༡༥༽ སློབ་དཔོན་དམན་པའི་ཞབས།
དེ་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་འདུས་པ་ཞབས་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་ལས[1]།
དཔལ་ལྡན་གསང་བ་འདུས་པའི་རྩ་རྒྱུད་དང༌། །
ཁྱད་པར་ཕྱི་མའི་བཤད་རྒྱུད་གཙོར་བྱས་ནས། །
འཇམ་པའི་དབྱངས་ཀྱིས་ཡེ་ཤེས་ཞབས་ལ་གསུངས། །
མར་མེ་མཛད་བཟང་དམན་པའི་ཞབས་ལ་སོགས། །
འཕགས་ཡུལ་མཁས་པ་དུ་མས་རྒྱ་ཆེར་བཀྲལ། །
འཕགས་པའི་ལུགས་དང་ཡེ་ཤེས་ཞབས་ལུགས་ཞེས། །
འཛམ་གླིང་ལྷོ་ན་ཉི་ཟླ་ལྟ་བུར་གྲགས། །
བྱང་དུའང་རྒྱུད་འགྲེལ་རྒྱ་གཞུང་མང་དུ་འགྱུར། །
ཞེས་གསུངས་པ་ལྟར། འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པའི་དཔལ་གསང་བ་འདུས་པའི་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཀྱི་ཡ་གྱལ་ཡེ་ཤེས་ཞབས་ལུགས་ཀྱི་བརྒྱུད་པའི་པཎ་གྲུབ་དང་། ལྷག་པར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མའི་མཆོག་བཅོ་བརྒྱད་ཀྱི་ནང་ཚན་སློབ་དཔོན་དམན་པའི་ཞབས་ཡུལ་གང་དུ་རིགས་གང་ལས་སྐུ་འཁྲུངས་པ་ནི། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་འདུས་པ་ཞབས་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་ལས[2]། དམན་པ་ནི་དམན་ཞབས་པ་སྟེ། གཞན་རྣམས་ཀྱི་གཞུང་བོད་དུ་མི་སྣང་ངོ༌། །དམན་ཞབས་པའི་མཚན་གྱི་སྒྲ་བཤད་དང་། དེས་མཛད་པའི་གཞུང་རྣམས་ཡིད་ཆེས་པའི་རྒྱུ་མཚན་ནི། ཁོང་རང་གིས་མཛད་པའི་རྩ་རྒྱུད་ཀྱི་བསྡུས་དོན་རིག་བྱེད་སྒྲོན་མའི་བཤད་པར་དམ་བཅའི་སྐབས་སུ། མཐའ་ཡི་ཡུལ་ན་རབ་གནས་པ། །བྲམ་ཟེའི་རིགས་སུ་སྐྱེས་པ་ཡི། །ག་ར་ཛི་ཧྭ་ཞེས་བྱ་བ། །དང་པོ་ལོག་པའི་ལམ་ཞུགས་པ། །གྲོགས་པོ་དག་གིས་དད་པ་སྐྱེད། །ནཱ་ལེནྡྲ་རུ་ཕྱིན་ནས་ནི། །ཀློག་མཁན་ཞབས་ཀྱི་ཞལ་སྔ་རུ། །རྒྱུད་ཆེན་མང་དུ་ཐོས་བྱས་ནས། །གནང་བ་ནོས་ཤིང་ལུང་ཐོབ་སྟེ། །ཀོང་ཀའི་དུར་ཁྲོད་ནགས་ཚལ་དུ། །སྨེ་ཤའི་བུ་མོ་སྒྲུབ་ཟླར་འཁྲིད། །ཟླ་བ་དྲུག་ཏུ་སྒྲུབ་པ་བྱས། །དཀར་པོ་བརྒྱད་ཀྱི་མཚན་དུས་སུ། །ཧཱུྃ་གི་སྒྲ་ཆེན་མཁའ་ལ་གྲགས། །དམན་པའི་ཞབས་ཁྱོད་བཟང་པོར་གྱིས། །མི་ཤེས་མུན་པས་བསྒྲིབས་པ་ཡི། །སེམས་ཅན་རྗེས་སུ་དྲང་བའི་ཕྱིར། །དཔལ་ལྡན་གསང་འདུས་ལ་སོགས་པའི། །དོན་གསལ་སྒྲོན་མ་བརྩམ་པར་གྱིས། །དེ་ལྟར་དམ་པས་གསོལ་ཕྱིར་ཤིན་ཏུ་སྤྲོ། །འགྲོ་བ་བདག་པས་བློ་དམན་མི་རྣམས་ལ། །སངས་རྒྱས་ཡེ་ཤེས་ཞལ་སྔའི་རིམ་འོངས་པའི། །གཞུང་གིས་གསང་བའི་རྒྱུད་འདི་ཅི་ནུས་བསྡུད། །ཅེས་དཔལ་ནཱ་ལེནྡྲར་སློབ་དཔོན་ཀློག་མཁན་ཞབས་བླ་མར་བསྟེན་ནས་གསང་འདུས་ཡེ་ཤེས་ཞབས་ལུགས་སོགས་རྒྱུད་གཞུང་མང་དུ་གསན་པར་གསུངས་སོ།།
དུས་ནམ་ཞིག་བྱོན་པ་ནི། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས[3]། རང་རྒྱུད་པ་འདི་ནི། གང་ཟག་མཁས་པ་བྷ་བྱ་ཀ་ར་ཞེས་པ་སྐལ་ལྡན་ནམ་ལེགས་ལྡན་འབྱེད་དང་། དཔལ་སྦས་དང་། ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་དང་། འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་དང་། ཡེ་ཤེས་ཞབས་དང་། མར་མེ་མཛད་བཟང་པོ་དང་། དམན་པའི་ཞབས་དང་། ཐ་ག་ན་ལ་སོགས་པ་ཤིན་ཏུ་མང་ཡང་རིགས་བསྡུ་ན་རང་སོགས་འདོད་པ་དང་འདི་ལས་བཟློག་པ་ཕྱི་དོན་མི་འདོད་ལ་རང་རིག་འདོད་པ་གཉིས་སུ་འདུས་ཏེ། ལུགས་དང་པོ་ལེགས་ལྡན་འབྱེད་དང་ཡེ་ཤེས་སྙིང་པོ་ཡིན་ཏེ། གཉིས་པ་ནི་ཞི་སོགས་བཅས་པ་ཡིན་པའི་ཕྱིར་རོ། །ཞེས་སློབ་དཔོན་འདི་ཉིད་རང་རྒྱུད་པའི་ལུགས་ཀྱི་སློབ་དཔོན་ཞིག་ཡིན་པར་མ་ཟད། ཇོ་བོ་རྗེའི་བླ་མ་མར་མེ་མཛད་བཟང་པོའི་རྗེས་སུ་བྱོན་པར་གསུངས་སོ།།
དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ལས[4]། (སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས།) དེ་ལ་སློབ་མའི་མཆོག་བཅོ་བརྒྱད། དེ་རྣམས་ཀྱི་ནང་ནས་ཆེ་བ་མར་མེ་མཛད་བཟང་པོ། རབ་ཏུ་ཞི་བའི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་འོ། །བཅོ་བརྒྱད་ཀྱི་ནང་དུ་དམན་པ་ཞབས་ཀྱང་གཏོགས་ལ། དེས་ཞལ་ལུང་གི་འགྲེལ་པའང་བྱས་སོ། །ཞེས་གསལ་བ་ལྟར་སློབ་དཔོན་དམན་པའི་ཞབས་ཀྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། འཇམ་དཔལ་ཞལ་ལུང་ཡེ་ཤེས་ཞབས་ཀྱིས་མཛད་པ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དེའི་འགྲེལ་པ་དམན་ཞབས་ཀྱིས་མཛད་པ། ཞེས་པ་འདི་ཉིད་བསྟན་འགྱུར། རྒྱུད་པོད་ ༼པི༽ པར་བཞུགས་ཤིང་། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ལོ་པཎ་དུ་མས་ཁུངས་གཏུགས་ཞུ་ཡུལ་ཞིག་སྟེ། དེ་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། འཇམ་མགོན་ཨ་མེས་ཞབས། རྗེ་བཙུན་གྲགས་པ་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། ཀུན་མཁྱེན་པདྨ་དཀར་པོ། ཀརྨ་པ་རང་བྱུང་རྡོ་རྗེ། ཀརྨ་པ་མི་བསྐྱོད་རྡོ་རྗེ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་སོགས་བོད་ཀྱི་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་དུ་སློབ་དཔོན་འདིའི་གཞུང་ནས་ལུང་འདྲེན་མང་དུ་མཛད་པ་ལས་རྟོགས་ནུས་ལ། སློབ་དཔོན་འདིའི་རྣམ་ཐར་དང་གསུང་གཞན་གྱི་སྐོར་དཔྱད་གཞི་ལག་ཏུ་མ་སོན་པས་ཞིབ་གནས་འགོད་ཐབས་བྲལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༢༠
[2] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༩
[3] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼༤༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༤༣
[4] འབྲུག་པ་པདྨ་དཀར་པོའི་གསུང་འབུམ། པོད། ༼༡༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༩༥
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༦ ནས་ ༤༡༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།