]  བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ དེབ་གཟུགས། ཤོག་གྲངས་ ༡༢༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༥ ནས་ ༢༣༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *