དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས།
གླེང་སློང་བ།
ཚན་པ་དང་པོ། ཆེས་སྔ་བའི་རྒྱལ་སྤྱིའི་སློབ་གླིང་།
{༡} དཔལ་ནཱ་ལནྡཱ་དབུ་བརྙེས་པ།
{༢} “རིན་ཆེན་བུམ་པའི་” ཆག་འཇིག .
{༣} ལོ་རྒྱུས་ཀྱིས་མི་བརྗེད་པའི་ནཱ་ལནྡཱ།
ཚན་པ་གཉིས་པ། ཁྱད་ཆོས་ལྡན་པའི་སློབ་གསོའི་ཐབས་ལམ།
{༡} ནཱ་ལནྡཱའི་སྲོལ་རྒྱུན།
{༢} “རྟོན་པ་བཞི་” དང་བསམ་བློའི་རང་ཚུགས།
ཚན་པ་གསུམ་པ། ནཱ་ལནྡཱའི་གྲུབ་འབྲས།
{༡} མི་ཡུལ་ལ་བྲོ་བ་སྦྱིན་པའི་ “མི་སྣ།”
{༢} ཤེས་རབ་ཀྱི་ཁྱིམ་གཞིས་ཆུང་ཆུང་།
{༣} བྱམས་བརྩེ་དང་མི་གཞིའི་མཛེས་སྡུག
{༤} ལྷ་ཡི་བཀོད་འདོམས་ལ་མགོ་མི་སྒུར་བའི་ཆོས་ལུགས།
{༥} ལྟ་བའི་རང་དབང་དང་འདུལ་ཁྲིམས།
མཇུག་གི་གཏམ།
གླེང་སློང་བ།
༄༅། །གནའ་བོའི་རྒྱ་གར་གྱི་ནཱ་ལནྡཱ་དགོན་པས་ནི། སངས་རྒྱས་ཆོས་ལུགས་སྤྱི་དང་། ལྷག་པར་དུ་ཐེག་པ་ཆེན་པོའི་ལྟ་གྲུབ་དར་འཕེལ་གྱི་ལོ་རྒྱུས་ཁྲོད་དུ་གཞན་གྱིས་འགྲན་ཐབས་བྲལ་བའི་གོ་གནས་ཤིག་བཟུང་ཡོད་ལ། དེ་ནས་འཚར་ལོངས་བྱུང་བའི་མཁས་པ་རྣམ་དཔྱོད་ཅན་ཚོའི་གསུང་གི་འཕྲིན་ལས་སུ་གྱུར་པའི་ལེགས་བཤད་གཞུང་ལུགས་རྣམས་ནི་ལོ་ངོ་བརྒྱ་སྟོང་གི་རིང་ལ་ཤེས་རབ་ཀྱི་མིག་དང་ལྡན་པའི་སྐྱེ་བོ་མང་པོ་ཞིག་གི་བསམ་བློའི་འཇིག་རྟེན་གསལ་བྱེད་ཀྱི་སྒྲོན་མེ་ལྟ་བུར་གྱུར་ཡོད་པས། དུས་ད་ལྟའི་བར་དུ་འཛམ་གླིང་ཡུལ་གྲུ་ཁག་གི་ནང་བསྟན་མཚན་ཉིད་རིག་པའི་མཁས་པ་དང་། ནང་བསྟན་མཚན་ཉིད་རིག་པའི་ཞིབ་འཇུག་པ། ནང་བསྟན་མཚན་ཉིད་རིག་པའི་སློབ་གཉེར་བ་རྣམས་ཀྱི་ཡིད་ན་དཔལ་ནཱ་ལནྡཱའི་དགོན་པ་ནི་འོད་དཀར་གྱི་ཟླ་བ་བཞིན་སྣང་བས་ཁྱབ་པའི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་ངོས་འཛིན་བཞིན་ཡོད།
རྒྱུ་མཚན་དེར་བརྟེན། རང་བསྟོད་ཀྱི་གྲུབ་མཐར་རྣམ་ཤེས་དབྱེར་མེད་དུ་འདྲེས་པའི་བོད་ཀྱི་དགོན་སྡེ་དག་གི་གདན་རབས་དང་ལོ་རྒྱུས་རྣམས་སུ་ཡང་ “གངས་ལྗོངས་ཀྱི་ནཱ་ལནྡཱ་” དང་། “བོད་ཡུལ་གྱི་ནཱ་ལནྡཱ་གཉིས་པ་” སོགས་གཡར་མའི་ཐ་སྙད་སྙན་པོ་སྣ་ཚོགས་གང་འདོད་འདོད་དུ་རང་གིས་རང་ལ་བྲིས་འདུག །འོན་ཀྱང་། དེ་ནི་རང་ཅག་ངོ་བསྟོད་ལ་དགའ་ཞིང་འུད་བརྗོད་ལ་གོམས་པའི་ནང་གི་དེ་ཉིད་ཕྱིར་མངོན་པ་ཙམ་ལས་ཅི་ཡང་མ་ཡིན་ཏེ། ནཱ་ལནྡཱ་ལྟ་བུའི་གུ་ཡངས་སྒམ་དཀྱེལ་གྱི་བསམ་བློའི་ཁོར་ཡུག་ཅིག་བོད་ཀྱི་དགོན་པ་གང་ལའང་ཆགས་མྱོང་མེད་པས། ཁ་ཕོ་ཆེ་གནམ་དུ་བསྒྲགས་པ་ཙམ་ལས་ལག་ལེན་དངོས་ཀྱི་སྟེང་བོད་ཀྱི་དགོན་སྡེ་ཚོས་དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་ཚུར་འདྲེན་བྱེད་ཐུབ་གཏན་ནས་མེད་ཅེས་བརྗོད་ཆོག་པས། དོན་གྱིས་སྟོང་བའི་མིང་སྐམ་དེ་དག་གི་རུམ་དུ་འུ་ཅག་ང་རྒྱལ་གྱིས་གཉིད་ནས་བསྡད་པར་དོན་དམ་པའི་སྙིང་པོ་ཅི་ཞིག་ཡོད།
བོད་ཀྱི་དགོན་སྡེ་རྣམས་སུ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་མཐོང་རྒྱུ་མི་འདུག་ཟེར་ན་ཁྱོད་ཉིད་འཚིག་པ་ཟ་བཞིན། “རང་རེ་གནའ་ནས་ད་བར་ཟླ་གྲགས་དང་ཕྱོགས་གླང་སོགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེན་བྱས་དང་བྱེད་བཞིན་པ་མ་ཚོར་རམ་” ཞེས་ཟེར་ན། བདེན་ཏེ། ཁོ་བོས་བལྟས་ན། འུ་ཅག་གིས་འབད་པ་བྱེ་བས་ཚུར་འདྲེན་བྱས་པ་ནི་རི་མོ་ཙམ་ལས་སྙུ་གུ་མ་ཡིན་ཕྱིར། དུས་ཀུན་ཏུ་རི་མོའི་མཛེས་སྡུག་ལ་ཧད་དེ་འདུག་པ་ཙམ་ལས། ལྟ་ན་སྡུག་པའི་མཛེས་རིས་གསར་རྩོམ་གྱི་བསམ་གཞིག་གཏོང་མི་སྲིད་ལ། དོན་དངོས་ཐོག་བསམ་གཞིག་དེ་ལྟར་གཏོང་བའི་ཐོག་མའི་ཆ་རྐྱེན་ཡང་ཡོད་པ་མ་རེད། གལ་ཏེ་དཔྱོད་ལྡན་ཞིག་གིས་རང་ཉིད་ཀྱི་གྲུབ་འབྲས་སུ་དབང་བའི་རི་མོ་ཞིག་བཞེང་བར་འདོད་ནས་ལག་ཏུ་སྙུ་གུ་འཆང་ཙམ་བྱས་ན་ཡང་མཁས་དབང་ཆེན་མོ་ཚོའི་རྒོལ་རྡུང་གི་གནས་སུ་འགྱུར་སྲིད་པས་དེ་ལ་སྐྱེ་བོ་དག་འཇིགས་ཤིང་སྐྲག་པར་མ་གཞི་ནས་རྒྱུ་མཚན་ལོས་ཡོད།
ཞེ་ཕུགས་དྲོ་བ་ཞིག་ལ། མི་སྒེར་ངོས་ནས་དཔལ་ལྡན་ས་པཎ་དང་། ཆོས་རྗེ་ཀློང་ཆེན་པ། ཆ་པ་ཆོས་སེང་། རྗེ་བཙུན་ཙོང་ཁ་པ་སོགས་ས་དགེ་བཀའ་རྙིང་ཇོ་ནང་བཅས་ཆོས་བརྒྱུད་སོ་སོའི་ཁོངས་ནས་ངེས་དོན་ཆོས་ཀྱི་བཤེས་གཉེན་རེ་ཟུང་གིས་དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་བརྒྱུད་འཛིན་བྱས་ནས་ཤེས་བྱ་གཞིའི་གནས་ལ་རང་སྟོབས་ཀྱིས་དཔྱད་པའི་ལམ་བུར་ཞུགས་ཏེ། ནང་བསྟན་མཚན་ཉིད་རིག་པའི་ལེ་ཚན་དུ་རང་ཉིད་ལ་དབང་བའི་ལྟ་གྲུབ་ཀྱི་ས་བཅད་རེ་བཏོན་ཡོད་ནའང་། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོ་ན། གདན་ས་དང་ཆོས་སྡེར་གྲགས་པ་དག་གིས་ཁོང་རྣམ་པའི་གསེར་སྐུ་དང་དངུལ་སྐུ་སྣ་ཚོགས་བཞེངས་ཏེ། རང་ཉིད་ཀྱི་ཆེ་བ་ངོམ་ཐབས་ཙམ་བྱེད་མྱོང་བ་ལས། སྐྱེས་ཆེན་ཚོས་དཀའ་སྡུག་གིས་བཏོད་པའི་ལམ་ཁ་དེ་འུ་ཚོ་ལ་ལམ་ཁ་ཞིག་ཏུ་གྱུར་མ་མྱོང་ལ། འགྱུར་བའི་རེ་བའང་ཤིན་ཏུ་ཕྲ།
ལྷག་ཏུ་བློ་ཕམ་ཞིང་ཡིད་ཆད་པ་ཞིག་ལ། དེང་གི་ཆར་ཕྱི་ཚུལ་གྱི་རྣམ་པའི་ཆ་ནས་ཟང་ཟིང་འུར་འུར་གྱིས་ཆོས་མདོག་སྟོན་གྱི་ཡོད་པ་མ་གཏོགས། དོན་དངོས་ཀྱི་སྟེང་ནས་བོད་བརྒྱུད་ནང་པའི་བསྟན་པ་ནི་བྱེ་ཚན་སྟེང་གི་མར་རྡོག་ལྟ་བུར་འགྱུར་བཞིན་ཡོད་ལ། དེ་ཡང་ཕྱིའི་རྐྱེན་འབའ་ཞིག་ལ་ཁག་དཀྲི་ས་ཡེ་ནས་མེད་པར་ནང་བསྟན་ཉམས་ཤིང་རྒུད་པའི་རྩ་བའི་རྒྱུ་དང་རྐྱེན་དག་ལ་ང་ཚོ་ཆོས་ལུགས་པ་རང་ཉིད་ཀྱིས་འགན་འཁུར་དགོས་པ་རེད།
དེ་ལ་ཇི་སྲིད་དུ་རང་ཅག་རྣམས་བདག་ཉིད་ལ་ཡིད་ཆེས་མ་ལྷོད་ཅིང་། འཚོལ་དཔྱོད་ཀྱི་བློ་མིག་དང་མ་བྲལ་ན། ད་དུང་ཡང་རེ་བའི་ས་བོན་གྱི་རྩ་བ་གཞི་ནས་རུལ་བ་ནི་གཏན་མ་ཡིན་པར་མཐོང་སྟེ། སྔོན་དང་ད་ལྟའི་དུས་སུ། འགྲོ་བ་མི་ཡི་འཇིག་རྟེན་འདི་ནས་རླབས་པོ་ཆེར་བརྩིས་དང་རྩི་བའི་བྱ་གཞག་ཡོད་ཚད་ཀྱི་གཉུག་མའི་རེ་བ་དང་། སྟོབས་ཤུགས་ཡོད་ཚད་ཀྱི་རྩ་བ་དེ་ཉིད་འགྲོ་བ་མི་རང་ཉིད་ཀྱི་འགུལ་ཤུགས་ཁོ་ནར་ཐུག་ཡོད་པའི་ཆོས་ཉིད་ལ་སུས་ཀྱང་བསྙོན་དུ་མི་དམིགས་པའི་ཕྱིར་རོ།།
རྒྱུ་མཚན་དེར་བརྟེན། ད་ལྟ་ནང་པའི་ཆོས་ལུགས་ཀྱི་རྒྱུད་འཛིན་དུ་ཁས་འཆེ་བའི་རང་རེ་རབ་བྱུང་བ་དག་གིས་ནི། ཁ་མིན་དོན་གྱིས་ད་དུང་ཡང་ནང་བསྟན་རིག་གནས་ཡུན་ནས་ཡུན་དུ་གནས་པར་འདོད་ན། གཙོ་བོ་ཆོས་ལུགས་དགོན་སྡེ་ཁག་གི་ཤེས་རིག་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་ཀྱི་ཐབས་སུ་ཅི་ནས་ཀྱང་བརྩོན་པར་བྱེད་རྒྱུ་ནི་དོན་དག་ཡོད་ཚད་ཀྱི་ཆེས་རྩ་བའི་རྨང་གཞིར་འཛིན་དགོས་ལ། དེ་ཡང་འཛམ་གླིང་སྤྱིའི་རིག་གནས་འཕེལ་ཕྱོགས་གསར་པ་དང་། ནང་བསྟན་རིག་གནས་འཕེལ་ཕྱོགས་ཀྱི་རྣམ་པ་དག་ལ་དབྱེ་ཞིབ་ནན་མོ་བྱས་ནས་འགྲོ་དགོས་པར་མ་ཟད། དེང་གི་དུས་རབས་འདིའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པར་གོ་བ་རྣམ་དག་ཅིག་ལོན་པར་བྱས་ཏེ། ཡུལ་དུས་ཁོར་ཡུག་གི་ཆོས་ཉིད་ཀྱི་འགྱུར་བ་འདིའི་འོག་ནས་ནང་བསྟན་ཤེས་རིག་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གནས་ཡུལ་ཞིག་བསྐྲུན་དགོས་ལ། དེ་ཡང་ནང་ཆོས་ཀྱི་གཞན་ཕན་སྙིང་པོར་གྱུར་པའི་རྟེན་འབྲེལ་གྱི་བསམ་བློ་དེ་མ་འོངས་པའི་སྤྱི་ཚོགས་སུ་མིའི་རིགས་ལ་དོན་གྱི་ཕན་བདེ་འབྱུང་བའི་རྐྱེན་རྣལ་མ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུའི་རླབས་ཆེན་དམིགས་ཡུལ་དང་ཟུང་དུ་འབྲེལ་དགོས་ཤིང་། དེ་ཉིད་མངོན་འགྱུར་གྱི་ཆེད་དུ་ནམ་ཡང་ “མི་ཉིད་རྩ་བ་ཡིན་” པའི་འདུ་ཤེས་ལ་བརྟེན་ནས་མིག་གིས་མདུན་ལ་བལྟ་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་རེད།
དེ་ལྟར་ཞིབ་འདང་བརྒྱབ་ཚེ་བོད་ཀྱི་ཆོས་ལུགས་དགོན་སྡེ་དག་གི་ངོས་ནས་མཚོན་ན། གནའ་བོའི་རྒྱ་གར་གྱི་ནང་བསྟན་དགོན་ཆེན་ནཱ་ལནྡཱའི་རིག་གནས་སྒམ་དཀྱེལ་གྱི་སྙིང་སྟོབས། ཞིབ་དཔྱོད་བདེན་འཚོལ་གྱི་སྲོལ་རྒྱུན། ལྟ་བ་རང་དབང་གི་མཁའ་དབུགས། སྤྱོད་པ་ངོས་གཙང་གི་སྒྲིག་ལམ་སོགས་ལ་ཡང་བསྐྱར་བརྟག་ཅིང་དཔྱད་ནས་ངོས་འཛིན་རྣམ་དག་ཅིག །གདེང་འཇོག་གསར་པ་ཞིག །ལྟ་སྟངས་དོན་མཐུན་ཞིག་བཅས་བརྒྱུད་ནས་དེ་ཉིད་ཀྱི་ལེགས་ཆ་དག་བསྐྱར་གསོ་བྱ་བའི་ཐབས་ཤིག་འཚོལ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་དོན་སྙིང་ལྡན་པར་མཐོང་ལ། བླ་མ་བདག་ཉིད་ཆེན་པོ་མཆོག་གིས་ཀྱང་། “དཔལ་ནཱ་ལནྡཱའི་ཆོས་རྒྱུན་གཙང་མ་ཞིག་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་” ཅེས་དུས་དང་རྣམ་པ་ཀུན་ཏུ་ང་ཚོར་འབོད་སྐུལ་གནང་གིན་ཡོད་པའི་དགོངས་གཞི་ཡང་དེ་ཁོ་ནར་སེམས་པས། བསྟན་ལ་སྨན་དུ་རེ་བའི་རེ་བ་སྐྱོ་ལྷང་ངེ་བ་ཞིག་གི་ངང་ནས་ཁོ་བོ་ནི་དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་ཞེས་པའི་རྩོམ་ཡིག་འདི་ཉིད་བྲི་བ་ལ་འབད་པས་བཞུགས་སོ།།
ཚན་པ་དང་པོ། ཆེས་སྔ་བའི་རྒྱལ་སྤྱིའི་སློབ་གླིང་།
{༡} དཔལ་ནཱ་ལནྡཱ་དབུ་བརྙེས་པ།
དཔལ་ནཱ་ལནྡཱའི་དགོན་པ་དུས་ཚོད་གང་འདྲ་ཞིག་གི་ནང་ཆགས་པའི་སྐོར་ལ་བཤད་ཚུལ་མི་འདྲ་བ་ཇི་སྙེད་ཅིག་མཆིས་ཏེ། འདི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཕྱི་གླིང་བ་དང་རྒྱ་ནག་གི་མཁས་པ་ཕལ་ཆེ་བས་ནི། ཕྱི་ལོ་ ༣༩༩ ལོར་རྒྱ་ནག་ཁྲང་ཨན་ནས་ལམ་ལ་ཆས་ཏེ་རྒྱ་གར་དང་སིངྒ་ལ་སོགས་སུ་གནས་གཟིགས་སུ་ཕྱིན་ནས་ཕྱི་ལོ་ ༤༡༦ ལོར་ཕྱིར་ཁྲང་ཨན་དུ་འབྱོར་བའི་རྒྱ་ནག་གི་དགེ་སློང་ཆོས་ཀྱི་སྣང་བས་ (法显) རང་གི་ལམ་ཡིག་ཏུ། ད་ལྟའི་ནཱ་ལནྡཱ་ཆགས་པའི་གནས་དེར་རིང་བསྲེལ་བཞུགས་པའི་མྱང་འདས་མཆོད་རྟེན་ཞིག་མཇལ་ཚུལ་བྲིས་པ་ཙམ་ལས་དགོན་པ་ཞིག་ཡོད་རབས་ཟུར་ཙམ་ཡང་གླེང་མེད་པ་དང་། རྒྱ་ནག་ལོ་ཆེན་ཞཱན་ཙང་ (玄奘) གིས་ཀྱང་། ནཱ་ལནྡཱའི་གཙུག་ལག་ཁང་འདི་ཉིད་ཐོག་མར་གསར་བཞེངས་ཀྱི་མཐུན་འགྱུར་རོགས་རམ་མཛད་མཁན་ནི། སྦས་པའི་རྒྱལ་རབས་རྒྱལ་པོ་ཟླ་བ་སྦས་པ་ (༤༡༤-༤༥༥) གཉིས་པ་ཡིན་པར་བཤད་ཡོད་པ་སོགས་རྒྱུ་མཚན་དུ་བགྲངས་ནས་ནཱ་ལནྡཱའི་དགོན་པ་ནི་དུས་རབས་ལྔ་པའི་སྟོད་ཙམ་ནས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག
འོན་ཀྱང་། རང་རེ་བོད་ལ་གྲགས་ཚུལ་ནི་དེ་དང་ཆེས་མི་འདྲ་བ་ཞིག་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ <<རྒྱ་གར་ཆོས་འབྱུང་>> དུ། “དེ་ལྟར་ན་ནཱ་ལནྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །” ཞེས་དགོན་པ་འདི་ཉིད་ཐོག་མར་འཛུགས་མཁན་ནི་རྒྱལ་པོ་མྱ་ངན་མེད་ཡིན་པར་བྲིས་འདུག་ལ། བཤད་ཚུལ་འདི་ནི་སྤྱིར་རང་རེ་ཚོ་ལ་ཡོངས་གྲགས་ལྟ་བུ་ཞིག་ཏུ་ཆགས་ནས་དོགས་པ་ཙམ་ཡང་མི་བྱེད་པར་ཀླུ་སྒྲུབ་ཡབ་སྲས་ཀྱང་དང་པོ་ནས་དགོན་པ་དེ་རུ་ཆོས་ཞུགས་མཛད་ཅིང་སློབ་གཉེར་གནང་བ་ཡིན་ངེས་ཀྱི་གཏམ་གང་ས་གང་དུ་བྲིས་ཡོད་པར་མ་ཟད། རྒྱ་གར་ནཱ་ལནྡཱར་དངོས་སུ་ཕེབས་མྱོང་ཡོད་པའི་ཆག་ལོ་ཙཱ་བས་ཀྱང་། <<རིན་ཆེན་ཕྲེང་བ་>> ལས། “སྔོན་གྱི་རྒྱལ་པོའི་ཆོས་ཀྱི་གཞི་” ཞེས་གསུངས་པ་ནི་ནཱ་ལནྡཱའི་གཙུག་ལག་ཁང་དག་ཡིན་པ་གཞིར་བཞག་ལྟ་བུར་བྱས་ནས་བཤད་ཡོད།
དེ་ལྟ་ན་དགོན་པ་འདི་ཉིད་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ཡས་མས་ཤིག་ནས་ཡོད་དགོས་པར་མ་ཟད། ད་དུང་ཀླུ་སྒྲུབ་ཀྱིས་ཤིན་ཏུ་རྒྱས་པར་བྱས་ཡོད་ན་བཙུན་པ་ཆོས་ཀྱི་སྣང་བས་ས་དེར་མཆོད་རྟེན་འགའ་ཡོད་པ་ཙམ་ལས་མ་བྲིས་པ་མཚར་ཆེ་སྟེ། དགེ་ཆོས་ཀྱིས་ “རྒྱའི་བཙུན་པ་སྔ་ཕྱི་འདི་གསུམ་གྱི་ལམ་ཡིག་རྣམས་མཇལ་ཚེ་ཁ་སང་རྒྱ་གར་ནས་བྱོན་སྙམ་པ་འཆར། ཞིབ་པ་དང་བདེན་པ་ཚོད་མེད་” ( <<གཏམ་རྒྱུད་གསེར་ཐང་>> ལས་དྲངས) ཅེས་པ་བཞིན་སྐབས་དེ་ཤེད་དུ་རྒྱ་གར་ལ་གནས་གཟིགས་སུ་ཕྱིན་པའི་རྒྱའི་དགེ་སློང་དེ་དག་གིས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་བྲིས་པ་ཤིན་ཏུ་ཞིབ་པས། ཆོས་ཀྱི་སྣང་བས་ལམ་ཡིག་ཏུ་འབྲི་ཚུལ་ལ་བལྟས་ན། ཁོང་ས་དེར་ཕེབས་ཚེ་དགོན་སྡེ་ཆེན་པོ་ཞིག་ད་དུང་ཆགས་ཐུབ་མེད་པ་གསལ་པོར་དཔོག་ཐུབ་པས། ཀླུ་སྒྲུབ་ཀྱིས་ཤིན་ཏུ་རྒྱས་པར་བྱས་པའི་སྐད་ཆ་ནི་ནོར་བ་ཆེན་པོ་ཞིག་ཡིན་ལ། “དེ་ལྟར་ན་ནཱ་ལནྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད་” ཅེས་དགོན་པ་གསར་ཆགས་ཀྱི་དུས་ཚོད་མྱ་ངན་མེད་ཀྱི་སྐབས་ཡིན་པར་སྨྲས་པ་ཡང་ཡིད་རྟོན་འཕེར་བའི་གནས་སུ་མི་ཆེའོ།།
དེས་ན་ཆོས་ཀྱི་སྣང་བའི་ལམ་ཡིག་ནི་མཐོང་ཐོས་ཀྱི་དོན་དངོས་བྲིས་པ་ཞིག་ཡིན་སྟབས། ཁོ་བོས་ཀྱང་དེ་ཉིད་ཁུངས་བཙུན་པར་བྱས་ཏེ་ཡུལ་འདིར་དཔལ་ནཱ་ལནྡཱའི་ཆོས་སྡེ་ཆེན་པོ་དེ་ཉིད་གཏན་ཆགས་ཀྱི་དགོན་པའི་རྣམ་པར་གྲུབ་པའི་དུས་ནི། དུས་རབས་ལྔ་པའི་འགོ་སྟོད་ཅིག་ནས་ཡིན་པར་འདོད་ལ། ཡང་ <<རྒྱ་གར་ཆོས་འབྱུང་>> ལས། “དེ་ནས་ཕྱིས་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱ་བཀའ་བགྲོས་ཏེ། གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི། ཐེག་པ་ཆེན་པོ་བ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་དང་། གལ་ཏེ་མོང་གལ་གྱི་བུའི་གནས་སུ་བསྟན་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་གྱི། ཆོས་འཕེལ་བ་ཁོ་ན་ཡིན་པའི་མཚན་མ་གཟིགས་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ།།” ཞེས་ཆོས་སྡེ་འདི་ཉིད་དང་པོར་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་ཡོད་སར་ཐེག་ཆེན་གྱི་མདོ་སྡེ་དག་བཞུགས་སའི་ལྷ་ཁང་ཞིག་བཞེངས་པ་དང་། དེ་ནས་རིམ་གྱིས་རྒྱ་བསྐྱེད་དེ་ཆགས་པ་ཞིག་ཡིན་ཚུལ་སྨྲས་པ་ནི་དོན་དངོས་དང་མཐུན་པའི་གཏམ་ཞིག་ཏུ་སྙམ་སྟེ། ཕྱིས་ནཱ་ལནྡཱ་ཆགས་པའི་ས་དེ་རུ་བཙུན་པ་ཆོས་ཀྱི་སྣང་བས་མྱང་འདས་མཆོད་རྟེན་ཞིག་མཇལ་བ་དེ་ཡང་ <<རྒྱ་གར་ཆོས་འབྱུང་>> དུ། ཡུལ་དེར་ཐོག་མར་ཤཱ་རིའི་བུའི་གདུང་རུས་ཀྱི་མཆོད་རྟེན་ཞིག་ཡོད་པར་བཤད་པ་དེ་ཨེ་ཡིན་སྙམ་ལ། ད་དུང་གོང་གི་བཤད་སྟངས་ལས་དཔགས་ན། ནཱ་ལནྡཱའི་ཆོས་སྡེ་ཆེན་པོ་ཉིད་གཏན་ཆགས་ཀྱི་དགོན་སྡེའི་རྣམ་པར་མ་གྲུབ་པའི་སྔོན་ནས་ས་འདི་ཐེག་ཆེན་གྱི་དགེ་སློང་མང་པོ་སྐབས་སྐབས་སུ་འདུ་འཛོམས་ཀྱི་གནས་ཤིག་ཡིན་པར་ངེས་ཤིང་། རང་རེར་གྲགས་པའི་གཏམ་རྒྱུད་དག་ཏུ་ཡང་། ནཱ་ལནྡཱ་ནས་འཕགས་པ་ལྷ་དང་བྲམ་ཟེ་ཐུབ་བཀའ་(དཀའ་)ནག་པོ་རྩོད་པ་བྱས་ཞེས་བྱུང་བ་དེ་ཡང་ཕྱིས་ཀྱི་ནཱ་ལནྡཱའི་ཆོས་སྡེ་ཉིད་མ་ཡིན་པར་དང་པོའི་གནས་འདི་ཁོ་ན་ཡིན་པར་སེམས་ཏེ། ནཱ་ལནྡཱར་གཏན་ཆགས་ཀྱི་དགོན་སྡེ་ཞིག་མ་གྲུབ་པའི་སྔོན་ནས་ས་འདིར་ཐེག་ཆེན་གྱི་བཙུན་པ་དག་དུས་དུས་སུ་འདུ་འཛོམས་མཛད་ཀྱི་ཡོད་པས་རྩོད་པའི་ཁོར་ཡུག་བཟང་ལ། ད་དུང་གཏམ་རྒྱུད་དུ། མཐར་བྲམ་ཟེ་ཐུབ་དཀའ་ནག་པོ་ཕམ་རྗེས་ཁོས་རང་གི་གྲུབ་མཐའ་འདོར་མ་འདོད་པ་ལ། ཐེག་ཆེན་གྱི་གླེགས་བམ་ཤིན་ཏུ་མང་པོ་བཞུགས་སའི་ལྷ་ཁང་ཞིག་ཏུ་བཅུག་ཚུལ་བཤད་ཡོད་པ་དང་། “དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ་” ཞེས་པ་གཉིས་ཀྱང་གུང་བསྒྲིགས་ཆོག་པ་ཞིག་ཏུ་སྣང་བར་མ་ཟད། འཕགས་པ་ལྷས་མཛད་པར་གྲགས་པའི་ <<དབུ་མ་འཁྲུལ་འཇོམས་>> ཀྱི་འགྱུར་བྱང་ཞིག་ཏུ་ཡང་གཞུང་དེ་ནཱ་ལནྡཱ་ནས་མཛད་ཚུལ་ཞིག་བྱུང་བ་འདུག་པ་དང་། <<ཆག་ལོའི་རྣམ་ཐར་>> ལས་ཀྱང་། “བླ་མའི་ཞལ་ནས། ཡེ་ཤེས་ཀྱི་མགོན་པོ་འདི་ནི། དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་ལ་རང་བྱོན་དུ་ཡོད་པ་ལ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྙེད་ནས་འདིར་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ཡིན།” ཞེས་ནཱ་ལནྡཱ་དང་ཁད་ཉེ་ས་ཞིག་ན་ཀླུ་སྒྲུབ་ཀྱིས་ཁྱེར་འོངས་པའི་མགོན་སྐུ་ཞིག་ཡོད་པར་གསུངས་ཚུལ་སོགས་ལ་བརྟགས་ན། ཀླུ་སྒྲུབ་ཡབ་སྲས་ཀྱང་གནས་འདིར་ཕེབས་ཤིང་བཞུགས་མྱོང་བར་ངེས་པས་ན། ཀླུ་སྒྲུབ་དང་ནཱ་ལནྡཱའི་བར་གྱི་གཏམ་རྒྱུད་དག་ཀྱང་ལོ་རྒྱུས་དངོས་ཀྱི་གཞི་འཛིན་ས་གཏན་ནས་མེད་པ་ཞིག་ནི་མ་ཡིན་ནའང་། ཀླུ་སྒྲུབ་ཀྱི་དུས་སུ་ཡུལ་འདིར་དགོན་སྡེའི་རྣམ་པ་ཁྲ་ལམ་མེ་བ་ཞིག་ཡོད་པར་ངོས་བཟུང་ན་ནི་རྒྱུ་མཚན་མི་ལྡན་པའི་འོལ་སྤྱི་ཙམ་ལས་ཅི་ཡང་མ་ཡིན་ནོ།།
དེས་ན་དཔལ་ནཱ་ལནྡཱ་ཞེས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ནི། དགེ་ཆོས་ཀྱིས་ “ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཏེ་རྒྱལ་པོ་གཞོན་ནུ་སྦས་པ་དང་པོ་དང་གཅིག་པར་བྱེད། དེ་ལྟར་ན་གཙུག་ལག་ཁང་ཆེར་བསྐྱེད་པའི་འགོ་བཙུགས་པ་ཡིན་གྱི་དགོན་གནས་སྔར་ནས་ཡོད་པར་སེམས་” ( <<གཏམ་རྒྱུད་གསེར་ཐང་>> ལས་དྲངས་) ཞེས་བཤད་པ་ལྟར། ཐོག་མར་འཕགས་པ་ཤཱ་རིའི་བུ་སྐུ་འཁྲུངས་པའི་གནས་སུ་མཆོད་རྟེན་ཞིག་བཞེངས་པ་དེའི་རྨང་གཞིའི་སྟེང་ནས་རིམ་གྱིས་གྲུབ་པ་ཞིག་ཏུ་སྙམ་སྟེ། ཐེག་ཆེན་གྱི་གླེགས་བམ་བཞུགས་སའི་ལྷ་ཁང་བཞེངས་པ་དང་། ཐེག་ཆེན་པ་གཙོ་བོར་བྱས་པའི་དགེ་སློང་མང་པོ་དུས་སུ་འདུ་འཛོམས་ཀྱིས་གསུང་རབ་ཀྱི་དོན་ལ་བགྲོ་གླེང་བྱས་པ་སོགས་བརྒྱུད་མཐར། དུས་རབས་ལྔ་པའི་སྟོད་ཙམ་ལ་རྒྱལ་པོ་ཟླ་བ་སྦས་པས་སྦྱིན་བདག་གཙོ་བོ་གནང་ནས་གཏན་ཆགས་ཀྱི་དགོན་པ་ཞིག་ཏུ་བཞེངས་ཏེ། མི་ལོ་བརྒྱད་བརྒྱ་ལྷག་གི་རིང་ལ། དབྱར་དུས་ཀྱི་ཆུ་བོ་བཞིན་གོང་ནས་གོང་དུ་འཕེལ་བའི་ངོ་མཚར་གྱི་ལོ་རྒྱུས་བྱུང་བ་ཞིག་ཡིན་པར་སྙམ། རྒྱ་ནག་བཙུན་པའི་གསུང་སྒྲོས་ལས། རྒྱལ་པོས་ཐོག་མར་ཆོས་སྡེ་ཆེན་པོ་ཞིག་འཛུགས་པར་བཞེད་ནས་གྲངས་ཅན་གྱི་ས་དཔྱད་མཁན་ཞིག་ལ་ས་དཔྱད་བྱེད་དུ་བཅུག་ཚེ། ས་དཔྱད་མཁན་དེས་ཡུལ་འདིའི་མཚན་མ་ཆེས་ལེགས་པར་མཐོང་ནས་རྒྱལ་པོར་ཞུས་ཚུལ་དང་། ཐོག་མར་དགོན་སྡེ་ཆགས་སྐབས་ས་འདི་ན་ཀླུ་ཞིག་ཡོད་པ་དེས་གནོད་ནས་གྲྭ་པ་མང་པོ་ཁྲག་བསྐྱུགས་ཏེ་ཤི་བའི་གནས་ཚུལ་བྱུང་མྱོང་ཡོད་པ་ཡང་བྲིས་ཡོད།
གང་ལྟར་རེ་ཞིག་འདི་ནས་གོང་གསལ་རྒྱུ་མཚན་ཁག་ལ་གཞི་བཅོལ་ཏེ། ཕྱི་ལོའི་སྔོན་གྱི་ ༢༣༠ ཡས་མས་ཤིག་ནས་ཕྱི་ལོ་ ༤༣༠ ཡས་མས་ཤིག་གི་བར་ནི་མྱ་ངན་མེད་ཀྱིས་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་བཞེངས་པ་ནས་ནཱ་ལནྡཱའི་དགོན་པ་དངོས་སུ་མ་ཆགས་པའི་བར་དང་། ཕྱི་ལོ་ ༤༣༠ ཡས་མས་ཤིག་ནས་ཕྱི་ལོ་ ༡༡༩༧ བར་ནི་དཔལ་ནཱ་ལནྡཱའི་ཆོས་སྡེ་ཆེན་པོ་ཉིད་གཏན་ཆགས་ཀྱི་དགོན་སྡེའི་རྣམ་པར་བཞེངས་ཏེ་དབྱི་སི་ལམ་གྱི་དམག་གིས་མ་གཏོར་བར་གྱི་དུས་ཚིགས་ཡིན་པའི་ཆ་འཇོག་བྱེད་རྒྱུ་ཡིན།
དེ་ཡང་དགོན་པ་འདི་ཤྲཱི་ནཱ་ལནྡཱའམ་དཔལ་ནཱ་ལནྡཱ་ཞེས་འབོད་པའི་མཚན་དོན་དངོས་གང་ཡིན་ནི། ཁོ་བོ་རང་ཉིད་ལ་ལེགས་སྦྱར་སྐད་རིགས་ཀྱི་ཤེས་བྱ་གང་ཡང་མི་འཛོམས་ཕྱིར་རང་སྟོབས་ཀྱིས་དཔྱད་པའི་རྔོ་མི་ཐོགས་ནའང་། འབྲེལ་ཡོད་དཔྱད་གཞི་ལས་བྱུང་བ་ལྟར་ན་བཤད་ཚུལ་སྣ་ཚོགས་ཡོད་དེ། གུང་མགོན་པོ་སྐྱབས་ཀྱི་ <<རྒྱ་ནག་ཆོས་འབྱུང་>> དུ་བཙུན་པ་ཞཱན་ཙང་གི་གསུང་སྒྲོས་དང་མཐུན་པར་འདིའི་མིང་དོན་སྦྱིན་པས་མི་སྐྱོ་བ་ཞེས་བྱ་བ་ཡིན་ཚུལ་གཏམ་རྒྱུད་དང་སྦྱར་ནས་བཤད་ཡོད་ལ། ལ་ལས་ནི་དགོན་གནས་ཀྱི་ཉེ་འགྲམ་དུ་ཡོད་པའི་མཚེའུ་ཞིག་ན། ཀླུ་ན་ལནྡྲཱ་ཟེར་བ་ཞིག་ཡོད་པར་གྲགས་པས་དེ་སྐད་མིང་དུ་ཐོགས་པར་བཤད། ད་དུང་རྒྱ་ནག་གི་ཡི་གེ་གཞན་ཞིག་ཏུ་པདྨའི་གླིང་ཞེས་པའི་དོན་དུ་བཀྲལ་ནས། གནའ་བོའི་རྒྱ་གར་ན་པདྨ་ཤེས་རབ་ཀྱི་མཚོན་རྟགས་སུ་རྩི་བས་དེ་ལྟར་སྦྱར་ཚུལ་བཤད་ཡོད་པ་དང་། <<ཆག་ལོའི་རྣམ་ཐར་>> ལས། “ན་ལན་དྲ་ཞེས་པ་མིའི་དབང་པོ་སྔོན་གྱི་རྒྱལ་པོས་བཞེངས་པས་དེ་སྐད་གྲགས་” ཞེས་གསུངས། ལ་ལས་ས་མིང་གི་སྒོ་ནས་ཐོགས་པ་ཞིག་ཡིན་ཚུལ་ཡང་གླེང་ཡོད་ལ། <<གསེར་ཐང་>> ལས། “ནཱ་ལནྡཱ་ནི་རང་རེའི་འདུལ་བར་ནཱ་ལ་ད་ཞེས་བྱུང་ཞིང་། བྲམ་ཟེ་སྐར་རྒྱལ་ལ་རྒོལ་བའི་བ་དན་དུ་ཐོབ་པ་གསུངས་ཀྱང་མཚན་དོན་ནི་མི་གསལ་” ཞེས་དང་། “ནཱ་ལནྡཱ་སྟེ་མི་ཆོག་སྦྱིན་བྱ་བ་ཡིན་ཟེར། ཨ་ལཾམ་འདང་བ་དང་མི་ཆོག་པའི་དོན་ཡིན་མོད། འདི་ངན་པ་བཟང་སྦྱིན་བྱ་བའི་མིང་དེ་ག་རང་ཡིན་ནམ་སྙམ་མོ་” ཞེས་བྱུང་ལ། གང་ལྟར་ཐ་སྙད་དེ་ནི་སྔར་ནས་ཡུལ་དེའི་ས་མིང་དུ་ཐོགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཕྱིས་དགོན་པ་ལ་ཐོགས་པ་ཞིག་ཡིན་གྱི། དགོན་པ་གསར་དུ་ཆགས་དུས་ཆེད་དུ་སྦྱར་བའི་མཚན་མིན་པར་ངེས་སོ།།
ནཱ་ལནྡཱ་དགོན་པའི་ནང་དུ་ཞུགས་པའི་སློབ་གཉེར་བ་ནི། དེ་སྔར་མཇལ་བའི་དཔྱད་གཞིའི་ཡིག་ཆ་ལྟར་ན། རྒྱ་གར་ཤར་ནུབ། ཁ་ཆེ། ཨོ་རྒྱན། རྒྱ་ནག །བོད། སོག་པོ། འཇར་པན། ཀོ་རི་ཡ་བཅས་ཀྱི་མི་ཡོད་ལ། ད་དུང་དགེ་ཆོས་ཀྱིས་ “འདིར་དགེ་འདུན་ཁོ་ན་བཞུགས་པ་མིན་གྱི་རབ་ཏུ་མ་བྱུང་བའི་སློབ་བུ་གྲངས་མེད་པ་ཡོད་ཅིང་།” ཞེས་གསུངས་ཡོད་ནའང་། ཙནྡྲཱ་གོ་མི་ནཱ་ལནྡཱར་བྱོན་པའི་ལོ་རྒྱུས་སོགས་ཀྱི་འགྲོས་ལས་དཔགས་ན་རབ་ཏུ་མ་བྱུང་བའི་སློབ་བུ་མང་པོ་ཡོད་པའི་བཤད་སྟངས་དེ་མི་བདེན་པར་སྙམ།
རྒྱ་ནག་བཙུན་པ་ཞཱན་ཙང་གིས། དགོན་པའི་ནང་དུ་གཙུག་ལག་ཁང་ཆེན་པོ་བརྒྱད་ཡོད་པར་གསུངས་པ་དེ་བོད་ཀྱི་ཡིག་ཆ་རྣམས་སུ་གྲྭ་ཚང་ཆེན་པོ་བརྒྱད་ཅེས་གོ་བ་བླངས་ཡོད་པ་ནི་དོན་གྱི་ནོར་བ་ཆེན་པོ་སྟེ། བཙུན་པས་གཙུག་ལག་ཁང་ཆེན་པོ་བརྒྱད་ཅེས་པའི་དོན་ནི་སྦྱང་གཞིའི་རྣམ་གྲངས་མི་འདྲ་བའི་སློབ་ཁག་ཆེན་པོ་བརྒྱད་ཀྱི་དོན་ཡིན་ལ། གྲྭ་ཚང་བརྒྱད་ཅེས་པ་དེ་དང་གཏན་མི་འདྲའོ།།
<<གསེར་ཐང་>> ལས། “རིག་བྱེད། གྲངས་ཅན། དཔྱོད་པ། རྩིས་ཁང་། སྒྲ་ལ་སོགས་པ་ཕྱི་རོལ་གྱི་རིག་གནས་ཐམས་ཅད་དང་། སྡེ་པ་བཅོ་བརྒྱད་ཀྱི་སྡེ་སྣོད་ཐམས་ཅད་སློབ་པར་བཤད།” ཅེས་པ་ལྟར། ནཱ་ལནྡཱའི་སློབ་གཉེར་བ་དག་གི་སྦྱང་གཞི་ནི་ནང་ཆོས་ཀྱི་གཙུག་ལག་གཞུང་ལུགས་ཙམ་མིན་པར། གནམ་རིག་སྐར་རྩིས། གསོ་རིག །སྐད་བརྡ་རིག་པ་སོགས་ཐུན་མོང་བའི་རིག་གནས་རྣམ་གྲངས་མང་པོ་དང་། ད་དུང་གྲངས་ཅན་པ་དང་། དཔྱོད་པ་བ་སོགས་ཆོས་ལུགས་གྲུབ་མཐའ་གཞན་གྱི་ལྟ་གྲུབ་ལའང་སྦྱང་བ་མཛད་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་རོལ་པའི་གཞུང་ལུགས་སློབ་པའི་འཛིན་གྲྭ་དེ་ཚོ་ཆ་ཚང་ནང་པ་ཡིན་པ་ལས་ཕྱི་རོལ་པ་མིན་པ་འདྲ།
རྒྱ་ནག་བཙུན་པའི་ལམ་ཡིག་ཏུ། དགོན་པའི་ནང་དུ་དཔེ་མཛོད་ཁང་ཆེན་པོ་གསུམ་ཡོད་པ་དང་། དེ་དག་གི་ནང་དུ་རྣམ་གྲངས་མི་འདྲ་བའི་དཔེ་དེབ་པོ་ཏི་ཁྲི་དགུ་བརྒྱ་ཡོད་པར་བཤད་འདུག་ན། དེང་སང་གི་མིང་དུ་གྲགས་པའི་ཧར་ཝར་ཌི་སློབ་ཆེན་ (Harvard University) གྱི་དཔེ་མཛོད་ཁང་དུའང་པོ་ཏི་ཁྲི་བརྒྱད་བརྒྱ་ལས་མེད་པས་གཞི་རྒྱ་ཅི་འདྲའི་ཆེ་ཨང་།
{༢} “རིན་ཆེན་བུམ་པའི་” ཆག་འཇིག
གལ་ཏེ་ཁྱེད་ཉིད་ད་ལྟ་རྒྱ་གར་གྱི་པཊ་ནཱ་ཟེར་བའི་ས་ཆ་དེར་སླེབས་ན། ཡུལ་དེ་གའི་གྲོང་མི་ཕལ་ཆེ་བས་ཤཱཀྱ་མུ་ནེ་ཞེས་པ་སུ་ཡིན་གཏན་ནས་མི་ཤེས་ལ། ཁོ་ཚོའི་ཁྲོད་དུ་མི་ཚེ་གང་པོར་སངས་རྒྱས་པའི་ཆོས་དཔེ་ཞིག་མཐོང་ཡོད་མཁན་ཙམ་ཡང་ཧ་ལམ་ཡོད་ཚོད་མི་འདུག །གྲོང་ཚོ་ཆུང་ཆུང་དེ་དང་ཁད་ཤིན་ཏུ་ཉེ་ས་ན་ཁྱོད་ཀྱི་མིག་ལམ་དུ་མངོན་པ་ནི་གཞི་རྒྱ་རབ་ཏུ་ཡངས་པའི་གནའ་བོའི་དགོན་ཆེན་ཞིག་གི་ཐོར་ཤུལ་ཡིན་ལ། དེ་ནི་ནང་བསྟན་མཚན་ཉིད་རིག་པའི་གནའ་བོའི་ཕ་ཁྱིམ་དྲོན་མོ་སྟེ། མིའི་རིགས་ཀྱི་བསམ་བློའི་འཇིག་རྟེན་དུ་འོད་སྣང་དང་བདུད་རྩི་སྟེར་མྱོང་བའི་ཤེས་རིག་གི་སྐྱེད་ཚལ། ལོ་རྒྱུས་སྨྲ་བ་ཚོས་ “ཆེས་སྔ་བའི་རྒྱལ་སྤྱིའི་སློབ་གླིང་” དུ་འབོད་པའི་དཔལ་ནཱ་ལནྡཱའི་དགོན་ཤུལ་ཡིན།
དེ་ཡང་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་ཏུ་དབྱི་སི་ལམ་གྱི་དམག་དཔུང་གིས་གདོད་མའི་ནང་ཆོས་ཀྱི་ཕ་ས་ལྟ་བུའི་རྒྱ་གར་ལ་དྲག་པོས་དཔུང་འཇུག་བསྟུད་མར་བྱས་ཏེ། ལྷོ་ཕྱོགས་ནས་རིམ་གྱིས་ནང་པའི་ཆོས་ལུགས་དང་བྲམ་ཟེའི་ཆོས་ལུགས་སོགས་ཁོང་ཅག་གི་ལུགས་མིན་པ་མཐའ་དག་གི་གཙུག་ལག་ཁང་དང་། མཆོད་རྟེན་གྱི་རིགས། གསུང་རབ་ཡིག་ཆ་སོགས་མཐོང་ཚད་རྩ་མེད་དུ་བཅོམ་ཞིང་། སྔར་གྱི་ཆོས་ལུགས་དེ་དག་ལ་དད་པའི་སྐྱེ་བོ་ཁྲི་སྟོང་གི་ནང་ནས་ཉུང་ཤས་ཤིག་ཡུལ་ལུང་གཞན་དུ་བྲོས་ནས་ཤོར་བ་ཙམ་མ་གཏོགས། ཁོ་ཚོའི་ལག་ཏུ་ཤོར་བ་རྣམས་ནི་སྐེ་བྲེགས་པ་དང་། ཡན་ལག་གཅོད་གཏུབ་བྱས་པ་སོགས་གདུག་རྩུབ་ཀྱི་སྦྱོར་བ་དྲག་པོས་དམར་གསོད་བཏང་སྟེ། གནའ་བོའི་རྒྱལ་ཁབ་དེའི་སྐྱེས་བུ་ཤེས་རབ་ཅན་ཚོས་འབད་པ་བྱེ་བས་བསྐྲུན་པའི་དཔལ་ཡོན་གྱི་མེ་ཏོག་ཁྲ་ལམ་མེར་འཛུམ་པ་དག་རེ་རེ་བཞིན་ཁྲག་ལ་བརྫིས་ཤིང་། མཐར་འཇིགས་སུ་རུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་དེའི་དུག་རླངས་རྒྱ་གར་ཡུལ་དབུས་སུའང་ཕོག་སྟེ་ཕྱི་ལོ་ ༡༡༩༧ ལོའི་ཡས་མས་ཤིག་ཏུ། རིན་ཆེན་གཏེར་མཛོད་ལྟ་བུའི་དཔལ་ནཱ་ལནྡཱའི་དགོན་པ་ཡང་ “མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་སྡིག་གསོད་གཏོང་བའི་ལག་དམར་” དེ་ཚོའི་རལ་གྲིའི་འོག་ནས་མི་ཁྲག་གི་བཞུར་རྒྱུན་དང་འདྲེས་ཏེ་ས་ལ་ཐིམ་པ་རེད།
ཡ་ང་བའི་དུས་དེ་ཤེད་ཅིག་ཏུ་རང་རེའི་ཆག་ལོ་ཙཱ་བ་རྒྱ་གར་དུ་འབྱོར་ཞིང་། སྐབས་དེར། ནཱ་ལནྡཱའི་གྲྭ་པ་རྣམས་དགོན་པ་ནས་བྲོས་བྱོལ་དུ་སོང་ཡོད་པ་དང་། ཕྱི་ནས་ཞག་གཅིག་གནས་ཡུལ་ཙམ་ཡང་དཀའ་ངལ་གྱི་གནས་སུ་གྱར་ཡོད་པས། ལོ་ཙཱ་བ་ཁོང་གིས་བརྒྱུད་པའི་མྱོང་བ་དག་རྣམ་ཐར་དུ་འདི་ལྟར་བྲིས་ཡོད་དེ། “བླ་མ་རཱ་ཧུ་ལ་ཤྲཱི་བྷ་དྲའི་ཡོན་བདག་ཛ་ཡ་དེ་ཝ་གཟའ་(བཟའ་)མི་གཉིས་དབང་མེད་དུ་བོས་ནས་སོང་བ་ཞག་འགའ་ལོག་མ་བྱུང་། དེ་ནས་འགྲུལ་པ་ཞིག་བྱུང་ནས་བླ་མ་དཔོན་སློབ་རྣམས་ལ། ཡོན་བདག་བྲམ་ཟེ་ན་རེ། ངེད་གར་ལོག་གིས་བླ་མའི་སྤྱན་སྔར་མགོ་ཟླུམ་མང་པོ་སྡོད་པ་ལ་བསྙེན་བཀུར་མང་དུ་བྱས་ཟེར་ནས་བཟུང་། ད་བླ་མ་དཔོན་སློབ་རྣམས་ཀྱང་བཀྲོང་ངེས་འདུག་པས། ཕྲོས་ཤིག་ཟེར་བའི་འཕྲིན་བྱུང་བས། བླ་མ་ལ་འོ་སྐོལ་རྣམས་གཤེགས་པར་ཞུས་པས། ཁྱེད་རང་རྣམས་ཕྲོས་ཤིག །ང་(ལོ་) དགུ་བཅུ་ལྷག་སོང་བས་ཐར་ཡང་མི་ཐར། འབྲོས་ཀྱང་མི་འབྲོས་གསུངས། ཡང་བྲམ་ཟེའི་འཕྲིན་བྱུང་ནས་བླ་མ་ལ་ཞུས་པས། སློབ་མ་གཞན་ཐམས་ཅད་བྲོས། ཆོས་རྗེ་ལོ་ཙཱ་བ་གཅིག་པུ་བླ་མ་ལ་ཆགས་ནས་བཞུད་མ་ཕོད། བླ་མ་ལ་གཤེགས་པར་ཞུས་པས། ཁྱོད་བོད་ཀྱི་མི་གཅིག་ང་ལ་ཆགས་ནས་སྡོད་པ་གླེན། ཡུལ་མི་རྣམས་ཀྱང་བྲོས་པ་ལ་ཁྱོད་མི་འབྲོ་བ་གསོད་ཡོང་གསུངས་ནས་བཀའ་བཀྱོན་ཏེ། མི་བཞུད་ན་ང་གསོད་ཀྱང་མི་འགྲོ་ཞུས་པས། གཉེས་(མཉེས་)ནས་དམ་ཚིག་ཅན་འོར་ཆེ། ད་འོ་ན། ཁྱེད་ཀྱིས་ཁུར་ན་ཀ་བ་གཅིག་ལ་བསྐོར་བ་མཛད་པས། བླ་མའི་ཞལ་ནས་ཐེག་པར་འདུག །བུ་རམ་རྐྱལ་པ་ཆུང་བ་གང་དང་། འབྲས་ཚོམ་པ་གཅིག་དང་། དཔེ་གཅེས་པ་འདི་ཚོ་ཡང་ཁྱེར་ཅིག །ཐག་རིང་པོ་མི་ཐར་ཏེ། ང་ལ་ཐབས་ཡོད་ཀྱི་གསུངས་ནས་ལྷོ་ནུབ་ཕ་ཚད་ན་མགོན་ཁང་ཡོད་ས་དེར་བྱོན་ཏེ།” ཞེས་པའི་གཏམ་རྒྱུད་དུམ་བུ་འདིས་ནི། སྐབས་དེའི་དངོས་ཡོད་ཀྱི་གནས་ཚུལ་དག་གཟུགས་བརྙན་ལྟ་བུར་མིག་ལམ་དུ་དྲངས་འོང་ལ། གཏམ་རྒྱུད་དེར་བལྟས་ཚེ། མི་རིང་བའི་སྔོན་དུ་རང་རེའི་འགོར་བབས་པའི་ “སྨྱོན་པའི་ལོ་ཟླ་” སྟེ། “རིག་གནས་གསར་བརྗེ་” ཞེས་པའི་འཇིགས་རུང་གི་དུས་ཚིགས་དེ་ཉིད་ཀྱང་རང་ཤུགས་ཀྱིས་ཡིད་ལ་འཆར་འོང་།
གང་ལྟར་དུས་རབས་བཅུ་གཉིས་པའི་སྨད་ཙམ་ལ། དཔལ་ནཱ་ལནྡཱའི་དགོན་པ་དེ་ཉིད་དབྱི་སི་ལམ་གྱི་དམག་གིས་གཏོར་བ་ནས་བཟུང་རིམ་གྱིས་མི་མེད་ས་སྟོང་དུ་གྱུར་ཟིན་པའི་ཡུལ་འདིར་སྔོན་ཆད་མཁས་གྲུབ་གསེར་རི་འདྲ་བ་དུ་མས་བརྒྱན་པའི་ཆོས་ཀྱི་སྡེ་ཆེན་པོ་ཞིག་ཡོད་མྱོང་བའི་ངག་རྒྱུན་ཙམ་ཡང་ཤེས་མཁན་མེད་པར་གྱུར་ནས་མི་ལོ་བརྒྱད་བརྒྱ་ཙམ་ཕྱིན་སོང་།
སྟབས་ལེགས་པ་ཞིག་ལ། ཕྱི་ལོ་ ༡༨༦༡ ལོར་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་ཡཱ་ལིས་ཧྲན་ཁང་ཉིན་ཧན་ (亚历三达 .康宁汉) གྱིས་ས་དེ་རུ་ནང་པའི་གཙུག་ལག་ཁང་ཞིག་གི་རྗེས་ཤུལ་རྙེད་ཅིང་། རྒྱ་ནག་བཙུན་པ་ཞཱན་ཙང་གི་ལམ་ཡིག་དང་བསྡུར་དུས་དེ་ནི་དཔལ་ནཱ་ལནྡཱའི་དགོན་ཤུལ་ཡིན་པའི་ར་འཕྲོད་བྱུང་བ་དང་། ཕྱི་ལོ་ ༡༩༡༥ ལོ་ནས་བཟུང་རྒྱ་གར་གྱི་གནའ་རྫས་རྟོག་ཞིབ་པ་ཚོས་ས་ཆ་དེ་རུ་གཞི་རྒྱ་ཆེ་བའི་སྔོག་འབྲུ་བྱས་པས། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་བཅུ་བཞི་ལྷག་ཡོད་པའི་ནཱ་ལནྡཱའི་དགོན་ཤུལ་གསལ་རྗེན་དུ་མངོན་པ་དང་། དེའི་རྗེས་སུ་ཡང་རིམ་གྱིས་སྔོག་འབྲུ་བྱས་པ་ལས་ད་ལྟ་མངོན་གསལ་དུ་གྱུར་ཟིན་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་བརྒྱ་ལྷག་ཡོད་ནའང་། ད་རུང་དགོན་ཤུལ་ཆ་ཚང་བརྐོ་བྲུ་ཐུབ་མེད་རབས་བརྗོད་ཀྱི་འདུག །དེའི་ཐད་དགེ་ཆོས་ཀྱིས་ཀྱང་ <<གཏམ་རྒྱུད་གསེར་ཐང་>> དུ། “རྩིག་གོག་རྣམས་ཀྱང་རིམ་གྱིས་ཞིག་སྟེ་ས་དང་ཁད་མཉམ་དུ་གྱུར་ཏེ་ཨཱ་མྲའི་ནགས་ཚལ་སྐྱེས། དེ་ནས་ད་ལྟའི་ལོ་འདི་དག་ཏུ་རྒྱ་གར་སྤྱི་ནས་འགྲོ་སོང་ཚད་མེད་ཅིག་བཏང་སྟེ་ལོ་གཉིས་ཀྱི་ཡུན་ལ་ས་ཕལ་ཆེར་བསལ་ན། ད་དུང་དགེ་འདུན་གྱི་བྲང་ཁང་ཐོག་སོ་གཉིས་རིམ་ཙམ་ས་འོག་ནས་ཐོན་ཏེ།” ཞེས་སོགས་གསལ་པོར་བྲིས་ཡོད།
ད་ལྟའི་དགོན་ཤུལ་ནས་བལྟས་ན། ཞིག་རལ་ཏུ་ཕྱིན་པའི་སོ་ཕག་དམར་པོའི་གྱང་དང་རྩིག་པ་དག་གི་རྣམ་པ་ལས་དགོན་ཆེན་དེའི་སྔར་གྱི་ཆགས་དབྱིབས་རོབ་ཙམ་ཞིག་དཔོག་ཐུབ་ཅིང་། ཁ་རལ་སྣ་རལ་དང་མགོ་ཆག་གཞུག་རྡུམ་དུ་གྱུར་ཟིན་པའི་རྡོ་ཡི་སྐུ་བརྙན་རྣམས་དང་། འགྱེལ་ཟིན་པའི་གཙུག་ལག་ཁང་གི་ཀ་བ་ཆེན་པོ་དག་གི་ཆག་འཕྲོ་ལ་ཞིབ་ཏུ་མཇལ་ན། ཕུལ་བྱུང་བཟོ་སྐྲུན་གྱི་ལག་རྩལ་དེ་དག་གི་མཛེས་སྡུག་དབྱིབས་རིས་ལས་སྔོན་དུས་སུ་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་བལྟ་བས་མི་ངོམས་པའི་ངོ་མཚར་བརྗིད་ཉམས་ལྷང་ངེར་ཡིད་ལ་འཆར་ཐུབ་པ་ཞིག་འོང་། གནའ་བོའི་སྐབས་ཀྱི་དགོན་པའི་ཆགས་དབྱིབས་དངོས་ནི། ཕྱི་ལོ་ ༦༣༠ ལོར་ནཱ་ལནྡཱར་སླེབས་པའི་རྒྱ་ནག་ལོ་ཆེན་ཞཱན་ཙང་གིས་འདི་ལྟར་བྲིས་ཡོད། “庭序别开,中分入院,宝台星列, 琼楼岳峙, 观辣烟中, 殿飞霞上, 生风云于户牖,交日 月于轩檐, 羯尼花树, 加以流水逶迤, 青莲菡萏, 晖焕其间, 庵没罗林, 森疏其外。印度 伽蓝数乃千万, 壮丽崇高 此为其极。”
རང་ལོ་བཅུ་བདུན་སྟེང་ཁོ་བོ་རྒྱ་གར་དུ་ཕྱིན་སྐབས་ན་ཚོད་ཀྱི་རྐྱེན་པས་ནཱ་ལནྡཱར་མཇལ་འདོད་ཀྱི་དམིགས་བསལ་དོ་སྣང་ཅི་ཡང་མེད་པ་དང་། ཞིབ་ཏུ་གནས་སྐོར་བྱ་བའི་དུས་ཚོད་ཀྱང་མ་འདང་བ་སོགས་ཀྱི་དབང་གིས་དཔལ་ནཱ་ལནྡཱའི་དགོན་ཤུལ་ལ་མཇལ་མ་ཐུབ་པ་ནི་ཅི་འདྲའི་བློ་ཕམ་ཆེ་ཨང་། འོན་ཀྱང་བརྙན་འཕྲིན་དང་དྲ་བ་སོགས་ལས་མཇལ་བ་ལྟར་ན། ད་ལྟ་ཤུལ་རྗེས་ནས་མཐོང་ཐུབ་པའི་རྣམ་པ་ནི་དགོན་པའི་དཀྱིལ་དབུས་སུ་རྡོ་དང་སོ་ཕག་གི་གཙུག་ལག་ཁང་ཐོག་བརྩེགས་བཞི་(སྔོན་དུས་བརྩེགས་བདུན་) ཅན་ཞིག་ཡོད་པ་དང་། དེ་ཉིད་ཀྱི་བརྩེགས་པ་རེ་རེའི་མཚམས་ན་རྡོ་ཡི་ཀ་བ་ཆེན་པོ་སྣ་ཚོགས་ཡོད་པ་དག་གི་ངོས་སུ་ཉམས་འགྱུར་སྣ་ཚོགས་པའི་བརྐོས་རིས་རྣམས་ད་དུང་ཡང་གསོན་ཤུགས་ཀྱིས་གང་བའི་ཉམས་དང་ལྡན་ལ། ཤར་ཕྱོགས་སུ་ར་སྐོར་ཆེན་པོ་ཞིག་ལ་ཁ་འཁོར་བའི་དགེ་འདུན་གྱི་བྲང་ཁང་གི་ཤུལ་དང་། དགེ་འདུན་རེ་རེའི་མལ་ཤག་ཏུ་རྡོ་ཡི་གཟིམ་ཁྲི་དང་རྡོ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་བརྙན་དང་རྡོ་ཡི་དཔེ་སྒྲོམ་བཅས་ཡོད་ཅིང་། ར་བའི་ནང་དུ་དགེ་འདུན་གྱི་འཐུང་ཆུའི་ཁྲོན་པ་གཙང་སང་ངེ་བ་ཞིག་ཀྱང་མཐོང་རྒྱུ་འདུག་པ་སོགས་མིག་ལམ་ནས་བརྒྱུད་ཚེ། ཡོད་ཚད་གཞན་ཞིག་ཏུ་གྱུར་ཟིན་པའི་ལོ་རྒྱུས་ཀྱི་འགྱུར་བ་བློ་ཡུལ་ལས་འདས་པ་དག་ལ་བསམ་ཞིང་བསམ་སྟེ་ཁོ་བོའི་སེམས་རྩ་གྲང་ཤུར་ཤུར་དུ་གྱུར་སོང་།
ནུབ་ཕྱོགས་སུ་མཆོད་རྟེན་དང་ལྷ་ཁང་རྗེས་ཤུལ་མང་ལ། ལྷོ་ནུབ་ཏུའང་མཆོད་རྟེན་ཆེན་པོ་ཞིག་གི་ཤུལ་རྗེས་མངོན་པ་སོགས་གཞི་རྒྱ་རབ་ཏུ་ཆེ་བས་རེ་རེ་ནས་བྲིར་མ་ལང་། དེ་སྔ་དགོན་ཤུལ་ནས་ཐོན་ཟིན་པའི་གནའ་རྫས་རིག་དངོས་ཀྱི་ཁྲོད་ལྟ་ན་སྡུག་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་པོ་ཡོད་པ་ལས་གཞན་ཡི་གེ་བརྐོས་མ་ཅན་གྱི་དོང་ཙེ། དུས་རབས་སོ་སོའི་ཟངས་སྒོར་འདྲ་མིན། བཟོ་དབྱིབས་སྣ་ཚོགས་པའི་རྫས་ཆས། གནའ་བོའི་ཡི་གེ་བརྐོས་མའི་ཐམ་ཀ་སོགས་ལོ་རྒྱུས་སྨྲ་བ་དག་ལ་བླ་ན་མེད་པའི་དཔྱད་གཞིར་འོས་པའི་རིག་དངོས་ཇི་སྙེད་ཅིག་བྱུང་བ་རྣམས་ཟུར་དུ་འགྲེམ་སྟོན་ཁང་གི་ནང་བཤམས་ཡོད་ཀྱང་སྐབས་འདིར་དེའི་སྐོར་ཞིབ་ཏུ་གླེང་བའི་དགོས་པ་མ་མཆིས་པས་བཞག་པ་ཡིན།
གནའ་བོའི་ལྟ་ན་སྡུག་པའི་ “ཤེས་རབ་ཀྱི་སྐྱེད་ཚལ་” ཉིད་ས་རྡུལ་གྱི་ཁྲོད་དུ་ནུབ་ནས་ལོ་ངོ་བརྒྱད་བརྒྱ་ལྷག་འགོར་ཟིན་པའི་དེ་རིང་ཡང་བསྐྱར་ཉི་འོད་ལ་མཇལ་བྱུང་། ཡིན་ན་ཡང་སྔར་དང་མི་འདྲ་ས་ཞིག་ཡོད་པ་ནི། སྔོན་དུས་སུ་བློ་གྲོས་ཅན་གྱི་མཁས་པ་དག་ཕན་ཚུན་བགྲོ་གླེང་གི་འུར་སྒྲས་གང་ཞིང་། རང་དབང་གི་བསམ་བློ་དང་རང་ཚུགས་ཀྱི་གྲུབ་མཐའ་དག་གཅིག་གིས་གཅིག་ལ་མགོ་མི་སྒུར་བའི་ཁེངས་ཉམས་ཀྱིས་གནས་ཡོད་ན་ཡང་། ད་ལྟ་ནི་གོ་རིམ་ངེས་པར་དུ་དམར་ཧྲེང་ངེར་ཐོར་བའི་རྩིག་གོག་དག་གིས་གང་ཞིང་། ཕྱོགས་དང་ཕྱོགས་ན་མགོ་ཆག་གཞུག་རྡུམ་དུ་སོང་བའི་མཆོད་རྟེན་དང་སྐུ་བརྙན་རྣམས་བརྩེ་མེད་ཀྱི་ལོ་ཟླའི་མནར་གཅོད་ལ་འཁང་ར་བྱེད་ཀྱིན་སྐྱོ་ཉམས་ཀྱིས་ཡོད་པའི་གཡས་གཡོན་དག་ན། སྐད་རིགས་མི་གཅིག་པའི་ལྟད་མོ་བ་དག་གིས་དྲན་རྟེན་གྱི་པར་རིས་སྒྲོན་པའི་བྲེལ་བ་ཙམ་ལས་ཅི་ཡང་མཐོང་རྒྱུ་མེད་དོ།།
འདི་ནས་ཡར་བརྩིས་པའི་མི་ལོ་བརྒྱད་བརྒྱ་ནི་ཡུལ་གྲུ་འདི་ལ་མཚོན་ན་ཅི་འདྲའི་འཇིགས་རུང་གི་ལོ་ཟླ་ནག་པོ་ཞིག་དང་། ཅི་འདྲའི་བརྩི་མེད་ཀྱི་ལོ་རྒྱུས་སྐྱུར་མོ་ཞིག་རེད་ཨང་།
{༣} ལོ་རྒྱུས་ཀྱིས་མི་བརྗེད་པའི་ནཱ་ལནྡཱ།
གསར་འགྱུར་ལས་ཐོས་པ་ལྟར་ན། མི་འགྱངས་པར་ནཱ་ལནྡཱའི་མིང་ཐོག་ནས་དེང་རབས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་འཛུགས་རྒྱུ་ཡིན་རབས་སྨྲ་གི་འདུག །དེ་ཡང་ ༢༠༠༦ ལོའི་ཟླ་ ༥ པའི་ཟླ་མཇུག་ཏུ་འཇར་པན་གྱི་སྐུ་ཚབ་ཚོགས་པ་ཞིག་རྒྱ་གར་གྱི་མདའ་སྡེ་བིཧཱར་གྱི་དབུ་བཞུགས་བློན་ཆེན་ནེའུ་ཐེས་ཤིས་ཁོའུ་མཱ་ (尼提希.库马) ཡིས་སྣེ་ལེན་འོག་ནཱ་ལནྡཱའི་རྗེས་ཤུལ་ལ་ལྟ་སྐོར་དུ་ཕེབས་ཤིང་། འཇར་པན་གྱི་སྐུ་ཚབ་དེ་དག་གིས། ཁོ་ཚོར་ནཱ་ལནྡཱའི་རྗེས་ཤུལ་གྱི་ཉེ་འགྲམ་དུ་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གྲྭ་ཞིག་འཛུགས་པར་མ་དངུལ་གཏོང་འདོད་ཡོད་ལུགས་ཀྱི་རྣམ་འགྱུར་བསྟན་ཞིང་། ས་གནས་སྲིད་གཞུང་གིས་ཀྱང་དེ་ལ་མོས་མཐུན་བྱས་འདུག་པར་མ་ཟད། མི་འགྱངས་པར་གསར་འཛུགས་བྱ་རྒྱུའི་ “ནཱ་ལནྡཱ་སློབ་གྲྭ་ཆེན་མོའི་” བཟོ་སྐྲུན་འཆར་བཀོད་ཀྱི་དབྱིབས་རིས་ཆ་ཚང་འཇར་པན་གྱི་ཆེད་མཁས་པ་དག་གིས་བཟོས་ཚར་ཡོད་པའང་གསར་འགྱུར་དུ་འཁོད་འདུག །འོན་ཀྱང་ “ནཱ་ལནྡཱ་སློབ་གྲྭ་ཆེན་མོ་” གསར་པ་ནི་ནང་བསྟན་སློབ་གླིང་ཞིག་མིན་པར་སློབ་གཞིའི་སྡེ་ཁག་སྣ་ཚོགས་ཅན་གྱི་དེང་རབས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་རེད་འདུག །
འཇར་པན་གྱི་སྐུ་ཚབ་ཚོགས་པ་དག་གིས། སློབ་ཆེན་འདིའི་མ་དངུལ་ཆ་ཚང་ཁོ་ཚོས་གཏོང་རྒྱུ་ཡིན་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན་པའི་ནཱ་ལནྡཱ་སློབ་གྲྭ་ཆེན་མོ་ནི་དེང་རབས་སྤྱི་ཚོགས་ཀྱི་ “ཤེས་ཡོན་སློབ་སྦྱོང་གི་ལྟེ་གནས་” ཤིག་ཏུ་འགྱུར་བའི་རེ་བ་ཆེ། ཞེས་ཀྱང་སྨྲས་འདུག་ལ། མངའ་སྡེའི་བློན་ཆེན་ནེའུ་ཐེས་ཤིས་ཁོའུ་མཱ་ཡིས། “ཡོ་རོབ་པ་དག་གིས་འབྲོག་ཐང་དུ་འཚོ་བ་རོལ་བཞིན་པའི་སྐབས་སུ། ནཱ་ལནྡཱ་ནི་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གླིང་ཞིག་ཏུ་གྱུར་ཟིན་པས། ངོ་མཚར་དང་གཟི་བརྗིད་ཀྱི་ལོ་རྒྱུས་ལྡན་པའི་ནཱ་ལནྡཱའི་རྗེས་ཤུལ་གྱི་ཉེ་འགྲམ་དུ་རྒྱལ་སྤྱིའི་རང་བཞིན་གྱི་སློབ་ཆེན་གསར་པ་ཞིག་བཞེངས་པ་ལ་དོན་སྙིང་ཆེན་པོ་ཡོད་ལ། འཇར་པན་ལས་གཞན་ད་རུང་རྒྱལ་ཁབ་མང་པོ་ཞིག་གིས་ནཱ་ལནྡཱ་སློབ་ཆེན་བསྐྱར་གསོ་བྱ་རྒྱུར་མོས་པ་ཡོད་ལུགས་ཀྱི་རྣམ་འགྱུར་བསྟན་བྱུང་།” (དྲ་ཐོག་གི་གསར་འགྱུར་ལས་དྲངས་) ཞེས་ཀྱང་བཤད་སོང་ནའང་། བློ་ཕམ་པ་ཞིག་ལ། གསར་དུ་བཞེང་རྒྱུ་ཡིན་པའི་ནཱ་ལནྡཱ་སློབ་ཆེན་དུ་ཐ་ན་ནང་ཆོས་ལ་ཞིབ་འཇུག་གི་ཚན་ཁག་ཙམ་ཡང་མེད་རབས་སྨྲ་གི་འདུག
ད་དུང་ནཱ་ལནྡཱ་དང་འབྲེལ་ཡོད་ཀྱི་གནས་ཚུལ་གཞན་ཞིག་ནི། རྒྱ་གར་དང་སིང་ག་ཕོར་མཉམ་འབྲེལ་གྱིས་མ་དངུལ་ཨ་སྒོར་དུང་ཕྱིར་ ༡.༡༦ བཏང་ནས་ 那烂陀印亚学院 ཞེས་པ་ཞིག་འཛུགས་ཀྱི་ཡོད་པ་དེ་རེད། འདི་ཡང་དེང་རབས་ཀྱི་སློབ་ཆེན་ཞིག་གི་ཚད་གཞི་ལྟར་གསར་བཞེང་བྱ་རྒྱུ་དང་། དེའི་ནང་དུ་སྤྱིར་བཏང་གི་སློབ་ཆེན་དག་ལ་ཡོད་པའི་སློབ་གཞིའི་ཚན་ཁག་ལས་གཞན་དུ། ནང་བསྟན་ཞིབ་འཇུག་ཁང་ཞིག་དམིགས་བསལ་གྱིས་འཛུགས་རྒྱུ་ཡིན་ཞེས་འཁོད་འདུག་པར་མ་ཟད། དགེ་རྒན་ཡོད་ཚད་ནང་ཆོས་ལ་ཞིབ་འཇུག་བྱས་མྱོང་ཡོད་པ་ཤ་སྟག་ཡིན་དགོས་པའི་རེ་བའང་བཏོན་འདུག་ལ། སློབ་གླིང་འདིའི་དོ་དམ་གྱི་ལས་ཀ་ནི་རྒྱལ་ཁབ་གཉིས་ཀའི་ཆེད་མཁས་པ་སྐོར་ཞིག་མཉམ་འབྲེལ་གྱིས་བསྒྲུབ་རྒྱུ་ཡིན་སྐད། གཞན་དུ་ཀོ་རི་ཡ། སིངྒ་ལ། འབར་མ། ཐེ་ལན་ཊ་སོགས་ཀྱིས་ཀྱང་ལས་རིགས་འདི་ལ་མོས་འདུན་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་འདུག །ད་རུང་གོ་ཐོས་སུ། བླ་མ་བདག་ཉིད་ཆེན་པོར་སོག་ཡུལ་དུ་དཔལ་ནཱ་ལནྡཱའི་ཆོས་རྒྱུན་གཙང་མ་འཛིན་པའི་དགོན་སྡེ་ཞིག་ཕྱག་འདེབས་མཛད་རྒྱུའི་ཐུགས་འདུན་ཆེ་ལུགས་ཀྱི་སྐད་ཆ་ཞིག་ཀྱང་འདུག་ན་ཡང་བདེན་མིན་མ་ཤེས།
ཚན་པ་གཉིས་པ། ཁྱད་ཆོས་ལྡན་པའི་སློབ་གསོའི་ཐབས་ལམ།
{༡} ནཱ་ལནྡཱའི་སྲོལ་རྒྱུན།
དམ་པ་བཀུར་བའི་སློབ་གླིང་།
“སྲོལ་” ནི་ལམ་ལུགས་ཀྱི་དོན་ཡིན་ཞིང་། དེའི་ནང་དུ་འགྲོ་ཚུལ་འདུག་སྟངས་ཟ་ལུགས་གོན་སྟངས་སོགས་འདུས་པར་མ་ཟད། ལྟ་ཚུལ་བསམ་ཕྱོགས་ཀྱི་ཆ་མང་པོ་ཞིག་ཀྱང་འདུ་འོས། དེ་བཞིན་དུ་ “རྒྱུན་” ཞེས་པ་ནི་སྔ་ཕྱིའི་བར་མཐུད་པའི་དུས་ཀྱི་ཆ་ཞིག་ལ་གོ་བས་ཡི་གེ་འདི་གཉིས་མཉམ་དུ་བསྡུས་ཚེ། སྔ་ཕྱིར་རིམ་གྱིས་བརྒྱུད་པའི་ལམ་ལུགས་ཀྱི་དོན་སྟོན་པ་རེད། དོན་དེའི་བཏགས་ཆོས་ཏེ་ “སྲོལ་རྒྱུན་” ཞེས་པ་འདི་ནི། རྒྱལ་ཁབ་དང་མི་རིགས། ས་གནས་དང་གྲོང་སྡེ། ཡང་ན་སློབ་གྲྭ་དང་དགོན་སྡེ་སོགས་མི་ཡི་ཚོགས་པ་ཆེ་ཆུང་གང་ཡིན་རུང་ཐུན་མོང་ལ་ཡོད་པའི་སྤྱིའི་འགྲོས་ཀྱི་རིག་གནས་ཤིག་ཏུ་བརྩི་ཆོག་ལ། ཁོར་ཡུག་དེ་དང་དེར་གྲུབ་ཟིན་པའི་སྲོལ་རྒྱུན་དང་སྲོལ་རྒྱུན་གྱི་ལྟ་བ་ནི། དེར་གནས་བཅས་པའི་མི་དག་གི་འདུ་ཤེས་འཛིན་ཚུལ་གྱི་རྩ་བ་ལྟ་བུར་གྱུར་ཡོད་པས། ཚད་ངེས་ཅན་ཞིག་ནས་བཤད་ན། གནས་དང་དུས་གང་ཡང་རུང་སྟེ་མིའི་ཚོགས་པ་དག་ལ་རྒྱུན་སྲོལ་དུ་ཆགས་པའི་ལམ་ལུགས་ཀྱིས་ནི་མི་ཚོགས་དེ་དག་གི་རིག་གནས་འདུ་ཤེས་ཀྱི་སྲོག་རྐང་ལ་དབང་བསྒྱུར་ཡོད་སྟབས། སྲོལ་རྒྱུན་གྱི་ངོ་བོ་ཅི་འདྲ་ཞིག་ཡིན་མིན་ནི་འཕེལ་རྒྱས་སུ་འགྲོ་མིན་གྱི་རྩ་བ་དང་། རྒྱལ་ཕམ་གང་འབྱུང་གི་གནད་ཐུག་ས་ཡིན་ཏེ། དཔེར་ན། གསར་གཏོད་ལ་དགའ་བའི་སྲོལ་རྒྱུན་ལས་ནུབ་ཕྱོགས་པའི་དར་རྒྱས་འཛམ་གླིང་གི་རྩེ་རུ་འཕུར་ཞིང་། གནའ་ལུགས་ལ་དུངས་པའི་སྲོལ་རྒྱུན་ལས་གླིང་ཆེན་ཨ་ཧྥེ་རི་ཀའི་མི་དག་དབུལ་པོའི་མལ་ཁྱིམ་ན་རྟག་ཏུ་ལུས་ཡོད་པ་ལྟ་བུ་རེད། རྒྱུ་མཚན་དེ་འདྲ་ཞིག་གི་རྐྱེན་གྱིས། ང་ཚོས། ལེགས་པའི་སྲོལ་རྒྱུན་ནི་ཅི་འདྲའི་སྟོབས་ནུས་ཟློག་མེད་ཅིག་རེད་ཨང་ཞེས་མི་བརྗོད་མཐུ་མེད་རེད།
དེ་བཞིན་དུ་སློབ་གཉེར་སྡེ་ཁག་ཅིག་ལ་མཚོན་ནའང་། དེའི་སྲོལ་རྒྱུན་ནི་སློབ་གཉེར་གྱི་རྒྱུ་སྤུས་དང་ཐད་ཀར་འབྲེལ་བ་ཡོད་པའི་གལ་ཆེའི་གནས་ཚུལ་ཞིག་ཡིན་པ་སྨོས་མེད་ཡིན་ཏེ། དཔེར་ན། ནཱ་ལནྡཱའི་དགོན་པའི་སློབ་གཉེར་གྱི་མཁའ་དབུགས་ཁྲོད་དུ། དོན་དངོས་ཀྱི་ཐོག་ནས་རིགས་པ་གཙོ་བོར་འཛིན་པའི་སྲོལ་རྒྱུན་ཆགས་ཡོད་པས། དགོན་པ་དེ་ནས་རྒྱལ་བའི་གསུང་ཡིན་ཀྱང་ཕྱེད་ཀ་ཙམ་ལས་ཁས་མི་ལེན་པར་གསུང་རབ་ལ་དྲང་ངེས་རང་སྟོབས་ཀྱིས་འབྱེད་པའི་མཁས་པ་སྙིང་སྟོབས་ཅན་སྐྱེས་པ་རེད། གཞི་ལམ་གྱི་རྣམ་གཞག་འཇོག་ཚུལ་གཏན་ནས་མི་འདྲ་བའི་གྲུབ་མཐའི་མཁན་པོ་སྣ་ཚོགས་བྱུང་བ་རེད། རང་རེ་བོད་ཀྱི་དགོན་སྡེ་ཚོའི་ཁོར་ཡུག་ན། ཁ་ཙམ་ལ་རིགས་པ་གཙོ་བོ་མ་གཏོགས་དོན་ལ་ལུང་ཁོ་ན་གཙིགས་སུ་འཛིན་པའི་སྲོལ་རྒྱུན་ཆགས་པ་ལས། སངས་རྒྱས་ཀྱི་གསུང་ལྟ་ཅི། རང་རང་གི་ཆོས་བརྒྱུད་གྲུབ་མཐའི་གཙོ་བོ་དག་ཕར་ཞོག །རྩོད་གཞུང་ཡིག་ཆའི་ཚིག་ཟུར་ཙམ་ལ་ཡང་འགལ་མི་ཕོད་པར་མཆན་འགྲེལ་ཡང་འགྲེལ་སྣ་ཚོགས་རྩོམ་པའི་དཔེ་ཆ་བ་མང་པོ་བྱུང་མྱོང་གི །གསུང་རབ་ལ་ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་དཔྱོད་ཅན་སྐྱེས་པ་ཤིན་ཏུ་ཉུང་ཞིང་། ཡོད་ཚད་ཐལ་འགྱུར་བའི་གྲུབ་མཐའ་ཁོ་ན་ལས་མི་འདའ་བའི་ལྟ་བ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ཀྱི། གནའ་ནས་ད་བར་མདོ་སྡེ་པའི་གྲུབ་མཐའི་འདོད་ཕྱོགས་བློ་ངོར་འཐད་མཁན་གཅིག་ཀྱང་མ་བྱུང་ལ། བྱེ་བྲག་སྨྲ་བའི་གྲུབ་མཐའི་བརྗོད་སྟངས་ཡིད་ལ་འགྲོ་མཁན་སུ་ཡང་མ་སྐྱེས་པ་རེད། དེ་ནི་རང་རེ་དག་དབང་པོ་རྣོ་དྲགས་པས་ག་ལ་ཡིན་ཏེ། མ་གཞི་ནས་གྲུབ་མཐའ་གང་ཞིག་གི་ཕྱོགས་འཛིན་གྱི་ལུགས་སུ་ཞུགས་པ་ཙམ་ལས་དོན་གྱིས་དཔྱད་པ་བཏང་མྱོང་མེད་པ་ཁོ་ནས་སོ།།
གང་ལྟར་སྲོལ་དུ་ཆགས་ཤིང་རྒྱུན་དུ་གྲུབ་པའི་འདུ་ཤེས་འཛིན་སྟངས་དག་ནི་ཡུལ་དེ་དང་དུས་དེ་ཡི་རྣམ་པ་མཚོན་པའི་རིག་གནས་རྒྱབ་ལྗོངས་སུ་ཡང་བརྩི་ཆོག་པས། འདི་ནས་ཀྱང་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་ནི་ནཱ་ལནྡཱའི་སྲོལ་རྒྱུན་ལས་འཕྲོས་ཏེ་གླེང་རྒྱུ་ཡིན། དེ་ཡང་ནཱ་ལནྡཱ་རུ་ཕྱི་རོལ་པ་དང་རྩོད་པར་བཟོད་པའི་པཎྜི་ཏ་རྣམས་ལྕགས་རིའི་ཕྱི་རོལ་ཏུ་ཆོས་འཆད་པ་ཡིན་ལ། ཚད་ངེས་ཅན་ཞིག་ནས་བཤད་ན། དེ་ནི་པཎྜི་ཏ་རྣམས་ཀྱིས་རང་གི་ཆེ་བ་ངོམ་པའི་གཟི་བརྗིད་ཅིག་ཏུའང་རྩི་བ་རེད།
ཉིན་དེའི་གྲིབ་མ་ཕྱེད་ཡོལ་ཙམ་ལ། ནཱ་ལནྡཱའི་མཁན་པོར་གྱུར་པའི་ཟླ་བ་གྲགས་པས་ཀྱང་རྒྱུན་ལྡན་བཞིན་ལྕགས་རིའི་ཕྱི་རོལ་ཏུ་གཞུང་ལུགས་ཟབ་མོ་དག་གི་དོན་འཁྲིད་ཀྱིན་ཡོད་སྐབས། རལ་པ་སྤྱི་བོར་བཅིངས་པའི་མི་ཕོ་དར་མ་ཞིག་ཁོ་ཚོའི་འཁྲིས་སུ་གུས་པ་མེད་པར་ལངས་ནས་བསྡད། རྩོད་པ་བྱེད་མཁན་རྣམས་ཀྱིས་རྣམ་འགྱུར་དེ་ལྟར་སྟོན་པ་ཡིན་པས། སློབ་མ་དག་ཅུང་བྲེལ་ཟིང་གི་རྣམ་པས་མི་དེ་ལ་རིག་རིག་ལྟ། སློབ་དཔོན་གྱི་ཐུགས་སུ་ཡང་། མི་འདི་རྩོད་པ་བྱེད་མཁན་ཡིན་ནམ་སྙམ་ནས་ཞི་ལྷོད་ཀྱི་ཉམས་དང་བཅས། “ཁྱེད་གང་ནས་འོངས།” “ལྷོ་ཕྱོགས་ནས་འོངས།” “ཆོས་གང་ཤེས།” “སྒྲ་པཱ་ནི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་དང་། མཚན་ཡང་དག་པར་བརྗོད་པ་གསུམ་ཤེས།” “ཙནྡྲཱ་གོ་མི་མིན་ནམ།” “འཇིག་རྟེན་ན་དེ་ལྟར་གྲགས།”
“འོ་ན་མཁས་པ་ཆེན་པོ་ཐོག་བབས་སུ་བྱོན་པ་མ་ལེགས་ཀྱི། དགེ་འདུན་གྱིས་བསུ་བ་བྱེད་དགོས་པས་རེ་ཞིག་གྲོང་ཁྱེར་དུ་བཞུད་ཅིག” (<<རྒྱ་གར་ཆོས་འབྱུང་>> ལས་དྲངས།) ཟེར། རྒྱ་གར་ཤར་ཕྱོགས་ན་མཁས་པའི་མཚན་སྙན་ཤིན་ཏུ་རྒྱས་པའི་ཙནྡྲཱ་གོ་མི་ནི་དགེ་བསྙེན་ཞིག་ཡིན་པས། སྐབས་དེའི་གོམས་སྲོལ་ལ། དགེ་འདུན་གྱིས་ཁྱིམ་པ་ལ་གུས་པས་བསུ་བ་བྱེད་མི་སྲིད་ནའང་། ཁོང་ཉིད་ཤེས་རབ་ཅན་གྱི་མཁས་དབང་ཡིན་སྟབས། ཡུལ་སྲོལ་སྣང་མེད་དུ་གཡུགས་ནས་དགེ་འདུན་དག་གིས་གདུགས་དང་བ་དན་ཕྱར་ནས་བསུ་བ་ཞུས་པར་མ་ཟད། དགོན་པའི་ནང་རྒྱུན་རིང་ལ་ཞབས་ཏོག་ཕུལ་ཏེ་གཙུག་ལག་གཞུང་ལུགས་ཀྱི་སློབ་ཁྲིད་གནང་བཅུག་པ་རེད། འདི་ནི་ནཱ་ལནྡཱའི་གུ་ཡངས་སྒམ་དཀྱེལ་གྱི་སྲོལ་རྒྱུན་རེད། སྲོལ་རྒྱུན་དེས་ནི་དུས་རྟག་ཏུ་ཕྱོགས་དང་ཕྱོགས་ནས་མཁས་པ་ཆེན་པོ་སོགས་ལ་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད་པས། སྐབས་དེའི་རྒྱ་གར་གྱི་ནང་པའི་མཁས་པ་སུམ་ཆའི་གཉིས་ཙམ་ནཱ་ལནྡཱར་ཕེབས་མྱོང་ཞིང་། དེ་ལས་ནཱ་ལནྡཱར་གཞན་ལས་ལྷག་པའི་ངོ་མཚར་གྱི་མཛེས་སྡུག་ཐོབ།
དེ་ལྟར་བལྟས་ཚེ། ནཱ་ལནྡཱའི་ཁོར་ཡུག་ཏུ་བརྩི་བཀུར་གྱི་ཞིང་མཆོག་ཏུ་གྱུར་པ་ནི་མཁས་པ་ཡིན་ལ། དེས་ནི་ཤེས་རབ་ལ་དགའ་བ་ནཱ་ལནྡཱའི་སྲོལ་རྒྱུན་ཡིན་པའི་གསལ་བཤད་བྱས་ཡོད་ཅིང་། ཤེས་རབ་ལ་དགའ་བ་སྲོལ་རྒྱུན་དུ་ཆགས་པའི་མཐུན་སྦྱོར་ནི་ནཱ་ལནྡཱའི་ལོ་རྒྱུས་ལ་ངོ་མཚར་གྲུབ་འབྲས་ཀྱི་འོད་སྣང་འཚེར་བའི་རྒྱུ་དང་རྐྱེན་གྱི་བྱ་བྱེད་དང་པོ་ཉིད་དོ།།
ཞི་བ་ལྷ་ནཱ་ལནྡཱར་བཞུགས་ཚེ། ཁོང་ནི་སུས་ཀྱང་རྟོགས་དཀའ་བའི་མི་ཁྱད་མཚར་ཞིག་སྟེ། མི་གཞན་དག་གི་སྣང་ཚུལ་ལ་ཁོང་གིས་རིག་གནས་སློབ་སྦྱོང་ཅི་ཡང་མཛད་ཀྱི་མེད་པ་དང་། བསམ་གཏན་ལ་བརྩོན་པ་སོགས་ཆོས་ཀྱི་ཉམས་ལེན་གང་ཡང་མི་གནང་བར་རྒྱུན་དུ་ཉལ་ནས་སྡོད་པ་རེད། བྱ་སྤྱོད་དེར་ཁོར་ཡུག་གི་མི་རྣམས་སུན་སྣང་སྐྱེས་པས། ལྐོག་ནས་ཁོང་ལ་འདུ་ཤེས་གསུམ་པ་ཞེས་མཚང་འདོགས་བྱས་པར་གྲགས། འོན་ཀྱང་། དོན་དངོས་ཐོག་ཁོང་ལ་གཞན་དང་མི་འདྲ་བའི་སློབ་སྦྱོང་གི་གོམས་གཤིས་ཤིག་ཡོད་པ་དེ་ཁོ་ཚོས་གཏན་ནས་ཤེས་ཐུབ་མེད་པ་རེད།
མ་གཞི་ཁོང་ཉིད་ནཱ་ལནྡཱར་མ་བྱོན་པའི་སྔོན་ནས་གཙུག་ལག་གཞུང་ལུགས་ལ་སྦྱངས་པ་ཁྱད་དུ་འཕགས་པའི་མཁས་པ་ཆེན་པོ་ཞིག་ཡིན་ནའང་། ཡུལ་དབུས་ཀྱི་མི་རྣམས་ལ་རྒྱུ་མཚན་དེ་ཤེས་སུ་མ་བཅུག་པར། ནཱ་ལནྡཱར་བྱོན་ནས་རབ་ཏུ་བྱུང་སྟེ་དེ་གའི་སློབ་གཉེར་བ་གསར་བུ་དག་དང་འདྲ་བར་བསྡད། ཡིན་ན་ཡང་། སློབ་ཁྲིད་སོགས་ལ་མ་ཕེབས་པར། དུས་རྒྱུན་མལ་ཤག་ཏུ་ཉལ་ཏེ་སྔར་སྦྱངས་པའི་གཞུང་ལུགས་དག་གི་དོན་ལ་རྒྱུན་དུ་བསམ་གཞིག་དང་བརྟག་དཔྱད་མཛད་ནས་བཞུགས་པ་དང་། ཁོང་གི་བརྩམས་ཆོས་གྲགས་ཅན་ <<སྤྱོད་འཇུག་>> དང་ <<བསླབ་བཏུས་>> གཉིས་ཀྱང་དེ་དུས་སུ་གསང་བའི་སྒོ་ནས་བྲིས་པར་གྲགས། ཕྱི་ནས་བལྟས་ཚེ། མི་ཡོད་ཚད་རང་ས་ནས་ཐོས་བསམ་སློབ་གཉེར་བྱས་ཏེ་དུས་འདའ་བའི་ནཱ་ལནྡཱའི་གླིང་དུ། རྒྱུན་པར་ཉལ་ཏེ་སྡོད་པའི་ཁོང་ནི་མི་རྣམས་ཀྱི་བློར་གཏན་ནས་མི་འབབ་པར་གྱུར་ཅིང་། གྲྭ་པ་འགས་ཐོས་བསམ་གྱི་བྱ་བ་ལ་ཅི་ཡང་མི་བརྩོན་པ་འདི་ནི་རང་རེའི་གྲལ་ནས་ཕྱིར་སོང་ན་ལེགས་པས། ཆོས་འཆད་དུ་བཅུག་ན་ཁོ་རང་འགུལ་གྱིས་བུད་འགྲོ་ཞེས་བགྲོས་ནས། དེ་ལྟར་བསྐུལ་ཚེ། དང་པོར་ཁས་མ་བླངས་ཀྱང་ནན་ཏན་བྱས་པས་ཞལ་གྱིས་བཞེས་པ་ན། “འགའ་ཞིག་ཐེ་ཚོམ་སྐྱེས། ཕལ་ཆེར་དམའ་དབབ་པའི་དོན་དུ་ཚོགས། དེར་སློབ་དཔོན་སེང་གེའི་ཁྲི་ལ་འདུག་ནས། སྔར་བྱུང་བ་ཞིག་འདོན་ནམ་མ་བྱུང་བ་ཞིག་འདོན་བྱས་པས། ཐམས་ཅད་ཀྱིས་ཚོད་བགམ་པའི་ཕྱིར་མ་བྱུང་བ་ཞིག་ཐོན་ཅིག་ཟེར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ།” (<<རྒྱ་གར་ཆོས་འབྱུང་>> ལས་དྲངས།) ཁོང་གི་ཆུ་ཚད་ལ་དེར་འདུས་ཀྱི་སྐྱེ་བོ་ཀུན་ངོ་མཚར་ཞིང་ཧ་ལས་པར་གྲགས།
གོང་གི་གཏམ་རྒྱུད་དེའི་ཟུར་ནས་ང་ཚོས་ནི། སྐབས་དེའི་ནཱ་ལནྡཱར་ཐོས་བསམ་མི་བྱེད་པའི་མི་གཅིག་ཀྱང་གནས་ས་མི་རྙེད་པ་ལྟ་བུ་ཞིག་མཐོང་གི་འདུག་ཅིང་། དགོན་པར་ཞུགས་པའི་གྲྭ་པ་ཡོད་ཚད་ཀྱིས་ཆོས་ལུགས་དང་འབྲེལ་བའི་རིག་གནས་སློབ་གསོ་ཚད་ལྡན་ཞིག་མ་མྱངས་ཐབས་མེད་ཡིན་པའི་ལམ་སྲོལ་དེ་ནི་རང་རེའི་དགོན་པ་གང་ལ་ཡང་མི་ལྡན་པའི་ནཱ་ལནྡཱའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཏུ་བརྩི་ཆོག་པར་སྙམ་ལ། ད་རུང་གཏམ་རྒྱུད་དེ་ལས་ཤེས་གསལ་ལྟར་ན། ནཱ་ལནྡཱའི་དགོན་པར་ད་ལྟའི་སློབ་ཆེན་ཁག་ལ་ཡོད་པའི་འཆད་ཁྲིད་ (讲座) ཀྱི་རྣམ་པ་ཡང་ཡོད་པར་སེམས་ཏེ། ཁོ་ཚོས་ཞི་བ་ལྷར་ཚོགས་པའི་དབུས་སུ་ཆོས་འཆད་དུ་བཅུག་པ་དེ་དགེ་སློབ་ཀྱི་འབྲེལ་བའི་སྟེང་ནས་མིན་པ་ཤིན་ཏུ་གསལ་བས། དུས་དང་དུས་སུ་ཚོགས་ཀྱི་དབུས་སུ་རང་རང་གི་ལྟ་ཚུལ་ལས་འཕྲོས་པའི་འཆད་འཁྲིད་གནང་རྒྱུའི་ལུགས་སྲོལ་ཡང་ཡུལ་དེར་ཡོད་པར་སྙམ།
རྩོད་པའི་འཇིག་རྟེན།
པཎྜི་ཏ་ནི་ནཱ་ལནྡཱ་དགོན་གྱི་རིམ་པ་ཆེས་མཐོ་བའི་མཁས་པའི་མཚན་ཐོབ་ཡིན་ལ། “སྔགས་ཀྱི་ཁོང་ནས་གསང་བ་འདུས་པའི་རྒྱུད་ལ་མཁས་ན་པཎྜི་ཏའི་གྲལ་གྱི་འགོར་འཇོག་ཅིང་། མདོ་ནས་ཤེར་ཕྱིན་ལ་མཁས་ན་པཎྜི་ཏའི་གྲལ་གྱི་འགོར་འཇོག་” པའི་བཤད་རྒྱུན་ལ་ཉན་དུས། པཎྜི་ཏ་ལ་ཡང་ནང་གསེས་ཀྱི་རིམ་པ་མཐོ་དམན་གྱི་བར་ཁྱད་ཡོད་པ་དཔོག་ཐུབ། པཎྜི་ཏའི་མཚན་ཐོབ་ལོན་པའི་གོ་རིམ་ནི་ཤིན་ཏུ་ནན་ཏན་ཆེ་བ་ཞིག་ཡིན་ཏེ། ལེགས་སྦྱར་གྱི་སྒྲ་རིག་པ་སོགས་ཐུན་མོང་གི་ཤེས་བྱའི་རྨང་གཞི་ངེས་ཅན་ཞིག་གི་སྟེང་ནས། ནང་བསྟན་མཚན་ཉིད་རིག་པའི་རིག་ཚན་གང་ཞིག་དམིགས་ཀྱིས་བཀར་ནས་ཞིབ་འཇུག་གི་འབྲས་བུ་ཁྱད་པར་ཅན་ཞིག་དགོས་པར་སྙམ་ཞིང་། ལྷག་ཏུ་དམིགས་བསལ་བ་ཞིག་ལ། སྐབས་དེའི་རྒྱ་གར་ནི་རིགས་ལམ་རྩོད་པའི་འཇིག་རྟེན་ཞིག་ཡིན་ཏེ། དུས་དང་དུས་སུ་ཕྱི་རོལ་པ་དང་ནང་པ་རྩོད་པ། ཡང་ན་ནང་པའི་གྲུབ་མཐའ་ནང་ཕན་ཚུན་རྩོད་པ་སོགས་ཀྱི་སྒྲ་སྐད་འཇགས་རྒྱུ་མེད།
ཁོ་ཚོའི་སེམས་སུ། རྩོད་པ་ནི་ཤེས་རབ་ཀྱི་མཛེས་པ་ཕྱིར་མངོན་པའི་རྣམ་པ་ཁྱད་པར་བ་ཞིག་དང་། རང་གི་ལྟ་གྲུབ་དེ་གཏན་ཚིགས་ཀྱི་སྒོ་ནས་ཐག་གཅོད་པའི་མཚན་ཉིད་རིག་པའི་བྱེད་ཐབས་ཤིག་ཏུ་ངོས་བཟུང་ཡོད་སྟབས། རྩོད་པའི་རྒྱལ་ཕམ་ལས་རྩོད་མཁན་གྱི་ཆུ་ཚད་ལ་གདེང་འཇོག་གཙོ་བོར་བྱེད་ཀྱི་ཡོད་ལ། རྩོད་པའི་རྒྱལ་ཕམ་ཐེངས་གཅིག་གིས་ཀྱང་། མཚམས་རེར་ཁོ་པ་དག་གི་མི་ཚེའི་ལམ་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་སྟེ། རྩོད་པས་ཕམ་ནས་ཕྱི་པ་ནང་པར་གྱུར་པ་ཡོད་ལ། ནང་པ་ཕྱི་པར་གྱུར་པའང་ཡོད། དེ་ནི་ཁོ་ཚོས་རིགས་ལམ་ལ་བདེན་ཁ་བྱིན་པ་དང་། རྩོད་པའི་ཤེས་རབ་ལ་བརྩི་འཇོག་བྱས་པ་རེད། དཔེར་ན། སློབ་དཔོན་དཔའ་བོ་དང་། སྤྱན་རས་གཟིགས་རྟུལ་ཞུགས་སོགས་ནང་པའི་པཎ་ཆེན་མང་པོ་ཞིག་དང་པོར་གྲུབ་མཐའ་གཞན་གྱི་ལུགས་འཛིན་ཤ་སྟག་ཡིན་པ་ལ། ཕྱིས་སུ་ནང་པའི་མཁས་པ་རྣམས་དང་རྩོད་པ་ཡང་ཡང་བྱས་པ་བརྒྱུད་ནས། ནང་པའི་རིགས་ལམ་དང་གཏན་ཚིགས་ལས་ཁོ་ཚོའི་གྲུབ་མཐའ་སུན་ཕྱུང་བའི་བདེན་པ་ཁས་བླངས་ཏེ། ནང་པའི་གྲུབ་མཐའ་ལ་ཞུགས་པ་ཡིན་ཞིང་། དེ་བཞིན་དུ་རྩོད་པའི་རིགས་ལམ་གྱིས་ཕམ་ནས་ནང་པའི་མཁས་པ་ཕྱི་རོལ་པའི་ལུགས་སུ་ཞུགས་པ་ཡང་ཉུང་ཉུང་ག་ལ་ཡིན།
རིགས་པ་ལ་བདེན་པ་སྟེར་བའི་ཆ་ནས་གནའ་བོའི་རྒྱ་གར་བ་འདི་ཚོ་ལྟ་བུ་ཤིན་ཏུ་དཀོན་པར་སྙམ། རྩོད་པའི་འཇིག་རྟེན་ཞེས་སྨྲ་ཆོག་པའི་གནའ་བོའི་རྒྱ་གར་ནི་ལྟ་བ་སྣ་ཚོགས་མཉམ་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཡིན་པས། ཆོས་ལུགས་གྲུབ་མཐའ་ཁག་དང་། ཆོས་ལུགས་གཏན་ནས་ཁས་མི་ལེན་པའི་གྲུབ་མཐའ་རྒྱང་འཕེན་པ་སོགས་ཀྱི་བར་ལ་ཕན་ཚུན་རང་དབང་དང་འདྲ་མཉམ་གྱི་ཐོག་ནས་མཚན་ཉིད་རིག་པའི་བགྲོ་གླེང་འཁྲུག་ཆ་དོད་པོ་དེ་ཙམ་ཞིག་བྱུང་མྱོང་བའི་ཚུལ་ལ་བསམས་ན་རྣམ་དཔྱོད་ལྡན་པ་སུ་ཞིག་ཡིད་སྨོན་མི་སྐྱེའམ།
ཡང་ཕྱོགས་གཅིག་ནས་བལྟས་དུས། མཚམས་ལན་རེར། རང་ཕྱོགས་ཁོ་ནར་རིས་ཆད་ཀྱི་འདུ་ཤེས་མཁྲེགས་པོ་ཅན། ལྟར་སྣང་ཙམ་དུ་གྲུབ་མཐའ་གང་ཞིག་གི་ཆོས་པའི་གཟུགས་བརྙན་འཆང་ཡོད་པ་འགའ་རེས་ནི། རྒྱལ་པོ་གཏུམ་པོ་དག་དང་ལག་རྡང་མཉམ་སྦྲེལ་བྱས་ནས། རང་དང་མི་མཐུན་པའི་གྲུབ་མཐའ་གཞན་དང་གཞན་རྣམས་གདུག་རྩུབ་དྲག་པོའི་སྦྱོར་བས་ཚར་གཅོད་བྱས་པའི་ལོ་རྒྱུས་སྐྱོ་གར་ཡང་མང་པོ་ཞིག་བྱུང་མྱོང་འདུག་ཅིང་། སྒེར་གཅོད་ཀྱི་ལས་ངན་ཚབས་པོ་ཆེ་སྒྲུབ་མཁན་དེ་དག་གི་ཁོངས་སུ་ནང་པའི་ཆོས་པ་ཡོད་ལ། གྲུབ་མཐའ་གཞན་དང་གཞན་གྱི་ལུགས་འཛིན་མཁན་ཡང་ཡོད་པས། རང་རེ་བོད་ཀྱི་ཆོས་པ་དག་གིས་ནི་མི་སེམས་བྲལ་བའི་བླུན་པོ་དེ་ཚོའི་ལས་སུ་བྱ་བ་དག་ལ་ཡིད་སྨོན་མི་བྱེད་པར་མི་ཡི་རང་དབང་གི་ཐོབ་ཐང་ལ་དོན་གྱིས་བརྩི་འཇོག་བྱས་ནས། དཔལ་ནཱ་ལནྡཱའི་བཤེས་གཉེན་སྨན་གྱི་ལྗོན་པ་ལྟ་བུ་དག་གི་རྣམ་ཐར་ལ་བསླབ་པར་འཚལ་ཞེས་ཟུར་དུ་ཞུ་རྒྱུ་ཡིན།
གང་ལྟར་རྩོད་པ་ཤིན་ཏུ་དར་སོ་ཆེ་བའི་རྒྱ་གར་བའི་སྤྱི་ཚོགས་ཁོར་ཡུག་གི་ཁྲོད་དུ། ནཱ་ལནྡཱའི་ནང་ནས་ཀྱང་ཕྱི་རོལ་པ་ལ་རྩོད་ནུས་པའི་མཁས་པ་དག་གིས་དགོན་པའི་ཕྱི་རུ་ཆོས་འཆད་ཆོག་ལ། དེ་ལྟར་མི་ནུས་པ་དག་གིས་ནང་དུ་འཆད་དགོས་པའི་སྲོལ་ཡོད་སྐད་འདུག་ན། སྐབས་དེའི་ནང་པའི་མཁས་པ་ཞིག་ལ་མཚོན་ན། ཕྱི་རོལ་པའི་མཁས་པ་རྣམས་དང་རིགས་ལམ་གྱིས་རྩོད་པ་བྱེད་རྒྱུ་ནི་ཁོ་རང་གི་ཡོན་ཚད་ལ་རྒྱུགས་ལེན་གྱི་གོ་རིམ་གནད་ཆེ་ཤོས་སུ་ཆགས་ཡོད་པས།[1] གོ་རིམ་དེ་ཉིད་བརྒལ་ནས་པཎྜི་ཏའི་མཚན་ཐོབ་ལེན་རྒྱུ་དཀའ་ཁག་ཆེན་པོ་ཡོད་པ་རེད། དེར་བརྟེན། ཡུལ་དེའི་པཎྜི་ཏ་དེ་ཚོ་གཅིག་ལས་གཅིག་ལྷག་གི་མཁས་མཆོག་ཤ་སྟག་ཡིན་པའི་རྒྱུ་དང་རྐྱེན་ལ་རྒྱུ་མཚན་མང་པོ་ཡོད་པར་འདུག
{༢} “རྟོན་པ་བཞི་” དང་བསམ་བློའི་རང་ཚུགས།
གལ་ཏེ་ནཱ་ལནྡཱའི་མཁས་པ་ཚོའི་བློ་གྲོས་ཀྱི་བདག་འབྲས་སུ་སྨིན་པའི་ཤེས་རིག་ཡོད་ཚད་ཁང་བཟང་ཞིག་ཏུ་བརྩེགས་པའི་དབང་དུ་བཏང་ན། “རྟོན་པ་བཞིའི་” བསམ་བློའི་སྙིང་སྟོབས་ནི་ཁང་བཟང་དེའི་དཀྱིལ་ནས་འདེགས་པའི་ཀ་བ་ཆེན་པོ་བཞི་ཡིན་ཞེས་ཁ་ཚོན་བཅད་དེ་བཤད་ཆོག་པར་སྙམ།
རྟོན་པ་བཞིའི་དང་པོ་ནི་ “གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་” སྟེ། “ཁྱོད་ཀྱིས་གནས་ལུགས་ཤིག་འཚོལ་སྐབས། ཁྱོད་ཀྱིས་བདེན་དོན་ཞིག་སྙེག་སྐབས། ཆ་རྐྱེན་མེད་པར་ཡིད་ཆེས་བྱ་དགོས་པའི་མི་ཞིག་གཏན་ནས་མེད་ལ། རྒྱུ་མཚན་མེད་པར་དད་གུས་བྱ་དགོས་པའི་སྐྱེས་བུ་ཞིག་ཀྱང་གདོད་ནས་དབེན་ཏེ། གནས་ལུགས་ནི་ནམ་ཡང་གནས་ལུགས་རང་སྟེང་ན་གཞི་གྲུབ་པ་ལས། སྐྱེས་བུ་སུ་ཞིག་གིས་ཀྱང་གནས་ལུགས་ཀྱི་ཚབ་བྱེད་ཐབས་བྲལ་བས་སོ། །དེའི་ཕྱིར། སུ་ཞིག་གིས་གནས་ལུགས་ཤིག་སྟོན་གྱིན་ཡོད་ཚེ། སྟོན་པ་པོ་མཁས་མིང་བླ་ན་འབར་བ་ཞིག་ཡིན་ཀྱང་རུང་། བླུན་མིང་ས་ན་གྲགས་པ་ཞིག་ཡིན་ཀྱང་ཆོག །གང་ཟག་གི་མཆོག་དམན་ལ་བསམས་ནས་ཡིད་རྟོན་མི་བྱེད་པར། ཇི་སྐད་བཤད་པའི་སྐད་ཆའི་བདེན་དོན་ལ་གཞིགས་ནས་སུ་བདེན་གྱི་ངག་ལ་ཡིད་རྟོན་དགོས་” པ་རེད།
སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་མི་ལོ་ཉིས་བརྒྱ་ཡས་མས་ཤིག་གི་རིང་ལ། འདུལ་ཁྲིམས་གཙང་ཞིང་དག་པའི་ཉན་ཐོས་མཁན་པོ་དག་ལ་མཚོན་ན། “གང་ཟག་ལ་མི་རྟོན་ཆོས་ལ་རྟོན་” པའི་སྐད་ཆ་ནི་ལོག་པའི་ཆོས་སྐད་ཅིག་སྟེ། ཁོང་རྣམ་པས་སངས་རྒྱས་ཀྱི་གསུང་ལ་ངེས་དོན་སྒྲ་ཇི་བཞིན་པས་ཁྱབ་པ་བཟུང་ཞིང་། ཨུ་ཚུགས་ཆེན་པོས་ <<ཤེར་མདོ་>> བཀའ་མིན་པའི་ཐ་ཚིག་སྒྲོག་བཞིན། འབད་པ་སྟོང་གིས་གྲུབ་མཐའ་ཆིག་རྐྱང་པ་ཞིག་གི་ལམ་ཕྲན་བརྒྱུད་དེ་ག་ལེ་ག་ལེར་འོངས་སོ། །འོན་ཀྱང་། ནཱ་ལནྡཱ་པ་དག་གི་སྔུན་ན། ལེགས་བཤད་བསྟན་བཅོས་སུ་གྲགས་ཀྱང་ཆོག །ངེས་དོན་མདོ་སྡེ་རུ་འུར་ཀྱང་རུང་། བརྟག་ཅིང་དཔྱད་པའི་གཞིར་འོས་པ་ཙམ་ལས་ཆ་རྐྱེན་མེད་པར་ཁས་ལེན་དགོས་པའི་ལུང་གི་ཕྲེང་བ་ཞིག་གཏན་ནས་མེད་དེ། ཁོ་ཚོས་ “གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་” ནི་ཤེས་ཡོན་སློབ་པའི་རྩ་དོན་དུ་བསྲེལ་ཡོད་པའི་ཕྱིར་རོ།།
འཛམ་གླིང་གི་ཆོས་ལུགས་པ་སུ་ཡི་ཁོངས་ནས་ཀྱང་འདྲ་མཚུངས་ཀྱི་དཔེ་རྙེད་པར་དཀའ་བའི་རིགས་པའི་རྗེས་འབྲང་དེ་དག་ལ། ལྟ་ཚུལ་དེ་འདྲ་ཞིག་གི་ཆབ་རྒྱུན་གཙང་མ་གང་ནས་བྱུང་བའི་རྒྱུ་འབྲས་རྐྱེན་གསུམ་གྱི་འཁོར་ལོ་མཐའ་དག་ནཱ་ལནྡཱའི་དགོན་པ་ཁོ་ནའི་རིག་གནས་ཀྱི་རླབས་རྒྱུན་དུ་སྨྲས་ན་ནི། ནཱ་ལནྡཱ་ལ་ཐལ་ཆེ་བའི་བསྟོད་བསྔགས་ཀྱི་ཚིག་སྐམ་ཞིག་ལས་གང་ཡང་མ་ཡིན་ཏེ། བསམ་བློ་དེའི་འགོ་ཁུངས་བསྙེགས་དུས་ནཱ་ལནྡཱར་གཏན་ཆགས་ཀྱི་དགོན་སྡེ་ཞིག་མ་གྲུབ་པའི་ཡར་སྔོན་དུ། རྒྱ་གར་ལྷོ་ཕྱོགས་སུ་ཞིང་པའི་མི་ཁྱིམ་ཕལ་པ་ཞིག་ཏུ་འཁྲུངས་པའི་མཁས་པ་ཆེན་པོ་ཀླུ་སྒྲུབ་ནས་འགོ་བཙུགས་ཏེ་མི་གླེང་ཐབས་མེད་རེད།
དེས་ན་ཀླུ་སྒྲུབ་ནི་ཐེག་ཆེན་ཆོས་ལུགས་ལ་གཏན་ཚིགས་ཀྱི་རྣམ་པས་གཞུང་ལུགས་ཀྱི་རྨང་འདིང་མཁན་ཡིན་ལ། ནང་བསྟན་གྱི་ལྟ་གྲུབ་ཡོད་ཚད་མཚན་ཉིད་རིག་པའི་མ་ལག་ཐུན་མོང་མིན་པ་ཞིག་ཏུ་རིམ་གྱིས་གྲུབ་པའི་ལོ་རྒྱུས་ཁྲོད་བྱས་རྗེས་གཞན་ལས་ཆེ་བའི་མཚན་ཉིད་རིག་པ་མཁན་ཞིག་ཀྱང་ཡིན་པར་མ་ཟད། ཐེག་པ་ཆེན་པོའི་ལྟ་གྲུབ་གཙོ་བོར་དར་བའི་དཔལ་ནཱ་ལནྡཱའི་དགོན་པར་མཚོན་ན། སྟོན་པ་སངས་རྒྱས་ཀྱི་འཕྲོ་ནས་ཀླུ་སྒྲུབ་ནི་གནས་དེའི་མཁས་པ་རྣམས་ཀྱི་ལྟ་བ་དང་དགོངས་ཕྱོགས་ལ་ཤུགས་རྐྱེན་ཆེས་ཟབ་པའི་སློབ་དཔོན་གཅིག་པུའང་ཡིན། འོན་ཀྱང་། དཔལ་ནཱ་ལནྡཱའི་གླིང་གི་གུ་ཡངས་སྒམ་དཀྱེལ་ལྡན་པའི་རིག་གནས་པའི་ཁོར་ཡུག་ན། བརྩི་བཀུར་གྱི་ཞིང་མཆོག་ཏུ་གྱུར་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་ཡང་དགག་པ་ནན་པོ་གཏོང་མཁན་གྱི་མཁས་པ་ཤིན་ཏུ་མང་སྟེ། དགོན་དེར་བཞུགས་པའི་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་དང་། ལྷག་ཏུ་སེམས་ཙམ་དུ་སྨྲ་བའི་མཁས་པ་འགའ་ཞིག་གིས་ཀླུ་སྒྲུབ་ཆད་མཐའ་ལ་ལྷུང་བའི་རྒྱུ་མཚན་ཚར་རྒྱུ་མེད་པ་ཞིག་བགྲངས་ཡོད་པ་རེད།
དེས་ན་མཚམས་འདི་ནས་ཞར་བྱུང་ལ། ང་ཚོས་མཉམ་དུ་སློབ་དཔོན་དམ་པ་འདིའི་བསམ་བློའི་འགྱུར་བ་དང་ལྟ་བའི་འདོད་ཚུལ་ལ་རོབ་ཙམ་ཞིག་བལྟ་བར་བྱ་སྟེ། སློབ་དཔོན་འདིའི་མི་ཚེའི་ཁྲོད་ཀྱི་བསམ་བློའི་བརྒྱུད་རིམ་ལས་ཁྱེད་ལ་མྱོང་བ་གཞན་ཞིག་འཐོབ་ངེས་ཤིང་། མྱོང་བ་དེས་ཁྱེད་ལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་ཁོང་དུ་ཆུད་པའི་རམ་འདེགས་བྱེད་ངེས།
རང་རེར་གྲགས་པའི་སྔོན་གྱི་ལོ་རྒྱུས་རྣམས་སུ། སློབ་དཔོན་ཀླུ་སྒྲུབ་དགུང་ལོ་བདུན་ནས་རབ་ཏུ་བྱུང་ཚུལ་ཞིག་བྲིས་ཡོད་ལ། ད་རུང་ཡིག་ཆ་ལ་ལར་དགུང་གྲངས་དྲུག་བརྒྱར་བཞུགས་པ་སོགས་ཀྱི་གཏམ་ཡང་རྒྱུན་འབྱམས་སུ་གྱུར་ཡོད་ན་ཡང་། ང་ཚོའི་སྔོན་རབས་པ་རྣམས་ཀྱིས་ནི་ཆོས་དང་འབྲེལ་བའི་གཙུག་ལག་ཁོ་ན་ནས་ཞིབ་ཆ་དང་དོ་སྣང་ཆེན་པོ་བྱེད་ཀྱི། ལོ་རྒྱུས་བྱུང་བ་སོགས་ལ་ནི་བློ་ཤིན་ཏུ་རྩིང་ཞིང་ཟེར་སྒྲོས་མཚར་ཆེ་བ་གང་ཡོད་ཀྱི་རྗེས་སུ་འབྲང་རྐྱང་བྱེད་པ་ཡིན་པས། སློབ་དཔོན་འདིའི་ལོ་རྒྱུས་ཀྱང་དོན་དངོས་དང་འགལ་བ་མང་པོ་བྲིས་ཡོད་པར་འདུག་སྟེ། རྒྱ་ནག་གི་ཡིག་ཆ་རྣམས་སུ། སློབ་དཔོན་ཀླུ་སྒྲུབ་དགུང་ལོ་ཆེར་སོན་པའི་རྗེས་སུ་རབ་ཏུ་བྱུང་བའི་ལོ་རྒྱུས་བྲིས་ཡོད་ལ། ཀླུ་སྒྲུབ་ཀྱིས་འདོད་པའི་བསྟན་བཅོས་ཤིག་མཛད་ཡོད་ཚུལ་རང་རེར་ཡང་གྲགས་པ་སོགས་ལ་འདང་བརྒྱབ་ན་སློབ་དཔོན་ཁྱིམ་དུ་བཞུགས་པའི་དུས་ཚོད་ཅུང་རིང་བར་སྙམ། གང་ལྟར་དགུང་གྲངས་དྲུག་བརྒྱར་བཞུགས་པའི་སྐད་ཆ་ནི་རྫུན་ཆེན་པོ་སྟེ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་དཔྱད་གཞི་ཁུངས་ཐུབ་མང་པོ་ཞིག་ལ་གཞི་བཅོལ་ནས་སློབ་དཔོན་དགུང་ལོ་བརྒྱ་ཡས་མས་ཤིག་ལ་བཞུགས་པ་དང་། དེ་ཡང་ཕྱི་ལོ་ ༡༥༠-༢༥༠ བར་ཡིན་པར་བཤད་པ་ནི་བདེན་ངེས་ཀྱི་ཞིབ་བཤད་ཅིག་ཏུ་མཐོང་སྟེ། རྒྱས་པར་ནི་ <<ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས་>> ལ་གཟིགས་པར་འཚལ།
དེ་ཡང་ཕྱི་ལོའི་སྔོན་གྱི་ ༡༨༠ ནང་ཙམ་ལ། མཽརྱའི་རྒྱལ་རབས་ཉམས་རྒུད་དུ་ཕྱིན་རྗེས་རྒྱ་གར་ཡུལ་ཀུན་སིལ་བུར་ཐོར་ཞིང་། ཕྱོགས་དང་ཕྱོགས་ནས་རྒྱལ་ཕྲན་ཆུང་ངུ་མང་པོ་ཞིག་བྱུང་བ་རེད། སྐབས་དེར་རྒྱ་གར་ནུབ་ཕྱོགས་སུ་གྷི་རིགས་ཀྱིས་བཙན་འཛུལ་ཐེབས་པས་གྷི་རིགས་ཀྱི་རིག་གནས་དར་བ་དང་། ལྷོ་ཕྱོགས་སུ་ཤཱ་ཏ་ཝཱ་ཧ་ནའི་རྒྱལ་རབས་ཚུགས་ཏེ་མི་ལོ་བཞི་བརྒྱ་ཙམ་གྱི་ཡུན་ལ་དབང་བསྒྱུར་བར་གྲགས། མོོརྱའི་རྒྱལ་རབས་ཐོར་རྗེས་རྒྱ་གར་བའི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་ཀྱི་ཁོར་ཡུག་ལ་ལྟོས་བཅས་ཀྱི་འགྱུར་བ་རབ་དང་རིམ་པ་ཞིག་བྱུང་བར་བརྟེན། གནས་བབ་དེའི་ཁྲོད་ནས་བྱེ་བྲག་སྨྲ་བའི་གྲུབ་མཐའི་ལུགས་གཙོ་བོར་མཛད་པའི་སྔར་གྱི་ནང་པའི་སྡེ་པ་ཁག་གི་བར་ལ་ཡང་ལྟ་གྲུབ་ཀྱི་འགལ་འདུ་མང་པོ་འབྱུང་བའི་འགོ་བརྩམས་འདུག །ཐེངས་དེའི་འགལ་འདུ་ནི་བཀའ་བསྡུ་སྔ་ཕྱིའི་སྐབས་སྡེ་པ་རྣམས་འདུལ་བའི་ཕྱག་ལེན་མི་མཐུན་པའི་རྩོད་པ་ཙམ་མ་ཡིན་པར། <<རྟོག་གེ་འབར་བ་>> ལས་བསྟན་པ་ལྟར། ཕལ་ཆེན་སྡེ་པའི་དགེ་སློང་སྐོར་ཞིག་གིས་ཐེག་ཆེན་ཁས་བླངས་པའི་རྐྱེན་གྱིས་གཞི་ལམ་གྱི་ལྟ་གྲུབ་འགལ་བའི་རྩོད་པའི་འགོ་འབུས་པ་རེད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ཏུ་ཀླུ་སྒྲུབ་ནང་པའི་ཆོས་སྒོར་ཞུགས་པ་ཡིན་ལ། རིག་གནས་འགལ་རྩོད་ཀྱི་ཁོར་ཡུག་དེས་ཁོང་གི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་ཉིད་ཀྱིས་ལོ་གང་མང་རིང་ལ། ཉན་ཐོས་པའི་ལུགས་ཀྱི་གྲུབ་མཐའི་རྣམ་གཞག་ལ་སྦྱང་བ་ཆེས་ཆེར་མཛད་དེ་བརྟག་ཅིང་དཔྱད་པ་ན། ཁོ་པ་དག་གི་ལུགས་ཀྱི་གྲུབ་མཐའ་ལས་སྟོན་པ་སངས་རྒྱས་ཀྱི་དགོངས་པའི་གཏིང་དཔོག་ཐུབ་ཀྱི་མེད་པའི་ངོས་འཛིན་བྱུང་བར་བརྟེན། ཁོང་ནི་སྔར་སྲོལ་བཞིན་ལུང་ཚིག་ལས་མི་འདའ་བའི་གོམ་པ་ལས་རིང་དུ་བརྒལ་ཏེ། ཤེས་བྱ་རྣམས་ཀྱི་དོན་དམ་པའི་གནས་ལུགས་རིགས་པས་འཚོལ་བའི་ལམ་བུར་ཕེབས་ནས། ཉན་ཐོས་ཀྱི་མདོ་བསྟན་བཅོས་མང་པོ་ཞིག་གི་ཚིག་དོན་ལ་རིགས་པས་གནོད་བྱེད་བསྟན་པས། རང་གི་སློབ་དཔོན་འགའ་ཞིག་གིས་གཙོས་སྐབས་དེའི་བྱེ་སྨྲའི་ལུགས་འཛིན་དག་དང་འགལ་བ་ཆེན་པོ་བྱུང་།
ཀླུ་སྒྲུབ་ཀྱིས་ཟེར་ན། སྔར་ཡོད་ཀྱི་གྲུབ་མཐའ་སྨྲ་བ་བྱེ་མདོ་གཉིས་ཀྱིས། གང་ཞིག་རྒྱུ་རྐྱེན་ལས་སྐྱེས་པ་དག་དང་། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཆོས་དག་སྟེ། གཞི་གྲུབ་པ་ཇི་སྙེད་བདེན་གྲུབ་ཀྱི་རང་བཞིན་ཅན་དུ་འདོད་པ་དེ་ནི་རིགས་པ་དང་འགལ་བའི་གྲུབ་མཐའ་ཞིག་ཡིན་པར་མ་ཟད། སྟོན་པ་ཤཱཀྱ་མུ་ནེའི་བསམ་བློའི་སྙིང་དོན་གཏན་ནས་མ་གོ་བའི་འགྲེལ་བརྗོད་ཅིག་ཀྱང་ཡིན་པར་བརྟེན། ཁོ་པ་དག་གིས་སྒྲ་ཇི་བཞིན་དུ་ཁས་ལེན་པའི་མདོ་སྡེ་རྣམས་ཀྱང་། རིགས་པ་དང་འགལ་བའི་ལུང་ཡིན་ཕྱིར་ངེས་དོན་དུ་ཁས་ལེན་མི་རིགས་ནའང་། མདོ་སྡེ་དག་ལས་བློ་དམན་དག་ལ་རང་རང་གི་ཁམས་དང་མཐུན་པའི་གནས་ལུགས་ཤིག་བསྟན་པ་ལ་ནི་དེའི་ཚོད་ཀྱི་ཕན་ནུས་ཤིག་ཡོད་ཅེས་པ་སྟེ། <<རིན་ཆེན་ཕྲེང་བ་>> ལས།
“བརྡ་སྤྲོད་པ་དག་ཅི་ལྟ་བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །
དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏེ། །”
ཞེས་བཤད་ཡོད། འདི་ནས་བཟུང་ཐེག་ཆེན་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་སྒོ་ཕྱེ་བ་ཡིན་ལ། སངས་རྒྱས་ཀྱི་གསུང་ཡིན་ཡང་རིགས་པ་དང་འགལ་བར་གྱུར་ན་ཁས་མི་ལེན་པའི་སྙིང་སྟོབས་ཀྱི་ལག་ལེན་དངོས་སུ་བྱུང་བ་རེད།
མ་གཞི་ཀླུ་སྒྲུབ་ཀྱི་ཤེས་རབ་དང་གོ་བ་ནར་སོན་པའི་རིམ་པ་ནི། ཤེར་ཕྱིན་གཞུང་ལུགས་ཀྱི་ནང་དོན་ལ་གཞན་དང་མི་འདྲ་བའི་ངོས་འཛིན་རབ་དང་རིམ་པ་ཞིག་བྱུང་བའི་གོ་རིམ་དུ་སྨྲས་ཀྱང་ཐལ་མི་ཆེ་བར་སེམས་ཏེ། མཁས་པའི་དབང་པོ་ཁོང་ཉིད་ <<ཤེར་མདོ་>> བརྗོད་བྱའི་ཟབ་གནད་ཀྱིས་ཡིད་རབ་ཏུ་ཕྲོགས་པའི་རྐྱེན་ལ་བརྟེན། དབུ་མའི་ལྟ་གྲུབ་གསར་གཏོད་ཀྱི་རྨང་གཞིའི་རིགས་ལམ་གྱི་རྩ་བ་དེ་ལ་བཅོལ་བར་མ་ཟད། <<ཤེར་མདོའི་>> བསམ་བློའི་དགོངས་ཕྱོགས་ལས། དགེ་སྦྱོང་ཆེན་མོ་ཤཱཀྱ་མུ་ནེའི་མཁྱེན་རླབས་དང་སྙིང་སྟོབས་ལ་གཏིང་ནས་གུས་པ་སྐྱེས་ཏེ།
“གང་གིས་དངོས་པོ་རྟེན་འབྱུང་རྣམས། །ངོ་བོ་མེད་པ་ཉིད་དུ་གསུངས། །
ཡེ་ཤེས་མཉམ་མེད་བསམ་མི་ཁྱབ། །དཔེ་མེད་དེ་ལ་ཕྱག་འཚལ་ལོ། །”
(<<བསམ་གྱིས་མི་ཁྱབ་པར་བསྟོད་པ་>> ལས་དྲངས།) ཞེས་བསྔགས་ཚིག་ཙམ་པ་ཀའི་ཕྲེང་བ་གཏོར་ཡོད་ལ། དེ་བཞིན་དུ་ <<རྩོད་ཟློག་>> ལས་ཀྱང་།
“གང་གིས་སྟོང་དང་རྟེན་འབྱུང་རྣམས། །དབུ་མའི་ལམ་དུ་དོན་གཅིག་པར། །
གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །”
ཞེས་ཀྱང་གསུངས་ཡོད་པ་རེད། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ནི་སློབ་དཔོན་གྱིས་སངས་རྒྱས་ལ་བསྔགས་པའི་ཚིག་འདི་དག་རྟེན་འབྱུང་གི་རྣམ་གཞག་བསྟན་པའི་ཆ་ནས་རང་གི་སྟོན་པ་དེ་སྨྲ་བ་གཞན་ལས་ཁྱད་དུ་འཕགས་པའི་འཕགས་ཆོས་རྗོད་བྱེད་དུ་སྦྱར་ཡོད་པ་དེར་གོ་རྒྱུའི་གནད་ཆེ་བར་སྙམ།
ཀླུ་སྒྲུབ་ཀྱིས་ <<ཤེར་མདོ་>> སངས་རྒྱས་ཀྱི་གསུང་དུ་ཁས་བླངས་ཤིང་། དེའི་དོན་དང་མཐུན་པའི་ནང་པའི་གྲུབ་མཐའ་ཞིག་གི་ལམ་སྲོལ་ཟུར་དུ་ཕྱེ་བས། རྒྱ་གར་དུ་ནང་བསྟན་རིག་གནས་འཕེལ་རྒྱས་ཀྱི་ཤོག་ལྷེ་གསར་པ་ཞིག་གི་འགོ་བརྩམས་པ་རེད། དེའི་སྔོན་དུ་བྱེ་མདོ་གཉི་གའི་ལུགས་ཀྱི་བཙུན་པ་དག་གིས་ནང་ཆོས་ལྟ་གྲུབ་ཀྱི་དགོངས་ཕྱོགས་ཡོད་ཚད་གཙོ་བོ་བདེན་པ་བཞིའི་འཇུག་ལྡོག་གི་རིམ་པའི་སྟེང་ནས་བཀྲལ་ཡོད་ན་ཡང་། ཀླུ་སྒྲུབ་ཀྱིས་ཁོང་གི་བརྩམས་ཆོས་གཙོ་བོར་གྱུར་པའི་ <<དབུ་མ་རྩ་ཤེར་>>
“སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །”
ཞེས་གསུངས་པ་ལྟར། ཤེས་བྱ་གཞིའི་རྣམ་གཞག་གཏན་ལ་འབེབས་པའི་རྩ་བའི་དབྱེ་སྒོ་དེ་བདེན་གཉིས་ཀྱི་ཐོག་ལ་བཞག་ཡོད་པ་རེད། དེས་ནི་རྣམ་གྲངས་འབྱེད་ཚུལ་གྱི་ཆ་ནས་ཀྱང་རྣམ་པ་གསར་པ་ཞིག་གི་ངོ་བོ་མཚོན་ཐབས་བྱས་འདུག་སྙམ་པས། ཞིབ་ཏུ་བརྟགས་ཚེ། དབྱེ་བའི་རྣམ་གྲངས་ཆུང་ངུ་འདི་ཙམ་གྱི་ཐོག་ན་ཡང་གོ་རྒྱུའི་འགངས་མི་ཆུང་བ་ཞིག་མཆིས་ཏེ། བདེན་པ་བཞིའི་རྣམ་གཞག་ཙམ་གཙོ་བོར་བསྟན་པས་ཤེས་བྱ་གཞན་འབྲེལ་གྱི་ཁྱབ་ཁོངས་དོག་ལ། བདེན་པ་གཉིས་ཀྱི་རྣམ་གཞག་ལས་ནི་གཞི་གྲུབ་ཚད་ལ་ཁྱབ་པའི་གནས་ལུགས་ཤིག་དཔྱོད་ཀྱི་ཡོད་པས་གཞན་འབྲེལ་གྱི་གནས་ཤིན་ཏུ་ཡངས་པས་སོ།།
འོན་ཀྱང་། འདི་ཙམ་ཐེག་པ་ཆེ་ཆུང་གི་ལྟ་བའི་དབྱེ་འབྱེད་ཀྱི་ཚད་གཞིར་ནི་འདོད་མི་རིགས་ཏེ། ཐེག་ཆེན་དུ་ཡང་བདེན་བཞིའི་དོན་ཞིབ་ཅིང་རྒྱས་པ་བསྟན་ཡོད་ལ། ཉན་ཐོས་ཀྱི་གཞུང་ནས་ཀྱང་བདེན་གཉིས་ཀྱི་རྣམ་གཞག་རྒྱས་པར་འཆད་ཡོད་པའི་ཕྱིར་རོ། །རེད་དེ། ཐེག་ཆེན་ཆོས་གཞུང་དུ་བཤད་པའི་བདེན་བཞི་ནི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ལྟ་བ་གཞིར་བྱས་པའི་རྒྱུ་མཚན་གྱིས་སྔར་གྱི་ཉན་ཐོས་སྡེ་པའི་ལུགས་དང་མི་མཚུངས་པ་ཙམ་ལས་དོན་ལ་ཕྲ་རགས་ཀྱི་ཁྱད་པར་ཆེན་པོ་ཤོར་ཡོད་པ་དང་། དེ་བཞིན་དུ་ <<མངོན་པ་མཛོད་>> དང་། <<ཚད་མ་རྣམ་འགྲེལ་>> སོགས་ཕྱིས་ཀྱི་བསྟན་བཅོས་དག་ཏུ་བྱེ་མདོ་གཉིས་ཀའི་ལུགས་སུའང་བདེན་གཉིས་ཀྱི་དོན་དང་རབ་དབྱེ་སོགས་བཤད་ཡོད་མོད་ཐེག་ཆེན་པའི་འཇོག་སྟངས་དང་གཏན་མི་འདྲ་བ་རེད། འགའ་ཞིག་གིས་ “བདེན་གཉིས་” ཞེས་པའི་ཐ་སྙད་འདི་རྩ་བ་ནས་ཀླུ་སྒྲུབ་ཀྱིས་གསར་དུ་སྦྱར་བ་ཡིན་པར་ཁས་བླངས་ནས། རང་རེས་ཐ་སྙད་འདིའི་འབྱུང་ཁུངས་སུ་རློམ་པའི་ <<ཡབ་སྲས་མཇལ་བའི་མདོ་>> ནི་ཀླུ་སྒྲུབ་ཀྱི་རྗེས་སུ་བཀའ་བསྡུ་མཛད་པ་ཞིག་ཏུ་སྨྲ་བར་བྱེད་པས་བརྟག་པར་འཚལ།
ལེགས་ལྡན་འབྱེད། ཡེ་ཤེས་སྙིང་པོ། ཀ་མ་ལ་ཤཱི་ལ། ཟླ་བ་གྲགས་པ་སོགས་ཕྱིས་ཀྱི་དབུ་མ་པ་དག་གིས་ཀྱང་། སོ་སོའི་བརྩམས་ཆོས་སུ་བདེན་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་བ་མང་པོ་ཞིག་བྲིས་ཏེ། གཞིའི་རྣམ་གཞག་དེ་ཉིད་ཀྱི་ཐོག་ནས་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་ཡོད་པར་བལྟས་ན། ཀླུ་སྒྲུབ་ཀྱིས་བཏོན་པའི་བདེན་གཉིས་ཀྱི་ལྟ་བ་དེས་ནི། ཕྱིས་ཀྱི་དབུ་མ་པའི་མཁས་པ་དེ་ཚོའི་ལྟ་དགོངས་ཐད་ལ་ཡང་གཞན་ལས་ལྷག་པའི་ཤུགས་རྐྱེན་ཞིག་ཆགས་ཡོད་པ་གསལ་པོ་རེད། ཕྱིས་ཀྱི་དབུ་མ་པ་དེ་དག་རིམ་གྱིས་ཐལ་རང་གཉིས་སུ་གྱེས་པར་མ་ཟད། རང་རྒྱུད་པའང་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་གཉིས་སུ་གྱེས་པ་སོགས་ཀྱི་གྲུབ་མཐའི་འཕེལ་ཕྱོགས་ལས། ལྟ་བའི་དགག་བྱ་འཇོག་ཚུལ་ཐད་ནས་ཁོ་ཚོར་འདོད་ཕྱོགས་མི་མཐུན་པ་ཆེན་པོ་བྱུང་བས། རང་རང་གི་ལུགས་ཀྱི་དགག་བྱས་སྟོང་པའི་དོན་དམ་མི་འདྲ་ཞིང་། ཀུན་རྫོབ་བདེན་པར་ཡང་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་འདོད་མཁན་དང་མི་འདོད་མཁན་གཉིས་བྱུང་བ་སོགས་ཀྱི་སྐོར་རེ་ཞིག་འདི་ནས་མཚམས་འཇོག་པར་བྱ།
གནའ་རབས་ཀྱི་ནང་ཆོས་པ་དག་སྟེ། སྔར་གྱི་བྱེ་མདོ་གཉི་གའི་ལུགས་འཛིན་རྣམས་དང་ཀླུ་སྒྲུབ་བར་གྱི་ཆེས་མི་འདྲ་ས་གཅིག་པུ་ནི་རྟེན་འབྱུང་གི་དོན་ལ་གོ་བ་ལེན་སྟངས་རེད། ཉན་ཐོས་པ་རྣམས་ཀྱིས་འདུས་བྱས་རྟེན་ཅིང་འབྲེལ་འབྱུང་གི་རྒྱུ་འབྲས་ཀྱི་བྱ་བྱེད་དེ་དངོས་པོ་རྣམས་བདེན་པར་གྲུབ་པའི་རྒྱུ་མཚན་གཙོ་བོར་ལྟ་གིན་ཡོད་ནའང་། ཀླུ་སྒྲུབ་ཀྱིས་དེ་ལས་ལྡོག་སྟེ་ཆོས་གང་ཞིག་རྟེན་འབྲེལ་གྱི་རང་བཞིན་དུ་གྲུབ་ན་དེ་ནི་གཞན་བརྟེན་གྱི་ཡོད་ཚུལ་ཙམ་ལས་རང་ངོས་ནས་ཚུགས་ཐུབ་ཏུ་ཡོད་པས་སྟོང་བར་གྱུར་ཡོད་ཅེས་སྨྲ་བར་བྱེད་ཅིང་། རང་སྡེ་བྱེ་བྲག་ཏུ་འགོག་པའི་བསྟན་བཅོས་སུ་གྲགས་པའི་ <<རིགས་པ་དྲུག་ཅུ་པ་>> པ་ལས་ཀྱང་། རང་བཞིན་གྱིས་སྟོང་པར་འདོད་པ་ཁོ་ནའི་ལུགས་ལ་ད་གཟོད་རྟེན་འབྲེལ་གྱི་གོ་བ་རྣལ་མ་ཞིག་ཆགས་ཐུབ་ཀྱི། རང་བཞིན་གྱིས་གྲུབ་པར་འདོད་པའི་གྲུབ་མཐའ་ཁྱེད་ཅག་གིས་རྟེན་འབྱུང་ལ་གོ་བ་ལེགས་པོ་ཞིག་ལོན་ཐབས་བྲལ་བ་རེད་ཅེས་ཡང་དང་ཡང་དུ་བསྒྲུབས་ཡོད།
སྔར་གྱི་བྱེ་བྲག་སྨྲ་བ་རྣམས་ཡིན་ན་འདྲ། གསར་དུ་བྱུང་བའི་ཀླུ་སྒྲུབ་ཡིན་ནའང་འདྲ། གཞི་རྩའི་ཆ་ནས་ཐུན་མོང་གི་ལྟ་ཚུལ་འདི་འདྲ་ཞིག་ཡོད་དེ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་སེམས་ཅན་རྣམས་ཀྱིས་བློ་རིག་གྲུང་པོའི་སྒོ་ནས་ཕྱིའི་ཆ་རྐྱེན་ལ་འགྱུར་བ་ཅི་ཙམ་བཏང་ན་ཡང་བདེ་བ་ཉི་ཚེ་བ་འགའ་རེ་འབྱུང་གི །གཞན་བརྟེན་གྱི་སྡུག་བསྔལ་མི་ཟད་པ་དུ་མས་རྟག་ཏུ་མནར་ནས་ཡོང་བ་དང་། ལྷག་ཏུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་འདིའི་རང་བཞིན་དུ་ཡོད་པའི་ཕྱིར། གལ་ཏེ་གཏན་གྱི་བདེ་བ་ཞིག་མངོན་དུ་བྱེད་པར་འདོད་ན། སྐྱེས་བུ་རང་རྒྱུད་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་གཅིག་པུས་རང་ཉིད་བསྐྱབ་ནུས་ཀྱི་གཞན་སུས་ཀྱང་མ་ཡིན་ཏེ། སྡུག་བསྔལ་དང་རྒུད་པ་ཀུན་གྱི་རྩ་བ་ནི་རང་རྒྱུད་ཀྱི་བློ་རྨོངས་པ་ཞིག་ལ་ཐུག་ཡོད་ན། དེའི་འཛིན་སྟངས་ནོར་བར་མཐོང་བའི་ཤེས་རབ་ཁོ་ནས་རང་ཉིད་འགྲོལ་བར་ཐུབ་ཅེས་འདོད་དོ། །འོན་ཀྱང་། ཁོང་ཅག་གཞིའི་གནས་ལུགས་ལ་གོ་བ་ལེན་ཚུལ་ཡོངས་སུ་འགལ་བའི་ཕྱིར་སྐྱོབ་བྱེད་ཤེས་རབ་ཀྱི་ངོ་བོ་ངོས་འཛིན་སྟངས་གཏན་ནས་མི་འདྲ་བ་རེད། ང་ཚོས་ཀླུ་སྒྲུབ་ཡར་སྔོན་གྱི་གནའ་རབས་ནང་ཆོས་པ་དག་ནི་མཐའ་གཅིག་ཏུ་ལུང་འཛིན་རིང་ལུགས་པ་རྐྱང་རྐྱང་ཡིན་པར་བལྟས་ཏེ། ཁོ་ཚོས་གཞི་ལམ་གྱི་དོན་ལ་རིགས་ལམ་གྱི་ཐོག་ནས་འགྲེལ་བཤད་ཅི་ཡང་གནང་གི་མེད་པར་སྙམ་ན་ནི་ཤིན་ཏུ་ཆ་མི་ཚང་བའི་འདོད་ཚུལ་ཞིག་སྟེ། ཐེག་ཆེན་པ་དག་གིས་ཀྱང་ཡུལ་དང་ཡུལ་ཅན། རྟག་མི་རྟག །ཁམས་དང་རབ་དབྱེ། ཟག་བཅས་ཟག་མེད། དབང་དོན་རྐྱེན་གསུམ་སོགས་གཞིའི་རྣམ་གཞག་ཇི་སྙེད་ཅིག་གི་རྩ་བའི་དཔྱད་གཞི་ནི་སྔར་གྱི་བྱེ་མདོའི་གྲུབ་མཐའི་འདོད་ཕྱོགས་ལས་བྱུང་བ་མ་ཡིན་ནམ། དཔེར་ན། ངོ་མཚར་རིགས་ལམ་གྱི་སྙིང་བཅུད་སྦྲུམ་པའི་ལྷོ་བརྒྱུད་གནས་བརྟན་པའི་ <<ཆོས་ཀྱི་ཚིགས་སུ་བཅད་པ་>> དང་། བྱང་བརྒྱུད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ <<ཆེད་དུ་བརྗོད་པའི་ཚོམས་>> གཉིས་ནི། གནའ་རབས་ནང་ཆོས་ཀྱི་ཚབ་མཚོན་གསུང་རབ་གཙོ་བོ་ཞིག་ཏུ་བརྩིས་ཆོག་སྟེ། དེང་སྐབས་ཕྱི་གླིང་གི་ནང་བསྟན་ཞིབ་འཇུག་པ་ཚོས་ཀྱང་མདོ་དེ་གཉིས་ནི་བཀའ་བསྡུ་བྱས་པ་ཆེས་སྔ་བའི་མདོ་སྡེའི་གྲས་སུ་ངོས་བཟུང་ནས་སངས་རྒྱས་རང་གི་ཞལ་གསུང་འཁྲུལ་མེད་དུ་ཁས་བླངས་ཡོད་པ་རེད། དེས་ན་མདོ་སྡེ་དེ་གཉིས་སུ་བསྟན་པའི་ཆོས་ཀྱི་རིགས་པ་དང་མི་ཚེའི་གནས་ལུགས་ཕལ་ཆེ་བ་ཞིག་ནི་ཀླུ་སྒྲུབ་སོགས་ཐེག་ཆེན་པ་རྣམས་ཀྱིས་ཀྱང་རིང་ལུགས་རྣལ་མར་བཞེད་པས། ཀླུ་སྒྲུབ་ཀྱིས་སྲོལ་བཏོད་པའི་དབུ་མའི་གྲུབ་མཐའ་ཡང་གནའ་རབས་ནང་ཆོས་ཀྱི་རྨང་གཞི་དེ་དག་ལ་བརྟེན་ཡོད་པ་གསལ་པོར་དཔོག་ཐུབ།
གོང་གསལ་མདོ་སྡེ་གཉིས་ལས་ཐེག་པ་ཆེ་ཆུང་ཐུན་མོང་གིས་ཁས་ལེན་པའི་ལུང་འགའ་ཞིག་དཔེར་དྲངས་ན། <<འདོད་པའི་ཚོམས་>> ལས།
“ཇི་སྲིད་འདོད་པའི་རྗེས་འབྲང་བ། །དེ་སྲིད་བར་དུ་ངོམས་མི་འགྱུར། །
དེ་ལས་གང་དག་ཤེས་རབ་ཀྱིས། །ཟློག་བྱེད་དེ་དག་ཚིམས་པ་ཐོབ། །”
ཅེས་པ་དང་། <<ཐོས་པའི་ཚོམས་>> ལས།
“ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །
ཐོས་པས་དོན་མེད་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པར་བྱེད། །”
ཅེས་དང་། <<བདག་གི་ཚོམས་>> ལས།
“བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འཛིན། །
བདག་ཉིད་བདག་གི་མགོན་གྱུར་པ། །མྱ་ངན་ནང་ན་གདུང་མི་འགྱུར། །”
ཞེས་དང་། <<ཆོས་ཀྱི་ཚིགས་སུ་བཅད་པའི་>> ནང་གི་ <<ཟུང་ལྡན་གྱི་སྡེ་ཚན་>> ལས།
“ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ། །ཡིད་ནི་གཙོ་ཞིང་སྔོན་ལ་འགྲོ། །
གལ་ཏེ་ཡིན་ནི་རབ་དྭངས་པས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །
དེ་ལ་དེ་ཡིས་བདེ་བ་འཐོབ། །གྲིབ་མ་ཡོལ་བར་མི་འགྱུར་བཞིན། །”
ཞེས་དང་། <<བདག་གི་སྡེ་ཚན་ལས་>>
“སྡིག་པ་བྱེད་པ་རང་ཉིད་དེ། །རང་ཉིད་ཁོ་ནས་ཉོན་མོངས་བྱས། །
སྡིག་ལས་ལྡོག་པ་རང་ཉིད་དེ། །རང་ཉིད་ཁོ་ནས་རྣམ་པར་དག །
དག་དང་མ་དག་རང་ཉིད་དེ། །གཞན་གྱིས་གཞན་ནི་དག་མི་བྱེད། །”
ཅེས་དང་། <<སེམས་ཀྱི་སྡེ་ཚན་ལས་>>
“ལུས་འདི་བུམ་པ་འདྲ་བར་རིག་བྱས་ཤིང་། །
སེམས་འདི་གྲོང་ཁྱེར་འདྲ་བར་བཞག་བྱས་ནས། །
ཤེས་རབ་མཚོན་གྱིས་བདུད་ལས་རྒྱལ་བའི་གཡུལ། །
འཐབ་ཅིང་ངལ་གསོ་མེད་པར་བསྲུང་བར་གྱིས། །”
ཞེས་སོགས་ཏེ། ཚིག་དེ་དག་གིས་བསྟན་པའི་ཆོས་དང་ཆོས་ཀྱི་མཚན་ཉིད་ནི་ཀླུ་སྒྲུབ་སོགས་ཐེག་ཆེན་པའི་དགེ་སློང་མཁས་པ་རྣམས་ཀྱིས་ཀྱང་མི་ཚེའི་ཉམས་ལེན་དང་ལྟ་བའི་གཞུང་ཤིང་དུ་བཟུང་ཡོད་པ་རེད།
འོན་ཀྱང་། རྟེན་འབྱུང་ལ་གོ་བ་ལེན་སྟངས་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་ཀླུ་སྒྲུབ་ཀྱིས་ཆོས་ཀུན་རང་བཞིན་དུ་གྲུབ་པས་སྟོང་པ་ཡིན་པར་སྨྲས་པའི་རྐྱེན་གྱིས། གནའ་བོའི་ཉན་ཐོས་སྡེ་གཉིས་དང་ཀླུ་སྒྲུབ་བར་ལ་ལྟ་བའི་འགལ་རྩོད་ཆེན་པོ་ཞིག་བྱུང་བ་ནི། དཔེར་ན། <<དབུ་མ་རྩ་ཤེར་>>
“གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཞིང་། །
དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །”
ཞེས་པ་ལྟར། ཀླུ་སྒྲུབ་ཀྱིས་གསུངས་ན། ཤེས་བྱ་ཕྲ་རགས་ཡོད་ཚད་ལ་ཀུན་རྫོབ་ཀྱི་ངོས་དང་དོན་དམ་གྱི་ངོས་གཉིས་ཡོད་ལ། ཀུན་རྫོབ་ཀྱི་ངོས་ནི་ལྟོས་བཅས་ཀྱི་རྣམ་པར་གྲུབ་པའི་རྟེན་འབྱུང་གི་ཡོད་པ་ཞིག་སྟེ། ཆོས་གཞན་ལ་རྒྱུའི་ཆ་ནས་སམ། མིང་གི་ཐ་སྙད་ཀྱི་ཆ་ནས་སམ། བློ་ཡིས་འཇོག་ཚུལ་གྱི་ཆ་ནས་སམ། ཡན་ལག་དང་ཆ་ཤས་ཀྱི་ཆ་ནས་ཀྱང་རུང་སྟེ། གང་ཞིག་རྐྱེན་གཞན་ལ་ལྟོས་ཤིང་འབྲེལ་བའི་ཚུལ་དུ་གནས་པ་ལས་ལྟོས་མེད་ཚུགས་ཐུབ་ཀྱི་གཞི་གྲུབ་ཅིག་མེད་པ་དང་། ལྟོས་ཤིང་འབྲེལ་བའི་རྟེན་འབྱུང་གི་ཁྱད་པར་ལས་ནི་དུས་དང་། ཡུལ་དང་། ངོ་བོ་དང་། བྱེད་ལས་སོགས་ཕན་ཚུན་མི་འདྲ་བ་ཇི་སྙེད་ཀྱི་རབ་དབྱེ་སྣ་ཚོགས་འཐད་ལ། དེ་ཉིད་ཀྱི་རྣམ་པ་དག་གིས་ཚིམས་པའི་བློ་ངོར་རྒྱུ་འབྲས་རྐྱེན་གསུམ་གྱི་བྱ་བྱེད་མཐའ་དག་ཐ་སྙད་ཙམ་དུ་ཡོད་ཅིང་། གལ་ཏེ་ད་ལྟའི་བློས་ཡུལ་གྱི་ཁྱད་པར་དག་བཟུང་བ་འདི་ཙམ་གྱིས་མ་ཚིམས་པར་གདགས་གཞིའི་ངོས་ནས་བཏགས་དོན་ཞིག་བཙལ་བ་ན། དཔྱོད་པའི་བློ་དེའི་ངོ་བོར་ཅིར་ཡང་རྙེད་དུ་མེད་པ་ཡིན་ཕྱིར། ཤེས་བྱ་གང་ཡིན་ཡང་གཞན་བརྟེན་གྱི་ཆ་དེ་དག་ཧྲིལ་གྱིས་རང་སར་དོར་ཚེ། སྟོང་ཙམ་གྱི་མེད་དགག་ཅིག་ལས་བློ་ངོར་ཅི་ཡང་བྱར་མེད་པ་དེ་ནི་རྟོག་པས་བཟོ་བཅོས་དང་ཡོངས་སུ་བྲལ་བའི་ཤེས་བྱའི་དོན་དམ་གྱི་རང་བཞིན་ནམ། མ་བཅོས་པའི་ཡུལ་གྱི་གནས་ལུགས་དངོས་ཡིན་པར་ཡང་ཡང་གསུངས་ཡོད་པ་དང་། ཇི་སྲིད་རྟེན་འབྱུང་དང་སྟོང་པ་དེ་གཉིས་གཅིག་གི་དོན་ལ་གཅིག་འགྲོ་གི་ཡོད་པ་མ་ཤེས་པ་དེ་སྲིད་དུ་ཤེས་བྱ་གཞིའི་རང་བཞིན་ལ་རྨོངས་པའི་ངང་དུ་ཡོད་པར་བརྟེན། ཆགས་སྡང་སོགས་ནང་གི་འདུ་ཤེས་ཉོན་མོངས་ཅན་དག་བཟློག་ཐུབ་པའི་གནས་མེད་པ་དང་། དེ་སྲིད་དུ་སེམས་ཉིད་སྡུག་བསྔལ་བའི་རང་བཞིན་ལས་བཅིངས་འགྲོལ་བྱེད་མི་ཐུབ་པར་འདོད་པས། ཡོད་པ་དང་རང་བཞིན་གྱིས་ཡོད་པ་མི་འདྲ་བའི་འདོད་ཚུལ་ཤུགས་ཆེར་བརྗོད་ཡོད་པ་རེད། དེར་བརྟེན། ཡོད་ན་རང་བཞིན་གྱིས་ཡོད་དགོས་པར་སྨྲ་བའི་ཉན་ཐོས་མཁན་པོ་ཚོས་ནི་འདོད་ཚུལ་དེ་ཉིད་ཉེན་ཁ་ཅན་གྱི་ལོག་པའི་ལྟ་བ་འབའ་ཞིག་ཏུ་སེམས་ཡོད་པས་འགལ་བ་ཤིན་ཏུ་ཆེའོ།།
ཡང་ནང་པའི་གྲུབ་མཐའ་སྔ་མ་གཉིས་དང་། ཕྱི་མ་གཉིས་ཀྱི་གཞི་རྩའི་མི་མཐུན་པ་ཆེ་ཤོས་གཞན་ཞིག་ནི། ཕྱི་རོལ་ཡུལ་དང་ནང་སེམས་ཀྱི་འབྲེལ་བའི་ཐོག་ན་གནས་ཡོད་དེ། ཡུལ་སྔོན་པོ་དང་དེ་འཛིན་པའི་མིག་གི་རྣམ་ཤེས་གཉིས་ལྟ་བུ་ལ་དཔེ་བཞག་ན། གྲུབ་མཐའ་དང་པོ་གཉིས་ཀྱིས་ནི། སྔོན་པོ་དེ་ཕྱི་རོལ་ཡུལ་གྱི་རྡུལ་མང་པོ་བསགས་སྟོབས་ཀྱིས་གྲུབ་པ་ཞིག་ཡིན་ལ། དེ་ཉིད་མིག་གི་དབང་པོ་དང་འཕྲད་ཚེ། འཕྲད་ཡུལ་གྱི་དབང་པོ་དེས་བདག་རྐྱེན་དང་། ཕྱི་རོལ་ཡུལ་གྱི་སྔོན་པོ་དེས་དམིགས་རྐྱེན། དེ་གཉིས་ཀའི་དུས་ཀྱི་གསལ་མྱོང་གི་ཤེས་པ་ཞིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་སྔོན་པོའི་སྣང་བ་ཅན་གྱི་མིག་ཤེས་སྐྱེས་པ་ཡིན་པར་སྨྲ་བས། ཡུལ་ཅན་ལ་ཡུལ་གྱི་སྣང་བ་ཅི་ཞིག་བྱུང་བའི་གཞིའི་ནུས་པ་དེ་བདེན་གྲུབ་ཀྱི་ཕྱི་དོན་ནམ་གཟུགས་ཅན་སྔོན་པོའི་སྟེང་ནས་འཇོག་གི་ཡོད་པ་རེད། ཡིན་ན་ཡང་། གྲུབ་མཐའ་དེ་གཉིས་ནང་གསེས་ལ་འདུས་བྱས་སྐད་ཅིག་གསུམ་པའམ་གནས་པའི་སྐད་ཅིག་འདོད་པ་དང་མི་འདོད་པའི་ཁྱད་པར་ཡོད་པས། མིག་དབང་དང་མིག་ཤེས་གཉིས་ཡུལ་ལ་འཇུག་ཚུལ་སྟེང་གི་འབྲེལ་བ་འཇོག་སྟངས་ཅུང་ཟད་མི་མཐུན་པར་གྱུར་ཡོད།
ཕྱིས་ཀྱི་ཐེག་ཆེན་གྲུབ་མཐའ་སྨྲ་བ་གཉིས་ཀས་ནི། ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་དེའི་ཐད་ལ་འགྲེལ་བཤད་རྒྱག་སྟངས་སྔར་གྱི་དེ་དང་ཁྱོན་ནས་མི་འདྲ་སྟེ། དེ་གཉིས་ཀྱིས་ཟེར་ན། ཡུལ་ཅན་གྱི་སྣང་བའི་ཁྱད་པར་དག་ནི་ཡུལ་འབའ་ཞིག་ལ་དབང་བའི་ནུས་སྟོབས་ཤིག་ག་ལ་ཡིན་ཏེ། གོམས་པའི་བག་ཆགས་དང་། རྟོག་པས་འདོགས་སྟངས་སོགས་ནི་ཤེས་བྱའི་གྲུབ་ལུགས་ཀྱི་རྨང་གཞིར་ཆགས་ཡོད་པས་དེ་ནི་ཡུལ་ཅན་རང་གི་ཁྱད་པར་ཞིག་ལ་ཐུག་ཡོད་ཅེས་ཟེར། སྤྱིའི་ཆ་ནས་དེ་ལྟར་འདྲ་ཡང་ཞིབ་ཏུ་དཔྱད་ན། ཁོ་རང་གཉིས་ཀྱང་གཏན་ནས་མི་མཐུན་པའི་འདོད་ཚུལ་འགལ་བ་གཉིས་ཀྱི་སྟེང་ནས་འགྲོ་གི་ཡོད་པ་རེད།
ཀླུ་སྒྲུབ་ཀྱིས་ <<དབུ་མ་རྩ་ཤེ་>> བརྩམས་ཏེ། རང་བཞིན་གྱིས་སྟོང་པའི་ལྟ་བ་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་གཏན་ལ་ཕབ་ཅིང་། ཐེག་ཆེན་གྱི་ལྟ་སྤྱོད་ཀུན་ལ་གཏན་ཚིགས་དང་རིགས་ལམ་གྱི་ཐོག་ནས་གྲུབ་མཐའི་རྨང་ལེགས་པོར་བཏིང་བ་དེས། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཙམ་དུ་མ་ཟད། སྐབས་དེའི་རྒྱ་གར་གྱི་རིག་གནས་པའི་སྡེ་སྤྱི་ལ་གླེང་གཞི་དང་གྲགས་འགུལ་མི་ཆུང་བ་ཞིག་བཟོས་ཡོད་པར་འདུག་སྟེ། <<དབུ་མ་རྩ་ཤེ་>> ཡི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་ནས་ <<རྩོད་བཟློག་>> དང་། རབ་བྱེད་བདུན་པ་སྐྱེ་འཇིག་བརྟག་པ་ལས་འཕྲོས་ཏེ་ <<སྟོང་ཉིད་བདུན་ཅུ་པ་>> དང་། རང་སྡེ་བྱེ་བྲག་ཏུ་འགོག་ཕྱིར་ <<རིགས་པ་དྲུག་ཅུ་པ་>> དང་། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་ཆེད་ <<ཞིབ་མོ་རྣམ་འཐག་>> སོགས་བརྩམས་པར་གྲགས་པ་ལ་དཔྱད་ན། ཕྱི་ནང་གི་ཁོར་ཡུག་གང་དང་ཡང་མི་མཐུན་པའི་ཁོང་གི་ལྟ་གྲུབ་གསར་པ་དེའི་ཐོག་མའི་འཁྲུངས་སྐར་ནི་དེ་འདྲའི་སྟབས་བདེ་ཞིག་མིན་པ་གསལ་པོར་དཔོག་ཐུབ་བོ།།
གང་ལྟར་སློབ་དཔོན་དམ་པ་འདི་ཉིད་ནི་ནང་པའི་མཁས་པ་ཚོའི་ཁྲོད་རིགས་པ་དང་མཐུན་མིན་གྱི་ཐོག་ནས་སངས་རྒྱས་ཀྱི་གསུང་ལ་ཡང་ཁས་ལེན་རྒྱུ་ཞིག་དང་མི་ལེན་རྒྱུ་ཞིག་གི་ཁྱད་པར་འབྱེད་མཁན་ཆེས་ཐོག་མ་དེ་ཡིན་པས། ཁོང་གི་འདོད་ཚུལ་ལྟར་ན། སངས་རྒྱས་ཀྱི་གསུང་གི་ནང་ན་སློབ་མའི་དབང་པོ་རྣོ་རྟུལ་དང་འཚམ་པར་བསྟན་པའི་ལྟ་བ་མང་པོ་ཡོད་ཕྱིར། གང་ཞིག་ཡང་དག་ཡིན་མིན་ནི་རང་རང་གི་བློ་སྟོབས་ཀྱིས་འབྱེད་དགོས་པ་ཁོ་ན་ཡིན་པར་ལྟའོ། །སྐབས་དེར་ཉན་ཐོས་ཀྱི་གྲུབ་མཐའི་དཔུང་ཁག་རྒྱ་ཆེ་ལ་གཏིང་མཐུག་པའི་ཁོར་ཡུག་དེ་འདྲ་ཞིག་གི་འོག་ནས། སློབ་དཔོན་བདག་ཉིད་ཆེན་པོ་མཆོག་གིས་གནོན་ཤུགས་གང་ལ་ཡང་མགོ་མ་བསྒུར་བར་རང་ཉིད་ཀྱི་རྣམ་དཔྱོད་དང་རིགས་ལམ་ལ་བརྟེན་ནས་ཁེར་ཚུགས་ཀྱི་ལྟ་གྲུབ་ཟབ་མོ་དེ་འདྲ་ཞིག་གི་སྲོལ་བཏོད་པ་ནི་ཅི་འདྲའི་རླབས་ཆེ་ཨང་། ཁོང་དང་ཁོང་འདྲ་བའི་སྐྱེས་བུ་ཚོའི་མི་ཚེ་ནི་ངོ་མཚར་དང་གཟི་བརྗིད་ཀྱི་མི་ཚེ་ཡིན་ཞིང་། དཀའ་ཁག་དང་སྡུག་རུས་ཀྱི་མི་ཚེ་ཡིན་པའང་སྨོས་མེད་རེད།
ཀླུ་སྒྲུབ་ཕེབས་པ་ནས་བཟུང་སངས་རྒྱས་ཆོས་ལུགས་མཚན་ཉིད་རིག་པའི་ཕྱོགས་སུ་འཕེལ་བའི་ལམ་ཁ་སྔར་ལས་ཇེ་ཡངས་སུ་ཕྱིན་ཡོད་ལ། ཁོང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་ལེགས་གསུང་མདོ་སྡེ་དག་ལ་ངོ་མཚར་རིགས་པའི་འོད་སྣང་གསར་པ་ཞིག་བསྣན་པ་རེད། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལ། རིགས་ལམ་གྱི་ཐོག་ནས་ཞིབ་བསྡུར་བརྟག་དཔྱད་བྱ་རྒྱུ་ནི་དད་པ་དང་ཡིད་ཆེས་ཀྱི་གོ་གནས་ལས་ཤིན་ཏུ་བརྒལ་ཡོད་པ་དེའི་རླབས་རྒྱུན་ནི། ཕྱིས་སུ་དཔལ་ནཱ་ལནྡཱའི་ནང་ན་ཡང་ “གང་ཟག་ལ་མི་རྟོན་ཆོས་ལ་རྟོན་” པ་སོགས་རྟོན་པ་བཞིའི་སྙིང་སྟོབས་ཀྱི་ལག་ལེན་དངོས་སུ་འབྱུང་བའི་མ་ཡུམ་དུ་ངེས་སོ།།
སྤྱིར་བཤད་ན།[2] རྟོན་བཞིའི་རྣམ་གཞག་ནི་དང་པོར་ <<བློ་གྲོས་མི་ཟད་པའི་མདོ་>> ལས་བསྟན་ཡོད་ནའང་། དེ་ལ་སུས་ཀྱང་དམིགས་བསལ་གྱི་དོ་སྣང་ཞིག་སླེབས་མེད་པའི་སྐབས་སུ། སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་དུ་གྲགས་པའི་སློབ་དཔོན་ཐོགས་མེད་བྱོན་ནས། ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་ཟབ་མོ་སྟེ་ “ཐེ་ཚོམ་ཤེས་རབ་ཀྱི་རྒྱུ་ཉིད་” ཡིན་པའི་ལྟ་ཚུལ་མི་ཚེའི་ཉམས་ལེན་དུ་ཁྱེར་ཏེ། གཙུག་ལག་གཞུང་ལུགས་མང་པོའི་ཚིག་དང་དོན་ལས་རང་ཉིད་ལ་ཕན་པའི་གནས་ལུགས་ཀྱི་རང་ཞལ་ཐེ་ཚོམ་གྱི་སྒོ་ནས་བཙལ་བས། ཆོས་ལ་དོགས་སློང་བྱས་པའི་སྙིང་སྟོབས་དེ་ཡི་བདག་འབྲས་སུ། ཁོང་གི་བརྩི་བཀུར་གྱི་ཡུལ་མཆོག་ཏུ་བསྔགས་ཤིང་། སྐབས་དེར་ཆེན་པོ་ལས་ཀྱང་ཆེན་པོར་གྲགས་ཟིན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་འདོད་ཕྱོགས་མང་པོ་ཞིག་མི་འཐད་པར་མཐོང་སྟེ་ <<བྱང་ས་>> སོགས་རང་ཉིད་ཀྱི་ཐུན་མོང་མིན་པའི་བསམ་བློ་མཚོན་པའི་བསྟན་བཅོས་འགའ་ཞིག་བརྩམས་ཤིང་། དེ་དག་གི་ནང་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་ལྟ་བའི་བཞེད་ཕྱོགས་མང་པོ་ཞིག་ལ་རིགས་ལམ་གྱིས་དགག་སྒྲུབ་ནན་པོ་བྱས་ཡོད་པར་མ་ཟད། དེ་དང་ཆབས་ཅིག་ཏུ། གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་ཀུན་བཏགས་བདེན་མེད་དུ་འདོད་པའི་ཤིང་རྟའི་ལམ་སྲོལ་ཟུར་དུ་ཕྱེ་ནས། “འབེལ་བའི་གཏམ་གྱིས་རྣམ་པར་ངེས་པར་བྱས་ནས་ཤེས་པས་རྟོགས་པར་བྱ་བ་ཡིན་གྱི། སྤྱོད་ལམ་ཙམ་གྱིས་མ་ཡིན་ནོ། །” (<<སའི་དངོས་གཞི་>> ལས་དྲངས།) ཞེས་ཁོང་རང་གིས་བཤད་པའི་སྐད་ཆ་དེ་དོན་ཐོག་ནས་ར་སྤྲོད་བྱས།
གང་ལྟར་སློབ་དཔོན་འདིས་ <<བློ་གྲོས་མི་ཟད་པའི་མདོ་>> རུ་གསལ་བའི་རྟོན་བཞིའི་རྣམ་གཞག་ལ་དམིགས་བསལ་གྱིས་དོ་སྣང་མཛད་ནས། <<སའི་དངོས་གཞི་>> རུ་རྟོན་བཞིའི་དོན་གང་ཟག་བཞི་དང་དུས་བཞི་ལ་སྦྱར་ནས་བཤད་ཅིང་། <<བྱང་ས་>> རུ་ཚད་མ་བཞི་དང་སྦྱར་ཏེ་བཤད། <<ཀུན་བཏུས་>> སུ་རིགས་པ་བཞི་དང་སྦྱར་ནས་བཤད། <<ཐེག་བསྡུས་>> སུ་དགོངས་པ་བཞི་དང་ལྡེམ་དགོངས་བཞི་ལ་སྦྱར་ནས་བཤད་པས། རྟོན་བཞིའི་ནང་དོན་ལ་བླ་སྲོག་གསར་པ་ཞིག་བསྣན་ཡོད་ཅེས་བཤད་ཆོག་ལ། སློབ་དཔོན་གྱིས་རྟོན་བཞིའི་དོན་ལ་དེ་འདྲའི་དོ་སྣང་ཞིག་མཛད་པའི་དམིགས་ཡུལ་ནི། བརྟག་ཅིང་དཔྱད་དེ་བདེན་པའི་གནས་ལུགས་འཚོལ་དགོས་པའི་སློབ་སྦྱོང་གི་མན་ངག་ཟབ་མོ་ཕྱི་རབས་པ་དག་ལ་གདམས་པའི་ཆེད་ཡིན་པ་སྨོས་མེད་རེད་ལ། རྟོན་པ་བཞིའི་བསམ་བློ་དེ་ཉིད་ཕྱིས་སུ་དཔལ་ནཱ་ལནྡཱའི་མཁས་པ་ཚོ་ཟབ་མོའི་གནས་ལ་འཇུག་པའི་ལམ་སྟོན་གྱི་སྒྲོན་མེར་གྱུར་ཡོད།
མི་ཞིག་གི་ཤེས་རབ་ལ་ཤེས་རབ་དངོས་ཀྱི་དོན་ལྡོག་ཚང་མིན་ནི། བདེན་དོན་ལ་གཞི་བཅོལ་བའི་ཚུགས་ཐུབ་ཀྱི་གོ་བ་ཞིག་ཡོད་མེད་ཀྱི་ཐོག་ནས་འཇོག་པ་དེ་རྟོན་པ་བཞིའི་བསམ་བློའི་འཇུག་རིམ་ཡིན་ལ། གནས་སྐབས་དང་མཐར་ཐུག་གི་བདེ་སྡུག་ཡོད་ཚད་ཀྱི་རྩ་བ་རང་ཉིད་ལ་ཐུག་པའི་བྱ་བའི་ལག་ལེན་ནི་རྟོན་པ་བཞིའི་བསམ་བློའི་གཞི་རྐང་ཡིན་པས། རྟོན་པ་བཞིའི་བསམ་བློ་ནི་སྐྱེས་བུ་རང་ཉིད་སྒེར་ཚུགས་སུ་འགྲེང་བའི་ནང་གི་སྙིང་སྟོབས་ཤིག་དང་། རྟོན་པ་བཞིའི་བསམ་བློ་ནི་གཞལ་བྱའི་གནས་ལ་དཔྱོད་ཤེས་ཀྱིས་འཇུག་པའི་བློ་གྲོས་ཀྱི་མཛེས་སྡུག་ཅིག་རེད།
ཚན་པ་གསུམ་པ། ནཱ་ལནྡཱའི་གྲུབ་འབྲས།
{༡} མི་ཡུལ་ལ་བྲོ་བ་སྦྱིན་པའི་ “མི་སྣ།”
ཨ་རིའི་ཧར་ཝར་ཌི་སློབ་ཆེན་གྱི་དགེ་རྒན་ཞིག་གིས་སློབ་མ་ཚོར། “ཁྱེད་ཅག་ནི་འཛམ་གླིང་གི ‘ཚྭ’ ཡིན་ལ། ཚྭ་ཡི་བྱེད་ལས་ནི་འཇིག་རྟེན་ལ་བྲོ་བ་སྟེར་རྒྱུ་ཉིད་རེད། ཁྱེད་ཅག་འདིར་ཕེབས་ནས་དཔེ་ཆ་སློབ་པའི་སྐལ་བ་ལྡན་ཡོད་ལ། ད་ནས་ཅང་མི་འགོར་བར་བཀྲ་ཤིས་པའི་ངང་ནས་མཐར་ཕྱིན་རྒྱུ་རེད། གལ་ཏེ་མཐར་ཕྱིན་རྗེས་རང་ས་ནས ‘ཚྭ’ ཡི་ནུས་པ་མ་ཐོན་ན། ཁྱེད་ཚོས་ཧར་ཝར་ཌིའི་རེ་བ་སྟོང་ཟད་དུ་བཏང་བ་ཡིན།” (<<哈佛思维>> ལས་དྲངས།) ཞེས་བཤད་མྱོང་། དག་ཅིང་གསལ་བའི་ངག་ཚིག་གི་ཕྲེང་བ་འདིའི་ཡིག་འབྲུ་རེ་རེར་གོ་རྒྱུ་ཆེ་ལ་དོན་སྙིང་ཟབ་པས། དེ་ནི་སློབ་མ་དག་ལ་སྤོབས་པ་སྟེར་ཞིང་ཡར་སྐུལ་གྱི་གསོན་ཤུགས་ལྡན་པའི་རྒྱང་འབོད་ཅིག་སྟེ། སློབ་མ་རེ་རེ་བཞིན་སྒེར་གྱི་ཁྱད་ཆོས་དང་སྒེར་གྱི་བྲོ་བ་འབུར་དུ་ཐོན་པའི་ “ཚྭ་” རུ་འགྱུར་དགོས་པ་དང་། དེ་འདྲའི་སྒེར་རང་མཚན་པའི་ཁྱད་ཆོས་མངའ་བའི་ཚྭ་ཡིས་ནི་འཛམ་གླིང་སྤྱི་མཚན་པ་ལ་བྲོ་བ་སྦྱིན་དགོས་པའི་རེ་འབོད་བྱས་འདུག་པས་སོ། །དེ་ནི་ཧར་ཝར་ཌི་སློབ་ཆེན་གྱི་དོན་དམ་པའི་སྙིང་སྟོབས་རེད་ལ། དུས་ནམ་ཡང་ཧར་ཝར་ཌི་སློབ་ཆེན་འཛམ་གླིང་གི་ “ཚྭ་” ཡི་གཏེར་མཛོད་དུ་འགྱུར་ཐུབ་པའི་མན་ངག་ཀྱང་རེད།
ཧར་ཝར་ཌི་སློབ་ཆེན་གྱིས་ “ཚྭ་” ཡི་བྲོ་བ་ཆད་མེད་དུ་སྦྱིན་ས་གཙོ་བོ་ནི་མི་ཡི་སྤྱི་ཚོགས་འདིའི་ཕྱི་དངོས་པོའི་ལོངས་སྤྱོད་ཀྱི་འཕེལ་རྒྱས་ཡིན་ལ། དུས་ད་ལྟའི་བར་དུ་སློབ་ཆེན་དེ་ནས་མི་ཡུལ་ལ་ཚྭ་ཡི་བྲོ་བ་སྦྱིན་ནུས་པའི་ཚན་རིག་པ། གསོ་རིག་པ། མཚན་ཉིད་པ། ཆབ་སྲིད་པ། ཁེ་ལས་པ། ཁྲིམས་ལུགས་པ། དམག་དོན་པ་སོགས་ཤིན་ཏུ་མང་པོ་འཚར་ལོངས་བྱུང་ཞིང་། འོད་ཆེན་སྐར་མ་ལྟ་བུའི་སྐྱེས་བུ་དེ་དག་གིས་མིའི་རིགས་ལ་དུས་དང་དུས་སུ་ “ཚྭ་” ཡི་རོ་བཅུད་མི་ཟད་པ་བྱིན་དང་སྦྱིན་མུས་རེད།
ངས་འདི་རུ་མི་ཡུལ་ལ་ “ཚྭ་” ཡི་བྲོ་བ་གཞན་ཞིག་བྱིན་མྱོང་བའི་རིག་གནས་སློབ་གླིང་ཞིག་བཤད་འདོད་དེ། དེ་ནི་མི་རྣམས་ཀྱི་ནང་སེམས་ཀྱི་ཟས་དང་བཏུང་བ་མི་ཟད་པའི་རྒྱ་མཚོར་ “ཚྭ་” ཡི་བྲོ་བ་སྟེར་མྱོང་བའི་དཔལ་ནཱ་ལནྡཱ་རེད། སྤྱིར་བཤད་ན། མི་ཡི་རིགས་ཙམ་མ་ཟད་དུད་འགྲོ་འབུ་སྲིན་ཡན་ཆད་ཀྱི་སྲོག་ལྡན་སུ་ལ་མཚོན་ནའང་། ལྷན་སྐྱེས་ནས་བདེ་སྡུག་ཅེས་པའི་ཚོར་ཤུགས་ནི་ཁྱད་མེད་དུ་ཡོད་པར་བརྟེན། སྲོག་ལྡན་དེ་ཚོའི་ལུས་ངག་ཡིད་གསུམ་གྱི་སྦྱོར་བ་ཡོད་ཚད་བདེ་བ་འབྱུང་བ་དང་སྡུག་བསྔལ་ཞི་བའི་ཆེད་དུ་ཡིན་པ་སྨོས་མེད་རེད།
འོན་ཀྱང་། ཡང་སྙིང་ཅི་ཞིག་ལ་སྡུག་བསྔལ་ཟེར་ཞིང་ཅི་ཞིག་ལ་བདེ་བ་ཟེར་ཞེ་ན། མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ནང་གཅིག་མཐུན་གྱི་ལན་ཞིག་ཡོད་མྱོང་མེད་པ་འདྲ་སྟེ། སྤྱིར་བཏང་གི་མི་ཕལ་ཆེ་བའི་འདོད་ཚུལ་ཞིག་ལ། ཚེ་རིང་ནད་མེད་བྱུང་ཞིང་། རྒྱུ་འབྱོར་ལོངས་སྤྱོད་ལྡན་ན་ད་གཟོད་བདེ་སྐྱིད་ལྡན་པར་སྙམ་ཡོད་ནའང་། སངས་རྒྱས་ཆོས་ལུགས་པ་དག་གིས་ནི་སེམས་མ་ཞི་བ་དེ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཡིན་ཕྱིར། སེམས་ཞི་བ་ཁོ་ན་དོན་གྱི་བདེ་བ་རུ་སྨྲའོ། །དེ་དག་ལ་རང་རང་གི་ས་ན་བགྲང་མི་ཚར་བའི་གཏན་ཚིགས་རེ་རེ་ཡོད་པས་འདི་རུ་སུ་བདེན་གྱི་དབྱེ་ཐག་གཅོད་པའི་ངལ་བ་བསྟེན་མི་འདོད་ནའང་། འཚོ་བའི་གནས་ལུགས་ལས་ང་ཚོས་གསལ་པོར་ཤེས་པ་ནི། མི་ཡི་འཇིག་རྟེན་དུ་དངོས་པོའི་ལོངས་སྤྱོད་གཅིག་པུས་འདོད་དོན་ཡོད་ཚད་བསྐང་མ་ནུས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་ལྟ་ན། ནང་སེམས་ཀྱི་བདེ་བ་ནི་གཞན་གྱིས་འཕྲོག་ཏུ་མི་བཏུབ་པའི་ “ཤེས་རབ་ཀྱི་ལོངས་སྤྱོད་” ཁྱད་པར་ཅན་ཞིག་ཏུ་བརྩི་འོས་པར་མ་ཟད། རྣམ་དཔྱོད་ལྡན་པའི་མིའི་རིགས་ཁོ་ནའི་ཐུན་མིན་གྱི་སྤྱད་བྱ་སྟེ། སྲོག་ཆགས་གཞན་ལ་མི་དབང་བའི་ནང་གི་འབྱོར་པ་ཞིག་ཀྱང་ཡིན་པར་བརྟེན། སེམས་ཀྱི་བདེ་བ་དེ་དག་ཇི་ལྟར་འཚོལ་བའི་རིགས་པའི་གཞུང་ལུགས་དག་ནི་འགྲོ་བ་མིའི་འཇིག་རྟེན་དུ་རིན་ཐང་ཆེན་པོར་བརྩི་འོས་པར་སྙམ་པས། ནང་སེམས་ཀྱི་གསང་བའི་ཆོས་ཉིད་མང་པོ་ཞིག་རིགས་པའི་ལམ་ནས་བརྟག་ཅིང་དཔྱད་དེ་མི་ཡུལ་ལ་ཤེས་རབ་ཀྱི་ཁ་ཟས་སྤྲད་པའི་ནཱ་ལནྡཱའི་དགེ་བཤེས་རྣམས་ཀྱི་མཛད་རྗེས་ཀྱང་ཧར་ཝར་ཌི་སློབ་ཆེན་ནས་འོངས་པའི་‘ཚྭ་’ལྟ་བུའི་མི་དག་གི་མཛད་རྗེས་ལས་དམན་པར་མི་སེམས་སོ།།
བྱམས་བརྩེས་ཟིན་པའི་ཤེས་རབ་ལ་བརྟེན་ནས་མི་ཚེའི་རིན་ཐང་འཚོལ་རྒྱུ་ནི་དཔལ་ནཱ་ལནྡཱའི་བསམ་བློའི་སྙིང་དོན་རེད། འགྲོ་བ་མིའི་སེམས་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་ཆགས་སྡང་ནི་ཕྱིས་འབྱུང་གི་སྐྱོན་འབའ་ཞིག་སྟེ། རྐྱེན་གཞན་ལ་ལྟོས་པའི་གློ་བུར་བའི་སེམས་ཀྱི་སྣང་ཚུལ་དང་འཛིན་ཚུལ་ཙམ་ཞིག་ཡིན་པ་མ་གཏོགས་སེམས་ཀྱི་དོན་དམ་པའི་རང་གཤིས་མ་ཡིན་ཕྱིར། སྣང་བ་དང་འཛིན་པ་དེ་དག་གི་བསླུ་བྲིད་ལས་རྒྱལ་ཏེ་རང་བཞིན་གཙང་མ་ཅན་གྱི་སེམས་གཤིས་ཕྱིར་མངོན་པར་བྱ་བ་ཁོ་ན་རྣམ་དཔྱོད་ཀྱི་ཆེས་མཐོ་བའི་རིམ་པ་རུ་འདོད་པ་ནི་དཔལ་ནཱ་ལནྡཱའི་རིག་གནས་ཀྱི་སྲོག་རྐང་རེད།
ལྟ་བ་དེ་ཡིས་གསོས་ཤིང་། མཁའ་དབུགས་དེ་ཡིས་བསྐྱངས་པའི་ནཱ་ལནྡཱའི་མཁས་པ་མང་པོ་ཞིག་གིས། རང་རང་གི་ས་ནས་ཤེས་རབ་ཀྱི་སྒྲོན་མེ་ཆུང་ཆུང་རེ་རེ་མི་ཡུལ་གྱི་གྲུ་ག་རེ་རེར་སྦར་མྱོང་སྟེ། ཁ་ཆེ་དང་ཨོ་རྒྱན་གྱི་ཡུལ་ན་སློབ་དཔོན་ཆེན་མོའི་མཚན་སྙན་འཕུར་ཞིང་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་དུ་གྲགས་པའི་ཐོགས་མེད་[3]ནི་ནཱ་ལནྡཱའི་རེད་ལ། བལ་ཡུལ་སོགས་སུ་ཆོས་ཀྱི་འཕྲིན་ལས་བསྐྱངས་ནས་མི་རྣམས་ཀྱིས་ཀུན་མཁྱེན་གཉིས་པ་ཞེས་འབོད་མྱོང་བའི་དབྱིག་གཉེན་ཡང་ནཱ་ལནྡཱའི་རེད།
ད་དུང་ནང་བསྟན་ཚད་མ་རིག་པའི་སྲོལ་འབྱེད་མཁན་ཕྱོགས་གླང་དང་། སངས་རྒྱས་བསྐྱངས། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ལེགས་ལྡན་འབྱེད། རྒྱལ་བའི་ལྷ། ཐལ་འགྱུར་བའི་གྲུབ་མཐའི་སྲོལ་འབྱེད་ཟླ་བ་གྲགས་པ། ཙནྡྲཱ་གོ་མི། ཆོས་སྐྱོང་། ཞི་བ་ལྷ། བི་རུ་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཆོས་ཀྱི་གྲགས་པ། ལ་ལི་ཏ་བཛྲ། སྒེག་པའི་རྡོ་རྗེ། འཕགས་སེང་གཉིས། ལྷོ་སྒོ་བ་ཤེས་རབ་འབྱུང་གནས། ནུབ་སྒོ་བ་ངག་དབང་གྲགས་པ་སོགས་ནང་པའི་པཎྜི་ཏ་ཤིན་ཏུ་མང་པོ་དག་ནཱ་ལནྡཱ་ནས་འཚར་ལོངས་བྱུང་བ་ཡིན་པ་དང་། ཚེ་དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པར་གྲགས་པའི་བླ་མ་སྙིང་རྗེ་ཅན་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་། རྒྱ་ནག་པ་ཚོས་སློབ་དཔོན་ཆེན་མོར་འབོད་པའི་ཞཱན་ཙང་། ཝེན་ཚེག །ཡས་ཅན་སོགས་ཀྱང་ནཱ་ལནྡཱར་ཕེབས་པ་ཤ་སྟག་རེད། གཞན་དུ་བོད་བརྒྱུད་ནང་བསྟན་གྱི་མ་ཡུལ་ལྟ་བུའི་སློབ་དཔོན་ཞི་བ་འཚོ། ཀ་མ་ལ་ཤཱི་ལ། ཇོ་བོ་རྗེ་སོགས་ཀྱང་ནཱ་ལནྡཱ་ནས་སློབ་གཉེར་གནང་མྱོང་མཁན་འབའ་ཞིག་གོ།
གལ་ཏེ་སུ་ཞིག་གིས་བློ་གྲོས་ཅན་གྱི་སྐྱེས་བུ་དེ་དག་ལ་དོན་གྱི་བྱས་རྗེས་ཤིག་ཡོད་པར་འདོད་ན། བྱས་རྗེས་དེ་ནི་ནཱ་ལནྡཱའི་སློབ་གསོ་དང་ཁ་འབྲལ་དུ་མེད་པ་ཤེས་དགོས་ཤིང་། གལ་ཏེ་སུ་ཞིག་གིས་སྙིང་རྗེ་ཅན་གྱི་སྐྱེས་བུ་དེ་དག་གི་མི་ཚེ་མཛེས་སྡུག་དང་ལྡན་པར་སྙམ་ན། མཛེས་སྡུག་དེ་ཡང་ནཱ་ལནྡཱའི་ལྟ་བ་དང་ཟུར་དུ་དབྱེ་རྒྱུ་མེད་པ་རྟོགས་དགོས།
{༢} ཤེས་རབ་ཀྱི་ཁྱིམ་གཞིས་ཆུང་ཆུང་།
ཀློག་པ་པོ་ལགས། ཁྱེད་ཉིད་ནང་ཆོས་ལ་དད་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་སྟེ། ཁྱེད་ལ་གཟུ་བོར་གནས་པའི་རྣམ་དཔྱོད་མངའ་ན། ཁྱེད་ལ་བདེན་པ་འཚོལ་བའི་སྙིང་སྟོབས་ལྡན་ན། དོན་གྱི་ཤེས་རབ་ནི་དོན་གྱི་གནས་ལུགས་དང་འདྲ་བར་ཡིད་ཆེས་ཀྱི་རྟེན་དུ་འཛིན་པར་རིགས་ཏེ། ཤེས་རབ་ལ་ཡིད་ཆེས་པ་ནི་མ་གཞི་ནས་དད་པ་ཀུན་གྱི་མཆོག་ཡིན་པས་སོ།།
བརྒྱ་ལ་སུ་ཞིག་གིས་གནའ་བོའི་རྒྱ་གར་ནཱ་ལནྡཱའི་ཤེས་རིག་ཡོད་ཚད་ “ཆོས་ལུགས་” ཞེས་པའི་ཐ་སྙད་དེ་ཁོ་ནའི་མཚོན་བྱར་བསྡུས་ནས། དེ་ལ་དོན་དངོས་དང་མཐུན་པའི་གནས་ལུགས་ཀྱི་ཆ། གཏན་ཚིགས་ཀྱི་ཁོག །རྒྱུ་མཚན་གྱི་གཞུང་ཅི་ཡང་མེད་པར་སྨྲ་ན་ནི། ཁྱེད་ཀྱི་འདོད་ཚུལ་དེ་ལ་ངས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་ལེན་པ་ལས་བྱར་མེད་དོ།།
དུང་ཞེན་གྱི་སྐད་ཆར་བརྩིས་ཀྱང་ཆོག །དཔྱོད་ལྡན་གྱི་ངག་ཏུ་བགྲང་ཡང་རུང་། ངས་ནི་ནཱ་ལནྡཱའི་དགོན་པ་ལ་ “ཤེས་རབ་ཀྱི་ཁྱིམ་གཞིས་ཆུང་ཆུང་” ཞེས་གདགས་པར་འདོད་དེ། ཁྱིམ་གཞིས་དེར་འདུས་པའི་སྐྱེས་བུ་གང་མང་ཞིག་ཤེས་རབ་ཀྱི་ཆེད་དུ་འཚོ་ཞིང་། ཤེས་རབ་ཀྱི་ཕྱིར་དུ་གཤེགས་པས་སོ། །ཁོ་ཚོའི་མི་ཚེ་ནི་དོགས་སློང་གི་མི་ཚེ་ཡིན་པས་ཤེས་རབ་བཙལ་ནས་ཟད་འདུག་ལ། ཁོ་ཚོའི་མི་ཚེ་ནི་དཔྱད་བསྡུར་གྱི་མི་ཚེ་ཡིན་པས་ཤེས་རབ་འཚོལ་བཞིན་གཤེགས་འདུག
སྐད་ཆ་འདི་ཁ་ནས་ཐོན་མ་ཐག་ངའི་ཡིད་ལ་ནཱ་ལནྡཱའི་སློབ་དཔོན་ཞིག་ཤར་བྱུང་། ཁོང་ནི་ནང་བསྟན་ཚད་མ་རིག་པའི་སྲོལ་འབྱེད་དུ་གྲགས་པའི་སློབ་དཔོན་ཕྱོགས་གླང་རེད། ཕྱོགས་གླང་ནཱ་ལནྡཱར་བཞུགས་པའི་དུས་ཡུན་ཐུང་ན་ཡང་། སྐབས་དེའི་ནཱ་ལནྡཱའི་བསམ་བློའི་མཁའ་དབུགས་ཀྱིས་ཁོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་སྙམ།
དེ་ཡང་དང་པོར་ཁོང་ཉིད་བྲམ་ཟེའི་ཆོས་ལུགས་ལ་དད་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། ཡབ་ཀྱི་མདུན་དུ་ཡི་གེའི་འབྲི་ཀློག་དང་བརྡ་སྤྲོད་ཀྱི་བསྟན་བཅོས་སོགས་མང་པོ་བསླབས་པས། ཁོང་གི་བྱིས་པའི་ལོ་ཟླ་ནི་ཁྱིམ་ཚང་སློབ་གསོ་ལེགས་པོ་ཞིག་གིས་བསྐྱངས་ཡོད་ཅེས་བཤད་ཆོག་པར་འདུག །ཆེར་སྐྱེས་པ་ན་ཡབ་ཀྱི་ཤུགས་རྐྱེན་འོག་བྲམ་ཟེའི་ཆོས་ལུགས་ལ་དད་མོས་བྱས་ཤིང་། མཁས་པ་མང་པོ་བསྟེན་ཏེ་རིག་བྱེད་དང་གྲུབ་མཐའ་ལ་སྦྱང་བ་ནན་ཆེར་མཛད་པ་དང་། སྦྱང་བྱའི་དོན་ལ་རིགས་པས་བརྟག་ཅིང་དཔྱད་པ་ན། སྐྱེས་ཐོབ་ཀྱི་བློ་གྲོས་ཆེ་བའི་ཁོང་ནི་ཡབ་མེས་ནས་བརྒྱུད་པའི་རང་ཉིད་ཀྱི་གྲུབ་མཐའ་ལ་ཐེ་ཚོམ་སྐྱེས་ཤིང་། རིམ་གྱིས་རིམ་གྱིས་ཐེ་ཚོམ་དེ་ཡང་མཐའ་གཅིག་ཏུ་བྲམ་ཟེའི་ཆོས་ལུགས་ལ་ཡིད་མི་ཆེས་པའི་བློ་རུ་གྱུར་སོང་།
ཁོང་གི་བསམ་བློའི་འགྱུར་བ་དེར་ཡབ་འཚིག་པ་གཏིང་ནས་ཟོས་ཏེ་གཤེ་བའི་ཚིག་བཅས་ཁྱིམ་ནས་བསྐྲད་ནའང་། ལྟ་ཚུལ་ནི་ལྟ་ཚུལ་རང་ཡིན་པས་ཡབ་ཀྱིས་མི་གཤེ་བའི་ཕྱིར་དུ་བསྟུན་ཐུབ་པ་ཞིག་ག་ལ་ཡིན། རང་གཤིས་མཁྲེགས་པའི་ཕྱོགས་གླང་གིས་ཀྱང་རང་ཉིད་ཀྱི་ལྟ་བ་འདོར་བ་ལས་ཁྱིམ་ནས་འགྲོ་བ་བླ་སྙམ་སྟེ། ཕྱི་རོལ་གྱི་འཇིག་རྟེན་དུ་འཁྱམས་པོའི་འཚོ་བ་རོལ་འགོ་བརྩམས་སོང་། སྐབས་དེ་ཤེད་ཀྱི་ཁོང་ལ་ཕལ་ཆེར་ཆོས་ལུགས་དད་མོས་གང་ཡང་མེད་ཅེས་བཤད་ཆོག་ནའང་། ཁོང་གིས་ད་དུང་ཕྱི་རོལ་པའི་གཏན་ཚིགས་རིག་པར་ཞིབ་འཇུག་བྱེད་མཚམས་གཏན་ནས་བཞག་མྱོང་མེད་དེ། གཏན་ཚིགས་རིག་པ་ནི་ཁོང་ཉིད་མོས་པ་ཡོད་སའི་གཞུང་ལུགས་གཙོ་བོ་ཡིན་པས་སོ།།
ཁོང་གི་ངེས་གཏན་མེད་པའི་གོམ་ཁ་ཕྱོགས་དང་ཕྱོགས་སུ་བསྒྱུར་བ་ལས། ནང་པའི་གྲུབ་མཐའ་གནས་མ་བུའི་ལུགས་འཛིན་པའི་མཁན་པོ་གླང་པོ་བྱིན་ཟེར་བ་ཞིག་དང་མཇལ། མཁན་པོ་དེས་ཁོང་ལ་བདག་སྐྱོང་ལེགས་པོ་གནང་བར་བརྟེན། རིམ་གྱིས་ཁོང་ཉིད་ནང་པའི་ཆོས་ལ་ཞུགས་ཏེ་རབ་ཏུ་བྱུང་། དེ་ནས་མཁན་པོ་གླང་པོ་བྱིན་གྱིས་ཁོང་ལ། “སྟོན་པ་སངས་རྒྱས་ཀྱི་བསྟན་པའི་དེ་ཉིད་ཤེས་དགོས་ན་ཐོག་མར་བཅིངས་འགྲོལ་གྱི་གཞིར་གྱུར་པའི་བདག་གི་རང་བཞིན་ཤེས་དགོས་ལ། དེ་ཡང་བདག་གི་དོན་གྱི་རང་བཞིན་ནི་བརྗོད་མེད་ཀྱི་རྫས་ཡོད་ཅིག་གོ །” ཞེས་གནས་མ་བུའི་ལུགས་ཀྱི་བརྗོད་མེད་ཀྱི་བདག་འཚོལ་བའི་རིགས་པ་བསྟན། འོན་ཀྱང་། ཕྱོགས་གླང་ནི་ཕྱོགས་གླང་རང་ཡིན་པས། དགེ་རྒན་གྱི་གདམས་པ་ཙམ་ལ་ཡིད་རྟོན་ཁོ་ན་ག་ལ་བྱེད། དེ་འདྲའི་གདམས་དོན་ལ་རྣམ་པར་བརྟག་ཅིང་དཔྱད་པ་ན། མཁན་པོས་བཤད་པའི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་རྫས་ཡོད་ཀྱི་བདག་དེར་ཡང་བསྐྱར་ཁོང་ཉིད་ཐེ་ཚོམ་སྐྱེས་སོང་། ལྟ་བ་དེ་ལ་ཇི་ཙམ་རིགས་པས་དཔྱད་ན་དེ་ཙམ་གྱིས་གནོད་བྱེད་མཐོང་སོང་།
དེ་ནས་ཁོང་གིས་ “ཉིན་མོ་དཀར་ཁུང་ཐམས་ཅད་བསལ། མཚན་མོར་ཕྱོགས་བཞིར་མར་མེ་བཏང་སྟེ། ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་ཡང་ཡང་བལྟས་” (<<རྒྱ་གར་ཆོས་འབྱུང་>> ལས་དྲངས།) ཏེ་བསྡད་པ་ན། དེ་ལྟར་བྱེད་པ་གྲོགས་དག་གིས་མཐོང་ནས་ཁ་ཅིག་གིས་ཕྱོགས་གླང་སྨྱོས་འདུག་ཟེར། ཁ་ཅིག་གིས་མཚར་བ་ལ་ཟེར། ཅང་མ་འགོར་བར་གནས་ཚུལ་ཆ་ཚང་མཁན་པོས་ཀྱང་ཤེས་པས། ཅི་ཡིན་སྙམ་ནས་ཁྱོད་ཀྱིས་ཅིའི་ཕྱིར་དེ་ལྟར་བྱེད་པ་ཡིན་ཞེས་དྲིས་པ་ན། ཁོང་གིས། “བདག་ནི་བློ་གྲོས་རྟུལ་ཞིང་དམན་པས་མཁན་པོས་བསྟན་པའི་དེ་ཉིད་གང་ཡིན་པ་དེ་ནི་བདག་གིས་མི་མཐོང་སྟེ། དེའི་ཕྱིར་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་དེ་ལྟར་བྱས་ནས་བལྟ་བ་ཡིན་” (<<རྒྱ་གར་ཆོས་འབྱུང་>> ལས་དྲངས) ཟེར། ཁོང་གི་སྐད་ཆ་དེས་ནི་གནས་མ་བུའི་གྲུབ་མཐས་བཞག་པའི་བརྗོད་མེད་རྫས་ཡོད་ཀྱི་བདག་ལ་གནོད་བྱེད་ཀྱི་རིགས་པ་བཏང་ཡོད་པར་བརྟེན། སྐད་ཆ་དེ་གསན་མ་ཐག་ཅུང་མ་རངས་པར་གྱུར་པའི་མཁན་པོའི་གདོང་མདོག་ཀྱང་འགྱུར་འདུག་ལ། མཁན་པོས་བསམ་བློ་གཏོང་བཞིན་ཅུང་བསྡད་རྗེས། “རང་གི་གྲུབ་མཐའ་འགོག་པའི་སློབ་བུ་ཁྱོད་གཞན་དུ་སོང་ཞིག་” ཅེས་སྨྲས་སོང་།
འདི་ནི་ཕྱོགས་གླང་གནས་ནས་བསྐྲད་ཐེངས་གཉིས་པ་རེད་ལ། རང་གི་ལྟ་ཚུལ་གྱིས་རང་ཉིད་ལ་བསླངས་པའི་ཆག་སྒོ་ཐེངས་གཉིས་པ་ཡང་རེད། འོན་ཀྱང་། གནས་ཚུལ་ཅི་ཞིག་ལ་ཕྲད་རུང་བསམ་བློ་དང་ལྟ་བ་ནི་རྒྱུ་མཚན་གྱི་གཞི་ཁོ་ནའི་སྟེང་ནས་བདེན་པ་སྟེར་རྒྱུ་ཞིག་ཡིན་པ་ལས། མི་སུ་དང་བྱ་བ་གང་ཞིག་གི་གནོན་ཤུགས་ལ་བསྟུན་རྒྱུ་མིན་པའི་རྩ་དོན་ནི་ཁོང་གིས་ནམ་ཡང་མི་འདོར་བ་ཡིན་ཕྱིར། ཞུ་འབོད་ཚིག་གཅིག་ཙམ་ཡང་མ་བྱས་པར་གནས་དེ་དང་ཁ་འབྲལ་བའི་སེམས་ཐག་རྦད་ཀྱིས་བཅད། “མཁན་པོ་ཉིད་ཀྱི་གྲུབ་མཐའ་དེ་ད་ལྟ་ཉིད་དུ་ཁོ་བོས་ཚར་གཅོད་པར་ནུས་ན་ཡང་། ཡུན་རིང་བསྐྱངས་པའི་བཀའ་དྲིན་ལ་བསམ་བཞིན་རྩོད་པར་མི་བྱ་” (<<རྒྱ་གར་ཆོས་འབྱུང་>> ལས་དྲངས) ཟེར། འདི་ནི་ཕྱོགས་གླང་གིས་མཁན་པོ་ལ་སྨྲས་པའི་སྐད་ཆ་ཐ་མ་རེད། མཁན་པོར་གྱེས་ཕྱག་ཕུལ་ནས་ཕྱོགས་གླང་ཡང་བསྐྱར་ལམ་དུ་ཆས་སོང་།
རིམ་གྱིས་རིམ་གྱིས་རྒྱ་གར་ཡུལ་དབུས་སུ་བྱོན་ཏེ།[4] སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་དང་མཇལ་ཞིང་། སློབ་དཔོན་དེའི་མདུན་ནས་ནང་པའི་ཆོས་གཞུང་གི་སློབ་ཁྲིད་རབ་ཏུ་མང་པོ་ཐོབ་རྗེས། ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལྟར། སྟོན་པ་ཤཱཀྱ་ཐུབ་པའི་གསུང་གི་ནང་ནས་མདོ་སྡེ་དགོངས་འགྲེལ་ཁོ་ན་ངེས་དོན་གྱི་མདོ་ཡིན་པ་དང་། སེམས་ཙམ་དུ་སྨྲ་བའི་ལྟ་བ་ཁོ་ན་དོན་གྱི་གནས་ལུགས་ཡིན་པའི་ངོས་འཛིན་བྱུང་བར་མ་ཟད། <<དམིགས་པ་བརྟག་པ་>> དང་། <<དུས་གསུམ་བརྟག་པ་>> དང་། <<རིགས་སྒོ་>> དང་། <<རླུང་གི་རབ་དབྱེ་>> སོགས་རང་གི་འདོད་ཚུལ་མཚོན་པའི་བརྩམས་ཆོས་འགའ་ཞིག་ཀྱང་སྤེལ་བས། སྐབས་དེའི་ཕྱི་ནང་གི་མཁས་པའི་ཁྲོད་དུ་དོ་སྣང་ཆེན་པོ་སླེབས་པ་རེད། བརྩམས་ཆོས་དེ་དག་ལས་ཁོང་གིས་ནང་བསྟན་ཚད་མ་རིག་པའི་ལྟ་གྲུབ་གསར་གཏོད་ཀྱི་རྨང་གཞི་བཏིང་ཡོད་ལ། བརྩམས་ཆོས་དེ་དག་ལས་ནང་པའི་མཁས་པ་ཚོའི་ཁྲོད་དུ་ཕྱོགས་གླང་གི་ཤུགས་རྐྱེན་ཆགས་པའི་རྩ་བ་ཡང་ཚུགས་པ་རེད།
ཁོང་གིས་ཐོགས་མེད་དང་དབྱིག་གཉེན་གྱི་གཞི་རྩའི་འདོད་ཕྱོགས་ལྟར། ཕྱི་རོལ་ཡུལ་གྱི་དོན་ནམ་རྡུལ་ཆ་མེད་བསགས་པའི་གཟུང་དོན་གཏན་ནས་མེད་པར། ཤེས་བྱ་ཡོད་ཚད་བག་ཆགས་སམ་ནང་གི་གོམས་པ་ཞིག་ལས་གྲུབ་པའི་ལྟ་བ་འཐད་ལྡན་དུ་མཐོང་བས། <<དམིགས་པ་བརྟག་པའི་>> ནང་དུ། གལ་ཏེ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་གྲུབ་ཡོད་ན། སྔོན་པོ་ལྟ་བུའི་ཁ་དོག་གཅིག་ལའང་མཛེས་མི་མཛེས་ཀྱི་སྣང་ཚུལ་སྣ་ཚོགས་འབྱུང་མི་རིགས་པའི་སྐྱོན་ཡོད་པ་དང་། འདོད་ཚུལ་དེ་ཉིད་ཀྱི་ལུགས་སུ་རྩོམ་གཞིའི་རྡུལ་ཕྲ་རབ་ཉིད་ནི་འགྱུར་ལྡོག་འགྲོ་མི་སྲིད་པའི་གཟུགས་རྟག་པ་ཞིག་ཏུ་ཁས་ལེན་དགོས་པར་ཐལ་བ་སོགས་ཀྱི་སྐྱོན་བཏང་སྟེ། རྟོག་མེད་དབང་ཤེས་ལ་ལྟོས་པའི་རྣམ་རིག་ཙམ་གྱི་ལྟ་བ་ཞིབ་ཏུ་གཏན་ལ་ཕབ་ཡོད་པ་རེད། <<བྱང་ས་>> དང་ <<ཐེག་བསྡུས་>> སུ་ཐོགས་མེད་ཀྱིས་བཤད་པའི་རྟོག་པ་ཡིད་ཤེས་ལ་ལྟོས་པའི་རྣམ་རིག་པའི་ལྟ་བ་དེ་དང་། <<དམིགས་པ་བརྟག་པ་>> རུ་ཕྱོགས་གླང་གིས་བཤད་པའི་རྟོག་མེད་དབང་ཤེས་ལ་ལྟོས་པའི་རྣམ་རིག་པའི་ལྟ་བ་འདི་གཉིས་ཕྱི་དོན་འགོག་པའི་ཚུལ་ལ་སྦྱར་ན་གནད་གཅིག་ཏུ་བབས་ཡོད་ཅེས་རྗེ་བཙུན་ཙོང་ཁ་པས་བཤད་པ་ནི་ཐུགས་མད་པ་སྟེ། དཔེར་ན། ཕ་གིར་མཐོང་བའི་གཞི་ལྟོ་ལྡིར་བ་ལ་ང་ཚོས་འདི་ནི་བུམ་པའོ་ཞེས་བརྗོད་ཚེ། ཐོག་མར་དབང་པོའི་ཤེས་པ་ལ་ལྟོ་ལྡིར་བ་སྣང་ཞིང་ཚུལ་དེའི་རྗེས་སུ་འབྲངས་ནས་སྒྲ་ཡིས་བརྗོད་པ་ཡིན་པ་དང་། དབང་པོའི་ཤེས་པ་དེ་ནི་མངོན་བརྗོད་ཀྱི་བག་ཆགས་ལ་བརྟེན་པའི་ཕྱི་དོན་གྱི་སྣང་བ་ཅན་ཡིན་པའི་ཕྱིར། ཡུལ་ལྟོ་ལྡིར་བ་ཉིད་རྗོད་བྱེད་ཀྱི་སྒྲ་དེའི་འཇུག་གཞིར་དོན་དམ་དུ་མེད་པ་ནི་སྔར་གྱི་དབང་ཤེས་དེའི་སྣང་ཚུལ་ལྟར་མ་གྲུབ་པ་དང་གནད་གཅིག་ཏུ་སོང་ཡོད་དོ།།
གང་ལྟར་ཕྱོགས་གླང་གི་ལྟ་བའི་འདོད་ཚུལ་དེ་དང་། <<བརྒྱད་སྟོང་དོན་བསྡུས་>> སུ་ཡང་།
“ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །
བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །”
ཞེས་ཤེར་མདོའི་དགོངས་པ་མཚན་ཉིད་གསུམ་གྱི་སྟེང་ནས་བཀྲལ་རྒྱུ་ཡིན་པ་གསུངས་པ་སོགས་ལས་ཁོང་ཉིད་ཀྱི་རྩ་བའི་དགོངས་ཕྱོགས་ཐོགས་མེད་སྐུ་མཆེད་དང་མཐུན་པ་ཤིན་ཏུ་གསལ་ན་ཡང་། ཁོང་ཉིད་ལྟ་གྲུབ་ཡོད་ཚད་ཀྱི་ཆ་ནས་ཐོགས་མེད་ཀྱི་རྗེས་འབྲང་པ་འབའ་ཞིག་ཏུ་སྨྲ་ན་ནི་ནོར་བ་ཆེན་པོ་སྟེ། ཐོགས་མེད་ཀྱིས་རྩལ་བཏོན་ནས་གཏན་ལ་ཕབ་པའི་ཀུན་གཞིའི་རྣམ་གཞག་ཁོང་གིས་མི་འདོད་པར་རྣམ་ཤེས་ཚོགས་དྲུག་ཏུ་ཁས་ལེན་པ་དང་། ཐོགས་མེད་སྐུ་མཆེད་ལྟར་མཐར་ཐུག་ཐེག་པ་གསུམ་གྲུབ་ཀྱང་ཁས་མི་ལེན་པར་རིག་པའི་ཐོག་མཐའ་ཐུག་མེད་ཡིན་པའི་རྒྱུ་མཚན་ལ་གཞི་བཅོལ་ཏེ་མཐར་ཐུག་ཐེག་པ་གཅིག་གྲུབ་ཏུ་འདོད་པས་ཀྱང་དེའི་རྗེས་སུ་འབྲང་རྐྱང་བྱེད་མཁན་མིན་པ་གསལ་ལོ།།
ཡང་ <<རྒྱ་གར་ཆོས་འབྱུང་>> ལས། “ཨོ་ཊི་བི་ཤའི་ཡུལ་ནགས་ཚལ་ཤིན་ཏུ་དབེན་པའི་ཕྱོགས་གཅིག་བྷོ་ཏ་སེ་ལ་ཞེས་བྱ་བའི་བྲག་རིའི་ཕུག་ཏུ་བཞུགས། རྩེ་གཅིག་ཏུ་བསམ་གཏན་ལ་རྩོལ་བར་མཛད་དོ། །ལོ་འགའ་ཞིག་འདས་པ་ན། དཔལ་ནཱ་ལནྡཱར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང་། དེར་བྲམ་ཟེ་སུ་དུ་ར་ཛ་ཡ་ཞེས་བྱ་བ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་པར་དཀའ་བ་ཞིག་ཀྱང་འདུས་ཏེ། དེར་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་སོ། །མུ་སྟེགས་དེ་ལན་གསུམ་དུ་ཕམ་པར་བྱས་ཤིང་། དེར་འཚོགས་པའི་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཀྱང་རེ་རེ་ནས་སུན་ཕྱུང་” ཞེས་བཤད་པ་ལྟར། རིམ་གྱིས་ཁོང་གི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་ཅིང་། རེ་ཞིག་བར་ནཱ་ལནྡཱར་བཞུགས་ནས་མདོ་སྡེ་དུ་མའི་ཟབ་དོན་འཆད་དེ་སློབ་མ་བསྐྱངས་པ་དང་། ལྷག་པར་དུ་ཁོང་ནཱ་ལནྡཱར་བཞུགས་རིང་ལ། ཆོས་མངོན་པའི་འཆད་ཉན་ཤིན་ཏུ་དར་བར་བྱས་ཡོད་སྐད་འདུག་ལ། དེ་རྗེས་སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་གཤེགས་ཏེ་བསམ་གཏན་ལ་གཅིག་ཏུ་བརྩོན་པར་མཛད་དོ།།
དེ་ཡང་ <<ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་>> ལས། “རང་གི་རབ་ཏུ་བྱེད་པ་རིགས་པའི་སྒོ་ལ་སོགས་པ་རྣམས་ལས་འདིར་གཅིག་ཏུ་བཏུས་ཏེ་ཚད་མ་ཀུན་ལས་བཏུས་པ་རྩོམ་པར་བྱའོ། །” ཞེས་གསུངས་པ་བཞིན། སྐབས་དེ་ཤེད་ཅིག་ཏུ་ཁོང་གི་ཐུགས་སུ། ནང་པ་རྣམས་ལ་ཡང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཚད་མ་རིག་པའི་གཞུང་ལུགས་ཤིག་མཁོ་གལ་ཆེ་བར་དགོངས་ནས། སྔར་རང་ཉིད་ཀྱིས་བྲིས་པའི་གཞུང་ལུགས་ཐོར་བུ་དག་ཏུ་བྲིས་པའི་བརྗོད་བྱའི་དོན་རྣམས་གཅིག་ཏུ་བསྒྲིལ་ཏེ། བསྟན་བཅོས་ཆེན་མོ་ <<ཚད་མ་ཀུན་ལས་བཏུས་པ་>> བརྩམས་པ་རེད། དེ་ནི་སློབ་དཔོན་ཁོང་གི་བརྩམས་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་ལ། ནང་བསྟན་ཤེས་རིག་དར་འཕེལ་གྱི་ལོ་རྒྱུས་ཁྲོད་དུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པའི་གྲགས་ཅན་ལེགས་བཤད་ཅིག་ཀྱང་ཡིན་པ་རེད། བསྟན་བཅོས་དེར་ཁོང་གིས་ནང་པའི་སློབ་དཔོན་སྔ་མས་བཏོན་པའི་གཏན་ཚིགས་ཀྱི་འགྲོ་ཕྱོགས་རྨང་གཞིར་བཟུང་བའི་སྟེང་། རིག་པ་ཅན་པ་དང་། དཔྱོད་པ་བ་སོགས་གྲུབ་མཐའ་གཞན་གྱི་གཏན་ཚིགས་རིག་པའི་གཞུང་གི་ལེགས་ཆ་ཡང་བསྡུས་ཤིང་། རང་གི་རིགས་སྟོབས་ཀྱི་མྱོང་བ་དང་ཤེས་རབ་ཀྱི་འཆར་སྒོ་གང་མང་ཞིག་བསྣན་ནས་བྲིས་ཡོད་པར་བརྟེན། ནང་པའི་རིགས་ལམ་གྱི་ཁྱད་ཆོས་མཚོན་པའི་ཚད་མ་རིག་པའི་གཞུང་ལུགས་གསར་པ་ཞིག་ཏུ་གྲུབ་ཡོད་པས། དེ་ནས་བཟུང་ནང་པ་རྣམས་ལའང་ཚད་མ་རིག་པའི་གཞུང་ལུགས་འཐུས་ཚང་ཞིག་མེད་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་པ་རེད།
སློབ་དཔོན་གྱིས་གཞུང་ལུགས་འདི་རྩོམ་པའི་དུས་ནི་རྒྱ་གར་གྱི་ལོ་རྒྱུས་ངོས་ནས་བལྟས་ན། སྦས་པའི་རྒྱལ་རབས་ཀྱིས་རྒྱ་གར་ཡོངས་རྫོགས་གཅིག་གྱུར་གྱི་སྲིད་དབང་བཙུགས་ཏེ། སྲིད་འབྱོར་རིག་གསུམ་གང་ཐད་ནས་དར་འཕེལ་གྱི་སྐྱེ་སྟོབས་སྨིན་བཞིན་པའི་སྒང་ཡིན་པར་ངེས་ཏེ། <<གསེར་ཐང་ལས་>> “གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་འདི་རྒྱ་གར་གྱི་རྒྱལ་ཁམས་ཆ་གང་ཐད་ནས་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དར་བའི་སྐབས་ཡིན་པར་གྲགས་ཤིང་། རྟ་དབྱངས་དང་ཕྱོགས་གླང་ལ་སོགས་པའི་སངས་རྒྱས་པའི་སློབ་དཔོན་ཆེན་པོ་དག་ཀྱང་ཕལ་ཆེར་རྒྱལ་རྒྱུད་ཚུགས་ཙམ་ན་ཡིན། ནག་མོ་ཁོལ་ལ་སོགས་པའི་སྙན་དངགས་(མཁན་)ཆེན་པོ་དང་། གཞན་ཡང་རྒྱ་མཚོ་སྦས་པའི་མདུན་སར་གནས་པའི་མཁས་པ་བིར་སེན་དང་ཧིར་སེན་ལ་སོགས་པ་སའི་རྒྱན་ལྟ་བུ་དག་ཀྱང་དེ་དུས་བྱོན།” ཞེས་གསུངས་པ་ལྟར། དུས་རབས་བཞི་པའི་དཀྱིལ་ཙམ་ལ་བྱུང་བའི་སྦས་པའི་རྒྱལ་རབས་ཀྱིས། མཽརྱའི་རྒྱལ་རབས་ཐོར་རྗེས་སུ་ལོ་བརྒྱ་སྐོར་ཁ་ཤས་ལ་སིལ་བུར་གནས་པའི་རྒྱ་གར་ཡོངས་རྫོགས་གཙོ་བོ་དམག་ཤུགས་ལ་བརྟེན་ནས། གཅིག་གྱུར་གྱི་སྲིད་དབང་བཙུགས་རྗེས། དུས་གང་འཚམ་ཞིག་གི་རིང་ཆབ་སྲིད་ཀྱི་གནས་བབ་ཐད་ནས་བརྟན་ལྷིང་དང་ཞི་འཇགས་བྱུང་ཡོད་པས། ཞིང་ལས་གཙོ་བོར་གྱུར་པའི་དཔལ་འབྱོར་ཐོན་སྐྱེད་ལའང་འཕེལ་རྒྱས་ཆེན་པོ་བྱུང་བར་མངོན་ལ། ལྷག་པར་དུ་སྐབས་དེར་རྩོམ་རིག་དང་། བཟོ་རིག་ལ་སྔ་ན་མེད་པའི་དར་རྒྱས་ཆེན་པོ་བྱུང་ཡོད་པ་རེད། ཨུ་རུ་སུའི་མཁས་པ་ཧྲོའར་པཱ་ཚེས་བཤད་ན། མཚན་ཉིད་རིག་པའི་ཆ་ནས་ཀྱང་སྐབས་དེ་ནི་རྒྱ་གར་གནའ་རབས་ཀྱི་ལོ་རྒྱུས་ནང་འཕེལ་རྒྱས་ཀྱི་རྩེ་མོར་སོན་པའི་དུས་ཡིན་ནོ་ཟེར།
སྦས་པའི་རྒྱལ་རབས་ཀྱི་རྒྱལ་པོ་ཚོས་མི་དམངས་ལ་རྒྱལ་པོ་ལྷ་ཡིན་པར་སྒྲོག་པའི་དགོས་མཁོ་ལ་བསྟུན་ནས་བྲམ་ཟེའི་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་ཆོས་སུ་གཏན་འབེབས་བྱས་ཤིང་། རིགས་ལ་མཐོ་དམན་གྱི་དབྱེ་བ་གསལ་པོར་བཀར་བས། སྐབས་དེར་རིགས་ཀྱི་ལྟ་བ་ཤིན་ཏུ་གུ་དོག་པོར་སོང་བར་གྲགས། ཡང་ཕྱོགས་གཅིག་ནས། བྲམ་ཟེའི་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་ཆོས་སུ་བཞག་ཡོད་རུང་། ཧིན་རྡུའི་ཆོས་ལུགས། ནང་པའི་ཆོས་ལུགས། གཅེར་བུ་པའི་ཆོས་ལུགས་སོགས་གྲུབ་མཐའ་གཞན་དག་ལ་ཡང་རང་ས་ནས་འཕེལ་རྒྱས་ཀྱི་བར་སྟོང་རེ་རེ་སྟེར་ཡོད་པ་དེས་ནི། སྦས་པའི་རྒྱལ་རབས་ལ་མངའ་བའི་རིག་གནས་སྒམ་དཀྱེལ་གྱི་སྙིང་སྟོབས་མཚོན་ཡོད་ལ། སྦས་པའི་རྒྱལ་རབས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་ཐུབ་པའི་ཆབ་སྲིད་ཀྱི་ངོ་བོ་ཡང་ཤེས་ཐུབ་པ་ཞིག་རེད།
སྦས་པའི་རྒྱལ་རབས་སྐབས་སུ། རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་རྣམས་འཕེལ་ཕྱོགས་ཀྱི་ལམ་བུ་མི་འདྲ་བ་དུ་མར་གྱེས་ཡོད་དེ། ཧིན་རྡུའི་ཆོས་ལུགས་ནི་གཙོ་བོ་མང་ཚོགས་ཀྱི་ནང་དུ་དར་ཞིང་། མི་མང་གི་དད་མོས་ཀྱི་རྨང་གཞི་བརྟན་པོར་སོང་བས་ཕྱིས་སུ་ཁ་ཆེའི་དམག་གིས་རྩ་གཏོར་བྱེད་མ་ཐུབ་པའི་རྒྱུ་མཚན་ཡང་རྩ་བ་དེ་ལ་ཐུག་ཡོད་པར་སྙམ། ནང་པའི་ཆོས་ལུགས་དང་། གཅེར་བུ་པའི་ཆོས་ལུགས་ནི་མཚན་ཉིད་རིག་པའི་ཕྱོགས་ཁོ་ནར་དར་འཕེལ་དུ་སོང་བར་བརྟེན། དེ་གཉིས་ལ་བར་སྐབས་ཤིག་ནས་མི་རྣམས་ཀྱིས་ “མཁས་པའི་ཆོས་ལུགས་” ཞེས་བོས་ཏེ། མང་ཚོགས་ཕལ་པའི་ནང་དུ་སྟོབས་ཤུགས་གང་ཡང་མེད་པར་ཆགས་པས། ཕྱིས་སུ་ཁ་ཆེའི་དམག་གིས་ཧ་ལམ་རྩ་གཏོར་གཏོང་ཐུབ་པའི་རྒྱུ་རྐྱེན་ཡང་དེ་ནས་བྱུང་བར་སྙམ།
གང་ལྟར་སློབ་དཔོན་འདིས་ནང་བསྟན་ཚད་མ་རིག་པ་གསར་གཏོད་མཛད་པའི་དུས་ནི། ཆོས་ལུགས་གྲུབ་མཐའ་ཕན་ཚུན་བར་རྩོད་པའི་ཐོག་ནས་རིགས་ལམ་བརྗེ་རེས་ཀྱི་གོ་སྐབས་ཤིན་ཏུ་མོད་པའི་དུས་ཤིག་དང་། ཕར་ཚུར་གྱི་ལེགས་ཆ་ལེན་རེས་བྱས་ཏེ་ཕྱི་ནང་གི་གྲུབ་མཐའི་བར་ལ་མཚན་ཉིད་རིག་པའི་རྣམ་གཞག་གཅིག་མཐུན་གྱི་ལྟ་བ་མང་པོ་གྲུབ་པའི་དུས་ཤིག་ཀྱང་ཡིན་པས། ཁོང་གི་བརྩམས་ཆོས་ལ་ཡང་དུས་རབས་དེའི་ཁྱད་ཆོས་ཟུར་མང་པོ་ཞིག་ནས་གྲུབ་ཡོད་དེ། དཔེར་ན། སྔར་གྱི་རྟེན་འབྱུང་སྨྲ་བ་ཀླུ་སྒྲུབ་སོགས་རང་ངོས་ནས་གྲུབ་པའི་ཡོད་པ་ཁས་མི་ལེན་མཁན་གྱི་ཕྱོགས་ལ་དམིགས་ཀྱིས་བཀར་ནས། རང་རིག་གམ་ཤེས་པ་བདེན་གྲུབ་ཀྱི་ལྟ་བ་ཞིག་ཐོགས་མེད་ཀྱིས་བཏོན་ཡོད་པ་དེ་ནི། སྐབས་དེའི་རྒྱ་གར་སྤྱིའི་མཚན་ཉིད་རིག་པའི་རྣམ་པ་མཚོན་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅེས་ཕྱི་གླིང་གི་ཞིབ་འཇུག་པ་འགས་བཤད་ཡོད་པ་ལྟར་ཆ་བཞག་ན། <<ཀུན་བཏུས་>> སོགས་ཕྱོགས་གླང་གི་བརྩམས་ཆོས་རྣམས་ལས་དེ་ཉིད་འཐད་ཕྱོགས་སུ་བཟུང་ཡོད་པ་དེས་ཀྱང་སྐབས་དེའི་རྒྱ་གར་སྤྱིའི་ལྟ་བའི་ཁྱད་ཆོས་ཤིག་མཚོན་ཡོད་པར་སྙམ།
སློབ་དཔོན་ཐོགས་མེད་ཀྱིས། གདགས་གཞིའི་ངོས་ནས་མྱོང་ཙམ་དུ་གྲུབ་པ་དེ་ཡུལ་གྱི་རྐྱེན་ལ་མི་ལྟོས་པའི་རང་རིག་གི་ཤེས་པ་ཞིག་ཡོད་པར་སྨྲས་པ་དེས། གཞན་དབང་བདེན་གྲུབ་ཡིན་པའི་ལྟ་བའི་ཟུར་ཞིག་གནད་ཆེ་ས་ནས་སྟོན་ཐབས་བྱས་ཡོད་པར་མ་ཟད། དྲན་པ་ཡོད་པའི་རྒྱུ་མཚན་གྱིས་རང་རིག་ཡོད་པར་བསྒྲུབས་པ་ལས་ནི། ཤེས་པ་བདེན་གྲུབ་ཀྱི་ལྟ་བ་དེ་སྐྱེ་བོ་རང་གི་མྱོང་སྟོབས་ཀྱིས་ཐག་གཅོད་དགོས་པའི་གཏན་ཚིགས་ཀྱི་འགྲོས་ཤིག་ཀྱང་བཏོན་ཡོད་པ་རེད།
རྒྱུ་མཚན་དེར་བརྟེན། དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་སྲོལ་འབྱེད་དུ་གྲགས་པའི་ཟླ་བ་གྲགས་པས་ཀྱང་། དེ་ཉིད་གལ་ཆེ་ཤོས་ཤིག་ཏུ་བརྩིས་ནས་ <<དབུ་མ་འཇུག་པ་>> རུ་རང་རིག་གི་འདོད་ཚུལ་དེ་ལ་དགག་པ་ཆེན་པོ་བཏང་བས། ད་ལྟ་ཡོངས་གྲགས་སུ་དབུ་མ་ཚད་འགོག་ཅེས་གྲགས་པའི་གཞུང་ཚན་དེ་བྱུང་བ་རེད། གར་ལྟར་རང་རིག་འདོད་ཚུལ་གྱི་ལྟ་བ་དེ་ནི་རིམ་གྱིས་སྐབས་དེའི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཕལ་མོ་ཆེས་ཁས་བླངས་པས་དུས་རབས་ཤིག་གི་མཚན་ཉིད་རིག་པའི་ངོ་བོ་མཚོན་ཐུབ་པ་ཞིག་ཏུ་གྱུར་ཡོད་པར་སྙམ་ཞིང་། ད་རུང་ཕྱིས་སུ་ཞི་འཚོ་སོགས་བདེན་མེད་སྨྲ་བ་འགས་ཀྱང་རང་རིག་ལ་འཐད་པའི་རྣམ་འགྱུར་བཟུང་ཡོད་པ་དེར་འདང་རྒྱག་རྒྱུ་ཆེ་བར་སྣང་།
ཡང་བཤད་ན། རང་རིག་གི་ཤེས་པ་འདོད་པའི་ལྟ་བ་ཐོགས་མེད་ནས་འགོ་ཚུགས་པར་སྨྲས་པ་འདི་ཡང་ཡོངས་གྲགས་ཀྱི་དབང་དུ་བྱས་པ་མ་གཏོགས། ཞིབ་ཏུ་བརྟག་ཚེ། སྐུ་མཆེད་ཀྱི་གཞུང་གང་ནས་ཀྱང་རང་རིག་གི་སྐོར་མཐོང་ལམ་དུ་མ་སོན་པས་དེ་ལ་དཔྱད་རྒྱུ་ཆེ། རང་རིག་འགོག་མཁན་གྱི་ནང་པའི་གྲུབ་མཐའ་ནི་དབུ་མ་ཐལ་འགྱུར་བ་དང་། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ཙམ་མ་ཡིན་ཏེ། ཕྱིས་ཀྱི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱང་རང་རིག་ཁས་མི་ལེན་པ་ཡིན། འོན་ཀྱང་གྲུབ་མཐའ་དེ་དག་གིས་རང་རིག་དགག་པའི་རྒྱུ་མཚན་ནི་ཡོངས་སུ་ཐ་དད་པ་སྟེ། བྱེ་སྨྲས་ནི་དབང་ཤེས་ལྟ་བུ་ཡུལ་ལ་རྣམ་མེད་རྗེན་འཆར་དུ་འཇུག་པ་ཁས་ལེན་པས། ཕྱི་རོལ་གྱི་ཡུལ་སྔོན་པོ་ཞིག་ཟིན་པའི་རྗེས་སུ་སྔོན་འཛིན་ཤེས་པའི་སྟེང་ན་སྔོན་པོའི་འདྲ་རྣམ་མམ་གཟུང་རྣམ་ཞིག་ཡོད་པར་མི་འདོད་པར་བརྟེན། གཟུང་བའི་རྣམ་པ་དེའི་ངོས་གཞན་ཞིག་ལ་འཛིན་རྣམ་མམ་རང་རིག་ཏུ་བཏགས་པའི་ཤེས་པའི་ཤེས་པ་དེ་འདྲ་ཡང་ཁས་མ་བླངས་པ་ཡིན་ནོ།།
“མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མ་གཉིས་ནི་ཁོ་ནའོ། །”
ཞེས་པ་ལྟར། <<ཚད་མ་ཀུན་བཏུས་>> སུ། ཚད་མའི་སྣང་ཡུལ་གྱི་གཞལ་བྱའི་གནས་ལ་རང་མཚན་དང་སྤྱི་མཚན་གཉིས་སམ། རྒྱུ་རྐྱེན་ལས་སྐྱེས་པའི་རྫས་གྲུབ་ཅིག་དང་། རྒྱུ་ལས་མ་སྐྱེས་པའི་རྟག་པ་གཉིས་སུ་ཡོད་པ་ཡིན་ཕྱིར། དེ་གཉིས་སོ་སོར་སྣང་ཡུལ་དུ་བྱེད་པའི་ཚད་མ་ལ་ཡང་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་སུ་ཡོད་པར་བཤད་དེ། མངོན་སུམ་དང་། རྗེས་དཔག་གཉིས་ནི་ཡུལ་གྱི་ཁྱད་པར་དང་། འཇུག་ཚུལ་གྱི་ཁྱད་པར་དང་། བྱེ་བྲག་གི་རབ་དབྱེ་སོགས་ཀྱི་སྒོ་ནས་ཤིན་ཏུ་རྒྱས་པར་གཏན་ལ་ཕབ་ཡོད། ཡང་ <<ཚད་མ་ཀུན་བཏུས་>> སུ།
“ཚུལ་གསུམ་རྟགས་ལས་དོན་མཐོང་བའོ།།”
ཞེས་བྲིས་ཡོད་པ་ལྟར། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་དོན་ལ་བཞག་པ་དེ་ནི་སློབ་དཔོན་འདིའི་ལུགས་ཀྱི་ཚད་མ་རིག་པའི་ལྟ་བའི་སྲོག་ཤིང་ཡིན་པས། <<ཚད་མ་ཀུན་བཏུས་>> ཉིད་ཀྱང་། དོན་གང་ཞིག་སྒྲུབ་བྱེད་ཀྱི་གཏན་ཚིགས་གང་ཡིན་པ་དེ་བསྒྲུབ་བྱ་དེ་ཉིད་སྒྲུབ་པའི་གཏན་ཚིགས་རྣམ་དག་ཡིན་མིན་གྱི་ཚད་གཞི་ནི། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཡིན་མིན་གྱི་སྒོ་ནས་ཐག་བཅད་ཡོད་པ་སོགས་ལྟ་གྲུབ་གསར་པའི་ཁྱད་ཆོས་དུ་མས་ཕྱུག་ཡོད་དོ།།
སློབ་དཔོན་འདིས་སྤྱིར་གཞལ་བྱའི་གནས་ལ་མངོན་གྱུར་དང་། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་གསུམ་གྱི་དབྱེ་བ་མཛད་ནས། གཞལ་བྱའི་གནས་དེ་དག་ལ་དཔྱོད་པའི་རིགས་ལམ་གྱི་སྒོ་ཞིབ་ཚགས་སུ་བཏོན་པ་དེས། ཚད་མ་ལ་མངོན་སུམ་གཅིག་པུ་དང་། གཞལ་བྱ་ལ་རང་མཚན་གཅིག་པུ་འདོད་པའི་སྐབས་དེའི་གྲུབ་མཐའ་སྨྲ་བ་རྒྱང་འཕེན་གྱི་ལྟ་བར་ཚད་ངེས་ཅན་ཞིག་ནས་སུན་འབྱིན་ཆེན་པོ་གནང་ཡོད་པ་རེད།
སོ་སོའི་སྐྱེ་བོ་རང་ག་བས་མངོན་སུམ་དུ་རྟོགས་ཐུབ་པའི་ཆོས་ཏེ། ཀ་བ་བུམ་པ་སོགས་ནི་གཞལ་བྱའི་གནས་དང་པོ་སྟེ་མཐོང་བ་མངོན་གྱུར་ཡིན་པ་དང་། དེ་འདྲའི་ཀ་བུམ་སོགས་འདུས་བྱས་ཀྱི་ཆོས་དག་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བཞིན་པའི་གནས་ཚུལ་ལྟ་བུ་ནི་སྐྱེ་བོ་རང་ག་བས་མངོན་སུམ་དུ་རྟོགས་མི་ཐུབ་ནའང་། མངོན་སུམ་དུ་རྟོགས་མི་ཐུབ་པ་དེ་ཙམ་གྱིས་དེ་ཉིད་མེད་པར་ཐག་གཅོད་མི་འོས་པར་མ་ཟད། ཀ་བུམ་སོགས་རྒྱུ་རྐྱེན་གྱིས་བྱས་པ་ཡིན་པའི་རྒྱུ་མཚན་ལ་བསམས་ན། རྫས་གྲུབ་ཀྱི་ཆོས་དེའི་རྒྱུ་འབྲས་ཀྱི་ངོ་བོ་དག་ལ་སྔ་ཕྱིའི་སྐད་ཅིག་བཞིན་འགྱུར་བ་ཞིག་ངེས་པར་འགྲོ་གི་ཡོད་པ་དཔོག་ཐུབ་ཕྱིར་དེ་ནི་གཞལ་བྱའི་གནས་གཉིས་པ་སྟེ། དངོས་སྟོབས་ཀྱི་རྟགས་ལ་བརྟེན་ནས་རྟོགས་དགོས་པའི་ཅུང་ཟད་ལྐོག་གྱུར་ཡིན་པར་བཤད་དེ། བདག་མེད་པའི་ལྟ་བ་དང་། ཐར་པ་དང་། ཐམས་ཅད་མཁྱེན་པ་སོགས་ཀྱང་དེའི་ཁོངས་སུ་བཅུག་ཡོད།
གཞལ་བྱའི་གནས་གསུམ་པ་ཤིན་ཏུ་ལྐོག་གྱུར་ནི། སྦྱིན་པ་ལས་ལོངས་སྤྱོད་དང་ཚུལ་ཁྲིམས་ལས་བདེ་འགྲོར་སྐྱེ་བ་ལྟ་བུ་སྟེ། ལུང་ཙམ་གྱིས་བསྒྲུབ་དགོས་པ་ལས་དངོས་སྟོབས་ཀྱི་རིགས་པས་དཔྱད་ཐབས་མི་རྙེད་པ་དག་བཞག་ཡོད་པ་རེད། འོ་ན་ལུང་དེ་རྫུན་མིན་པར་ཅི་ལྟར་ཤེས་དགོས་ཟེར་ན། ལུང་དེ་སྨྲ་བ་པོས་དེ་ལྟར་སྨྲས་པ་དེ་ཁོ་རང་གི་སྒེར་གྱི་དམིགས་ཡུལ་ཞིག་གི་ཆེད་ཡིན་མིན་དང་། ལུང་དེ་དཔྱད་པ་གསུམ་གྱིས་དག་ཐུབ་མིན། ལུང་དེར་རང་ཚིག་སྔ་ཕྱི་འགལ་བའི་གནོད་བྱེད་ཡོད་མེད། སྨྲ་བ་པོ་ཁོར་རྒྱུན་དུ་རྫུན་སྨྲ་བའི་གོམས་གཤིས་ཡོད་མེད་སོགས་ལ་བརྟགས་ནས་དེ་ལྟར་མེད་པ་ཐག་ཆོད་ཚེ། ཡིད་ཆེས་ཀྱི་ཡུལ་དུ་འཛིན་རྒྱུ་ཡིན་པ་བཤད་ཡོད།
དེ་ལྟ་ <<ཚད་མ་ཀུན་བཏུས་>> ལ་སྔར་མེད་པའི་རིགས་ལམ་གྱི་ཁྱད་ཆོས་རྒྱ་ཆེན་འཛོམས་ན་ཡང་། སློབ་དཔོན་རང་ཉིད་ཞལ་འཚོ་བའི་སྐབས་སུ་ནི། བསྟན་བཅོས་དེའི་རིན་ཐང་ལ་གདེང་འཇོག་དོན་མཐུན་ཞིག་ཐོབ་མེད་པར་མ་ཟད། ཐ་ན་མི་ཕལ་ཆེ་བ་ཞིག་གིས་སྡང་བའི་རྣམ་འགྱུར་ཡང་བཟུང་ཡོད་པར་གསལ་ཏེ། སློབ་དཔོན་འདིའི་རྗེས་འབྲང་མཁས་པ་ཆོས་ཀྱི་གྲགས་པས་ “སློབ་དཔོན་ལ་སྡང་བ་བཟློག་པའི་ཕྱིར་” ཞེས་ཡང་དང་ཡང་དུ་བྲིས་ཡོད་པ་མ་ཡིན་ནམ། ཁོ་བོས་བསམས་ན། སྐབས་དེའི་མི་མང་པོ་ཞིག་གི་སེམས་སུ་སློབ་དཔོན་འདིས་ཕྱི་རོལ་པའི་ལྟ་ཚུལ་མང་པོ་ཞིག་ནང་པའི་འདོད་པ་དང་བསྲེས་ཡོད་པ་ལྟ་བུ་ཞིག་གི་གོ་བ་བླངས་ནས་སྡང་བ་མིན་ནམ་སྙམ། མི་གཞན་དག་ལྟ་ཅི། ཐ་ན་སློབ་དཔོན་རང་ཉིད་ཀྱི་དངོས་སློབ་དབང་ཕྱུག་སྡེས་ཀྱང་ཚུལ་དྲུག་ཚང་བ་རྟགས་ཡང་དག་གི་དོན་དུ་སྨྲ་བར་བྱེད་པ་ལ་བརྟགས་ན། དོན་དངོས་ཐོག་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་ཚད་དུ་འཇོག་པའི་སློབ་དཔོན་གྱི་འདོད་པ་དང་དུ་ལེན་ཐུབ་མེད་པ་ཡིན་པས། རེ་ཞིག་བར་ <<ཚད་མ་ཀུན་བཏུས་>> ཀྱི་འཕྲིན་ལས་དར་མེད་པ་གསལ་པོ་རེད་སྙམ།
ཨུ་རུ་སུའི་མཁས་པ་ཧྲོའར་པཱ་ཚེས་བརྩམས་པའི་ <<སངས་རྒྱས་ཆོས་ལུགས་ཀྱི་གཏན་ཚིགས་རིག་པ་>> ལས་ནི། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་ལོ་རྒྱུས་དེ་དུས་རིམ་མི་འདྲ་བ་གསུམ་དུ་བཀར་ནས་བཤད་ཡོད་དེ། སྟོན་པ་ཤཱཀྱ་ཐུབ་པ་བྱོན་ནས་ཁོང་གིས། སྐྱེ་བོ་གང་ཟག་གི་གྲུབ་ཆ་ལ་གཏིང་ཟབ་པའི་དཔྱད་བརྗོད་མཛད་དེ། བདག་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་ཏེ་ཕུང་པོ་ལྔ་པོ་གང་རུང་ལ་བཏགས་པའི་གཞན་རྟེན་གྱི་གཞི་གྲུབ་ཅིག་ཡིན་པས་རང་སྐྱ་ཐུབ་པའི་བདག་མེད་པ་དང་། གྲུབ་ཆའི་དངོས་པོ་དེ་དག་གི་རང་བཞིན་ལ་ཡང་རང་རང་གི་མཚན་ཉིད་དང་བྱེད་ལས་མི་འདྲ་བའི་དབྱེ་བ་མཛད་དེ་རང་གི་ཐུན་མིན་གྱི་ལྟ་གྲུབ་ཅིག་བྱུང་བ་ནི། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་དུས་རིམ་དང་པོ་ཡིན་པ་དང་། དེ་རྗེས་ལོ་ལྔ་བརྒྱ་ཡས་མས་ཤིག་ཏུ། ཀླུ་སྒྲུབ་སོགས་ཀྱིས་རྟེན་འབྱུང་གི་གོ་བ་རྒྱ་ཆེ་རུ་བཏང་བའི་རིགས་པ་ལས། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་བདེན་པར་མེད་པའི་ལྟ་བ་བྱུང་བའི་དུས་ཡིན་པ་དང་། དེ་རྗེས་སྦས་པའི་རྒྱལ་རབས་ཀྱི་སྐབས་སུ། ཐོགས་མེད་སྐུ་མཆེད་ཀྱིས་ཆོས་ཐམས་ཅད་རྣམ་པ་རིག་པ་ཙམ་དུ་སྨྲས་ཤིང་། རང་རིག་གི་ཤེས་པ་འདོད་པའི་གྲུབ་མཐའ་བྱུང་བ་ནས། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་དུས་རིམ་གསུམ་པའི་འགོ་ཚུགས་པ་ཡིན་ཚུལ་བཤད་ཡོད།
བཤད་ཚུལ་དེ་ཉིད་ཀྱི་འགྲོས་དང་སྦྱར་ནས་བལྟས་ན། སློབ་དཔོན་ཕྱོགས་གླང་གིས་ནང་བསྟན་ཚད་མ་རིག་པའམ་ནང་བསྟན་གཏན་ཚིགས་རིག་པའི་སྲོལ་བཏོད་པའི་དུས་ཚོད་ནི། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་དུས་རིམ་གསུམ་པའི་ནང་དུ་ཁེལ་ཡོད་པ་ཡིན་པས། དུས་རིམ་སྔ་ཕྱི་དེ་དག་གི་མཚན་ཉིད་རིག་པའི་དཔྱད་པ་གཏོང་ཚུལ་དང་། ཆོས་དང་ཆོས་ཉིད་ཀྱི་རབ་དབྱེ་འདོད་ཚུལ་རྣམས་ལས་ནི་སློབ་དཔོན་ཕྱོགས་གླིང་གིས་བསམ་བློ་དང་ལྟ་བ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་སྨོས་ཅི་ལ་དགོས།
ལྷག་ཏུ་གལ་ཆེ་བ་ཞིག་ནི། ཕྱོགས་སྒྲའི་རྩོད་ལན་དང་དེའི་བྱུང་རིམ་ལ་ཞིབ་འདང་རྒྱག་དུས། སྐབས་དེའི་རྒྱ་གར་དུ་མིང་ཚིག་གསར་པ་གཅིག་ཙམ་བཟོ་དགོས་ན་ཡང་ཞིབ་ཚགས་དང་ནན་ཏན་ཅི་ཙམ་ཡོད་པ་གསལ་པོར་མཐོང་ཐུབ་པ་རེད། སྤྱིར་བཏང་ “ཕྱོགས་སྒྲའི་རྩོད་ལན་” ནི་རྩོད་གྲྭ་ཡོད་པའི་བོད་ཀྱི་དགོན་སྡེ་ཚོའི་ཆོས་རའི་ནང་ན་རླུང་ལྟར་གྲགས་པ་ཞིག་ཡིན་ནའང་། བོད་ཀྱི་རྩོད་པ་ནི་བོད་ཀྱི་རྩོད་པ་རང་ཡིན་པས། དུས་ད་ལྟ་ཡང་རྟགས་ཚུལ་དང་པོར་ཕྱོགས་ཀྱི་སྒྲས་བསྟན་རིགས་མི་རིགས་ཁོ་ན་རྩོད་ཅིང་ས་ལྡིང་གནམ་ལྡིང་བྱེད་ཀྱི་ཡོད་པ་ལས་གཞན། ཕྱོགས་སྒྲའི་རྩོད་པའི་རྒྱབ་ན་མཁས་པ་རང་ཚུགས་ཅན་ཞིག་གི་རྔུལ་ཆུ་དང་འདྲེས་པའི་གསར་གཏོད་ཀྱི་སྤོབས་པ་དང་། ཕྱོགས་སྒྲའི་རྩོད་པའི་ནང་ན་མི་བུ་བློ་རིག་ཅན་ཞིག་གི་འཆར་སྒོ་ལས་ཐོན་པའི་ཤེས་རབ་ཀྱི་འཇིག་རྟེན་ཞིག་མཐོང་རྒྱུ་ཡོད་པར་སུས་ཀྱང་མཉམ་འཇོག་བྱེད་ག་ལ་སྲིད།
རྟགས་ཚུལ་དང་པོར་ཕྱོགས་ཆོས་ཞེས་པའི་ཐ་སྙད་འདི་ནི་སློབ་དཔོན་ཉིད་ཀྱིས་གསར་དུ་སྦྱར་བ་ཡིན་ངེས་སུ་སྙམ་སྟེ། གལ་ཏེ་ཐ་སྙད་སྦྱོར་སྲོལ་འདི་དེའི་སྔོན་ནས་ཡོད་ན། <<ཚད་མ་ཀུན་བཏུས་>> ལ་བརྩད་པའི་རྩོད་པ་འདི་ཡང་དགྲ་ཤར་དུ་ཡོད་པ་ལ་དམག་ནུབ་ཏུ་བཏང་བའི་དཔེ་རུ་མི་འགྱུར་རམ། གང་ལྟར་དང་པོར་ཐ་སྙད་འདི་བྱུང་ཚེ་དེ་ལྟར་འདོགས་རིགས་མིན་གྱི་རྩོད་པ་བྱུང་བ་ནི། གནའ་བོའི་རྒྱ་གར་གྱི་རིག་གནས་པའི་སྡེ་ལ་སྤྱི་འགྲོས་ཀྱི་མིང་ཚིག་སྦྱོར་ཚུལ་ཞིབ་ཚགས་འཛོམས་པོ་ཞིག་ཡོད་པའི་མཚོན་རྟགས་ཤིན་ཏུ་བརྩི་ཆོག་ནའང་། ཐ་སྙད་འདི་རྒྱུན་འབྱམས་སུ་ཆགས་ནས་མི་ལོ་སྟོང་ལྷག་འགོར་ཟིན་པའི་རྗེས་སུ། གངས་ཅན་པའི་ “རིགས་སྨྲར་” རློམ་མཁན་ཚོས་ད་རུང་རྩོད་པ་རྙིང་པ་འདིའི་རྗེས་ཟློས་བྱེད་ཀྱིན་པ་འདི་ཅི་ཞིག་གི་མཚོན་རྟགས་ཡིན་ནམ།
ངས་བསམས་ན། འུ་ཚོས་ད་ལྟ་རྟགས་ཚུལ་དང་པོར་ཕྱོགས་ཀྱི་སྒྲས་བསྟན་རིགས་མི་རིགས་རྩོད་པ་ནི། ཚ་ཞིང་སྲེག་པའི་དངོས་པོ་ལ་མེ་ཞེས་སྦྱར་རིགས་མི་རིགས་རྩོད་པ་དང་གཉིས་སུ་མེད་དེ། གནའ་ནས་ཐ་སྙད་དེ་ལྟར་སྦྱར་ཅིང་རྒྱུན་འབྱམས་སུ་གྱུར་ཟིན་པ་མཚུངས་པའི་ཕྱིར། མདོར་ན། སློབ་དཔོན་དམ་པ་འདིས་ཡུན་ཐུང་མི་ཚེའི་དུས་ཚོད་གཏན་ཚིགས་རིག་པར་ཕུལ་ཞིང་། སྙིང་སྟོབས་དང་སྤོབས་པ་ཡོད་ཚད་ཤེས་རབ་ཀྱི་ཕྱིར་དུ་ཟད་པས། ཁོང་ཉིད་མི་ཡུལ་དང་ཁ་བྲལ་ནས་ལོ་ཡི་འཁོར་མོ་སྟོང་ལྷག་འདས་ཟིན་ན་ཡང་། ཁོང་གིས་མི་ཡུལ་ལ་མཆོད་སྤྲིན་དུ་བསྟར་བའི་ལེགས་བཤད་གཞུང་ལུགས་རྣམས་ནི་འཇིག་རྟེན་འདིའི་གྲུ་ག་གང་ཞིག་ན་ད་ལྟའང་སྒྲོན་མེ་ལྟ་བུར་མཛེས་པ་ལ་ཨང་།
{༣} བྱམས་བརྩེ་དང་མི་གཞིའི་མཛེས་སྡུག
དུས་རྟག་ཏུ། བྱམས་བརྩེའི་དྲོད་ཁོལ་ནི་མྱངས་ནས་ཟད་པ་མེད་ལ། བྱམས་བརྩེའི་མཛེས་སྡུག་ནི་བལྟས་ནས་ངོམས་པ་ཡོད་མི་སྲིད། གལ་ཏེ་མིའི་རིགས་ཀྱི་ཤེས་རྒྱུད་སྟེང་བྱམས་བརྩེ་ཞེས་པའི་ངོ་མཚར་གྱི་སྟོབས་ཤུགས་དེ་མེད་ན། འཛམ་གླིང་འདིའི་བླ་ན་མེད་པའི་མཚར་སྡུག་གི་ཕྱེད་ཀ་ཡོད་མི་སྲིད་དེ། ས་གཞི་ཆེན་པོའི་པང་ནས་དངོས་སུ་བྱུུང་མྱོང་བའི་ཡིད་འགུལ་རླབས་ཆེན་གྱི་གཏམ་རྒྱུད་ཁྲི་སྟོང་མང་པོའི་རྩ་བ་ནི་བྱམས་བརྩེ་ལས་བྱུང་བ་མ་ཡིན་ནམ།
སེམས་རབ་ཏུ་དགའ་ཞིང་རེ་བས་ཁེངས་པ་ཞིག་ལ། ང་ཚོ་འགྲོ་བ་མི་ཙམ་དུ་མ་ཟད་ཉམ་ཆུང་དུད་འགྲོ་དག་ལ་ཡང་། བྱམས་བརྩེ་སྨིན་པའི་ནང་གི་ས་བོན་ལྷན་སྐྱེས་སུ་ཡོད་པས། འཇིག་རྟེན་རིལ་མོ་འདིར་འཚོ་བའི་སྲོག་ཆགས་ང་ཚོས་རང་ཉིད་ཀྱི་འབྱོར་པ་དེ་རང་ཉིད་ཀྱིས་ལོངས་སྤྱོད་ཤེས་ན། ཞི་བདེ་དང་འཆམ་མཐུན་སོགས་ཀྱི་མིང་ཚིག་འདི་དག་ཡིག་ཐོག་གི་ཁ་གཡང་ཞིག་དང་། ཆབ་སྲིད་ཀྱི་ལག་ཆ་ཞིག་མ་ཡིན་པར། འཚོ་བའི་དྲོད་ཁོལ་ཞིག་དང་མི་ཚེའི་བདེ་སྐྱིད་ཅིག་ཏུ་བསྒྱུར་ཐུབ་པ་གདོན་མི་ཟ་བ་ཡིན། དུས་དང་དུས་སུ་བྱམས་བརྩེའི་སྟོབས་ཤུགས་ལས་ཚེ་སྲོག་གི་བླ་ན་མེད་པའི་མཛེས་པ་ཕྱིར་ངོམ་ཚེ། སྟོང་ཆེན་པོའི་འཇིག་རྟེན་གང་གིས་ཀྱང་ངོ་མཚར་གྱི་མིག་ཟུང་མི་གདངས་པའི་རང་དབང་ག་ལ་ཡོད།
ཡང་མཚམས་ལན་རེར། མི་ཡི་ཤེས་རབ་ཀྱི་སྐྱེ་སྟོབས་དང་། བྱམས་བརྩེ་ཡི་སྨིན་སྟོབས་ཆ་མ་མཉམ་པ་ལས། བྱམས་བརྩེ་དང་བྲལ་བའི་ཤེས་རབ་ཉི་ཚེ་བ་དག་གིས་རང་དང་གཞན་ལ་ཁྲག་དྲི་འཐིབ་པའི་ལོ་རྒྱུས་ཀྱི་སྐྱོ་གར་དྲངས་མྱོང་བའང་ཉུང་ཉུང་ག་ལ་ཡིན། བྱམས་བརྩེ་དང་བྲལ་བའི་བསམ་བློའི་འདུ་ཤེས་དང་། འདུ་ཤེས་དེ་ཡིས་དྲངས་པའི་སྤྱོད་པའི་ལག་ལེན་མང་པོ་ཞིག་གིས་ནི། མི་རྣམས་འཇིགས་རུང་མུན་ནག་གི་ནགས་ཚལ་སྟུག་པོའི་ཀློང་དང་། གཏིང་ཟབ་ཉམ་ང་ཡི་གྲོག་རོང་ཆེན་པོའི་འཇིངས་སུ་འཁྲིད་ངེས་ཏེ། སྔོན་དང་ད་ལྟའི་དུས་སུ། འདོད་རྔམ་ཆེན་པོས་ཁེངས་པའི་མི་དང་མི་ཡི་ཚོགས་པ་སྟོབས་པོ་ཆེ་དག་གིས་རྒྱུ་འབྲས་རྡོག་བརྫིས་ཀྱི་རྩུབ་སྤྱོད་ཡ་ང་བ་དུ་མ་ལག་ཏུ་བསྟར་ཏེ། ཐོས་པ་ཙམ་གྱིས་འཇིགས་པའི་བ་སྤུ་ཟིང་ངེར་འགྲོ་བའི་ལས་ཀ་མང་པོ་མཚམས་མི་ཆད་པར་སྤེལ་དང་སྤེལ་གྱིན་པ་དག་གི་རྩ་བ་ནི། ཐལ་ཆེ་བའི་སྒེར་སེམས་ཤིག་སྟེ། བྱམས་བརྩེས་བརླན་གྱིས་མ་ཟིན་པའི་ཤེས་རབ་ཉི་ཚེ་བ་དག་ལས་ཅི་ཞིག་ཡོད།
དོན་གྱི་དབང་འདི་གཟིགས་ནས། དཔལ་ནཱ་ལནྡཱའི་མཁས་པ་ཚོས་ནི། ཤེས་རབ་ཀྱི་འཇུག་པ་ཡོད་ཚད་བྱམས་བརྩེ་སྨིན་པའི་ཉེར་ལེན་དུ་འགྱུར་བའི་ཐབས་ལ་བརྩོན་པར་བྱས་ཡོད་དེ། ཁོ་པ་ཚོས། བྱམས་པ་དང་སྙིང་རྗེ་སྨིན་པར་བྱེད་པའི་ཤེས་རབ་ཁོ་ན་དོན་གྱི་ཤེས་རབ་ཡིན་གྱི། བྱམས་བརྩེའི་འགལ་ཟླར་འགྲོ་བའི་དཔྱོད་བློ་དག་ནི་ཤེས་རབ་ཉོན་མོངས་ཅན་ཡིན་པས་ཕུགས་ལ་རང་ཉིད་འཕུང་བྱེད་ཀྱི་རྐྱེན་ཁོ་ནའོ་ཞེས་ཡང་ཡང་སྨྲས་ཡོད།
“སེམས་ཅན་གནོད་པར་བྱེད་པ་རྣམས་ལ་ནི་བྱམས་པའི་སེམས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། གནོད་པར་བྱེད་པ་དེ་དག་གི་རང་གི་བསམ་པ་དང་། སྦྱོར་བའི་ཉེས་པས་འཁོན་གྱི་སེམས་སུ་གྱུར་པ་སྤང་བའི་ཕྱིར། གཡོ་དང་སྒྱུ་མེད་པར་ཅི་ནུས་ཅི་ལྕོགས་སུ་ཕན་པ་དང་། བདེ་བ་ཉེ་བར་སྒྲུབ་བོ།” (<<བྱང་ས་>> ལས་དྲངས།) ཞེས་གསུངས་པའི་ཚིག་འདིས་ནི། སློབ་དཔོན་ཐོགས་མེད་རང་གི་མི་ཚེའི་རྩ་དོན་ཡང་བརྗོད་ཡོད་པར་མ་ཟད། ད་དུང་ཚད་ངེས་ཅན་ཞིག་ནས་ནཱ་ལནྡཱ་པ་དག་གི་མི་ཚེའི་ལྟ་བ་ཁྱད་པར་ཅན་ཞིག་མཚོན་ཡོད་ཅེས་ཀྱང་བཤད་ཆོག་པར་སྙམ།
ནཱ་ལནྡཱ་པ་དག་གིས། རང་དང་མཛའ་ཞིང་བཤེས་པའམ་སྙིང་ཉེ་བ་དག་ལ་བྱམས་ཤིང་བརྩེ་བ་ནི། བྱམས་བརྩེའི་ཆེས་དམའ་བའི་རྟོགས་པ་དང་། བདག་ཉིད་ལ་མི་དགའ་བ་མེད་པའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་ཞིང་བྱམས་པ་ནི། བྱམས་བརྩེའི་རྟོགས་པའི་རིམ་པ་གཉིས་པ་དང་། བདག་ཉིད་ལ་གནོད་པར་བྱེད་པའི་སྐྱེ་བོ་རྣམས་ལའང་ཤིན་ཏུ་བྱམས་ཤིང་བརྩེ་བའི་སྒོ་ནས་བཅོས་མིན་གྱི་ཕན་པ་སྒྲུབ་པའི་ལས་སུ་གཞོལ་བ་ནི། བྱམས་བརྩེའི་རྟོགས་པ་[5]མཐོ་ཤོས་སུ་ངོས་བཟུང་ཡོད་ལ། གོང་གི་ <<བྱང་སའི་>> ཚིག་འདི་ལས་ནི་རིམ་པ་གསུམ་པའི་བྱམས་བརྩེའི་སྙིང་སྟོབས་བརྗོད་ཡོད་པ་རེད། དེས་ན་མཚམས་འདི་ནས་ང་ཚོས་ཚིག་དེ་སྨྲ་མཁན་གྱི་སློབ་དཔོན་གང་གི་ལོ་རྒྱུས་དུམ་བུ་ཞིག་ལ་བལྟ་བར་བྱ། ཐེངས་ཤིག་ལ། སློབ་དཔོན་དམ་པ་ཐོགས་མེད་ཅེས་འབོད་པ་ཁོང་གིས། རྒྱ་གར་མཐའ་འཁོབ་ཀྱི་གྲོང་ཁྱེར་ཨ་ཡོ་དྷྱཱ་དང་ཉེ་བའི་རྒྱལ་ཕྲན་ཆུང་ངུ་ཞིག་གི་ཡུལ་དུ་སློབ་མ་རྣམས་ལ་ཆོས་སྟོན་གྱིན་བཞུགས་སྐབས། གར་ལོག་གི་དམག་སླེབས་སོང་བའི་འབོད་སྒྲ་རྣ་བར་གཟན་པ་ཞིག་གཡས་གཡོན་ཀུན་ནས་གྲགས་སོང་། གློ་བུར་དུ་མི་རྣམས་ཟང་ཟིང་ལོང་ལོང་དུ་གྱུར་ཏེ། ཁག་གཅིག་འཇིགས་དངངས་ཆེན་པོས་བྲོས། ཁག་གཅིག་འཐབ་པའི་ལས་སུ་ཞུགས་པར་བྱས།
སྐབས་དེར་སློབ་དཔོན་གྱིས་རང་གི་སློབ་མ་རྣམས་ལ། “ཀྱེ་སློབ་མ་དག །འོ་ཅག་འཆི་བ་ལ་ནི་གང་དུ་ཡང་འབྲོ་ས་མེད་ལ་བྲོས་ཀྱང་མི་ཐར། དེ་བས་བཟོད་པ་ཆེན་པོའི་ངང་གནས་ཏེ་ཐ་མའི་ལུས་སེམས་དོན་ཡོད་པ་གྱིས་ཤིག” ཅེས་གདམས་པས། དགེ་སློབ་དག་ལྷོད་ཤིག་ཤིག་གི་ངང་ནས་ཆོས་དང་ཆོས་ཀྱི་དོན་ལ་ཉན་པར་མཛད་དེ་བཞུགས། རྔུལ་ནག་གི་རླངས་པ་སྐྱ་ཐལ་ཐལ་བྱེད་པའི་རྟ་ཕོའི་རྨིག་སྒྲ་ཁོ་ཚོ་དང་ཇེ་ཉེ་ཇེ་ཉེར་ཕྱིན། འཇིགས་སུ་རུང་བའི་མི་ཕོ་ངམ་གནག་སྐོར་ཞིག་ཉེ་བའི་འཁྲིས་སུ་སླེབས་མ་ཐག་ཁྲག་དམར་གྱི་ཐིགས་པ་ཟག་གིན་པའི་རལ་གྲི་དག་གིས་སྙིང་རྗེ་མེད་པར་ཁོ་ཚོར་གཟས་ནས་གཡུགས་པས། འཇིགས་པ་དང་བག་ཚ་བ་ཅི་ཡང་མེད་པར་བཟོད་པའི་ངང་ནས་འཛུམ་དང་བཅས་སྐྱེས་བུ་འགའ་ཞིག་མི་ཡུལ་དང་བྲལ་བར་གྱུར། རལ་གྲིའི་སོ་ཁ་ན། ཁོང་ཅག་ནི་དེ་འདྲའི་ལྷིང་འཇགས་ཤིག །གསོད་པའི་འཇིགས་སྐུལ་འོག །ཁོང་ཅག་ནི་དེ་འདྲའི་ཞིབ་འཇམ་ཞིག
སྐབས་དེར་གློ་བུར་དུ། ཞེ་སྡང་དྲག་པོ་ལངས་པའི་དམག་དཔོན་ཡང་མིག་ཟུང་ཧད་དེ་ལུས། ཁོས་ཐེ་ཚོམ་ཆེན་པོའི་ངང་། “ཁྱེད་ཅག་མི་འབྲོ་བ་ཅིའི་ཕྱིར་ཡིན། ཅིའི་ཕྱིར་མི་འཐབ་པ་ཡིན། གསོད་པར་བྱས་ནའང་ཁོང་མི་ཁྲོ་བ་ཅིའི་ཕྱིར་ཡིན།” ཞེས་དབུགས་ཐེངས་གཅིག་ལ་དྲི་བ་སྣ་ཚོགས་བཏོན་པར། ཞི་ཞིང་དུལ་བའི་སློབ་དཔོན་གྱིས། “དམག་དཔོན་ཆེན་པོས་ནི་ཞེ་སྡང་ལ་བརྟེན་ནས་དགྲ་འཇོམས་པར་བྱེད་ན་མ་ཤི་བར་དུ་དགྲ་ལ་རྫོགས་མཐའ་མེད། ཁོ་བོ་ཅག་ནི་བྱམས་པ་ལ་བརྟེན་ནས་དགྲ་འཇོམས་པར་བྱེད་ན། དགྲ་ཡི་ལྷག་མ་ཅིར་ཡང་མ་ལུས་པས། ཁོང་ཁྲོ་བའི་གཞི་སུ་ཡང་མི་དམིགས་ན། འཐབ་པའི་ཡུལ་ནི་ལྟ་ག་ལ་ཞིག་” ཅེས་གསུངས་པས། དམག་དཔོན་གྱི་ལག་ཏུ་འཆང་བའི་དཔའ་དམ་ཡང་རང་བཞིན་གྱིས་ས་ལ་ལྷུང་། དད་ཅིང་ཆོས་ཀྱི་བདུད་རྩིས་ཡིད་བརླན་པར་བྱས་སྐད། བཟོད་པའི་མཛེས་སྡུག་དང་བྱམས་བརྩེའི་ཉམས་ལེན་དེ་མིག་ལམ་ནས་དངོས་སུ་བརྒྱུད་པས། སྲིན་པོ་ལྟ་བུའི་གར་ལོག་གི་དམག་དཔུང་ཡང་ཁ་གདངས་ཤིང་མིག་ཅེར་ཏེ་རེ་ཞིག་སྨྲ་བ་མེད་པར་ལུས་ནས་བསྡད་པ་རེད། དེ་ནི་ནཱ་ལནྡཱ་པ་ཚོ་བྱམས་པའི་བདེན་དོན་ལ་ཡིད་ཆེས་པའི་མི་ཚེ་ཡི་ལྟ་བ་ཞིག་རེད་ལ། བྱམས་པ་དང་ཞེ་སྡང་འཐབ་པའི་རྒྱལ་ཕམ་གྱི་ཆོས་ཉིད་ཅིག་ཀྱང་ཅིས་མ་ཡིན།
དཔལ་ནཱ་ལནྡཱའི་ཁོར་ཡུག་ན། གནས་ལུགས་དཔྱོད་པའི་ལྟ་བའི་གཞི་མི་མཐུན་པ་དང་། གྲུབ་མཐའ་འཛིན་པའི་རིགས་ལམ་གྱི་དོན་མི་འདྲ་བ་ཇི་སྙེད་ཅིག་མཆིས་ན་ཡང་། འགལ་བར་གནས་པའི་གྲུབ་མཐའི་མཁན་པོ་དེ་དག་ལ། ཐུན་མོང་གི་མཐུན་ཕྱོགས་གཅིག་ཡོད་པ་ནི། བྱམས་བརྩེའི་ཉམས་ལེན་གྱི་དགེ་མཚན་ལ་བཟུང་བའི་ལྟ་ཚུལ་རེད། ཁོ་ཚོའི་འདོད་ཚུལ་བྱས་ན། བྱམས་བརྩེའི་བདེན་པ་ལས་ནི། སྐྱེ་བོ་དག་གིས་དོན་དམ་པའི་རང་ཉིད་དང་རང་ཉིད་ཀྱི་རིན་ཐང་རྙེད་ཐུབ་ཅིང་། བྱམས་བརྩེའི་སྙིང་སྟོབས་ལས་ནི། སྐྱེ་བོ་དག་གིས་ཞི་བ་ཚད་མེད་ཀྱི་དགའ་སྟོན་ལ་སྤྱོད་ཐུབ་པ་རེད་ཟེར། ཞིབ་ཏུ་བསམས་ན། ནཱ་ལནྡཱའི་བྱམས་བརྩེའི་ལྟ་བ་མང་པོ་ཞིག་བདེན་པར་འདུག་སྟེ། སྔོན་དང་ད་ལྟའི་དུས་སུ། སྲིད་དབང་སྒེར་གཅོད་མཁན་དང་། ལྟ་བ་ཆིག་ཆོད་མཁན་དག་གིས་མི་ཡི་ཐོབ་ཐང་དང་། རང་དབང་རྩིས་མེད་དུ་བཏང་ནས་ཡ་ང་བའི་གདུག་རྩུབ་ཀྱི་སྦྱོར་བ་དྲག་པོས་མི་ཡུལ་ལ་ཁྲག་གི་གཏམ་རྒྱུད་བར་མེད་དུ་འབྲི་བཞིན་པའི་སྐབས་སུ། “བྱམས་བརྩེའི་བདེན་པ་” རྩིག་རྨང་དུ་བཏིང་བ་ལས་སྐྱེས་བུ་སྤོབས་པ་ཅན་ཚོས་མི་ཡི་རང་ངོ་ཐོག་མར་མཇལ་བས། ཁོ་ཚོས་སེམས་ཀྱི་འདུན་པ་བསྲེས་ཤིང་ལག་པའི་དཔུང་རྡང་སྦྲེལ་ཏེ། མི་ཡུལ་ལ་རང་དབང་དང་འདྲ་མཉམ་གྱི་ཕན་བདེའི་འོད་སྣང་དྲངས་པར་མཛད་པའི་ཕྱིར་རོ།།
ཉམ་ཐག་པའི་སྟག་མོ་མ་བུ་མུ་གེའི་འཇིགས་པ་ལས་བསྐྱབ་ཆེད། རྒྱལ་སྲས་གང་ཞིག་གི་རང་ལུས་རིན་ཆེན་ཟས་སུ་བྱིན་པ་དང་། དེ་དང་དེ་འདྲ་བར་འགྲོ་བའི་ལེགས་ཚོགས་དང་ཕན་བདེའི་སླད་དུ། འཛམ་གླིང་ས་ཕྱོགས་ཀུན་ཏུ་གཅེས་པའི་སྲོག་དང་དགའ་བའི་ནོར་སོགས་ཀྱི་མཆོད་སྦྱིན་རབ་ཏུ་མང་པོ་བྱས་དང་བྱེད་ཀྱིན་པ་དེ་དག་ནི། “བྱམས་བརྩེའི་སྙིང་སྟོབས་” ལས་སྨིན་པའི་ལག་ལེན་འབའ་ཞིག་སྟེ། དེ་ནི་ཚེ་སྲོག་གི་ཆེས་བླ་ན་མེད་པའི་མཛེས་སྡུག་དང་ངོ་མཚར་ཅིས་མ་ཡིན།
ཤཱཀྱའི་སྲས་སུ་འཁྲུངས་པའི་རྒྱལ་བུ་རྣམ་དཔྱོད་ཅན་དེས། ཆགས་པ་དང་སྡང་བ་སོགས་སེམས་རྒྱུད་མ་ཞི་བར་བྱེད་མཁན་གྱི་ཤེས་པ་འདི་དག་ནི། སེམས་ཀྱི་ཕྱིས་འབྱུང་གི་གྲུབ་ཆ་འབའ་ཞིག་ཡིན་པ་ལས་སེམས་ཀྱི་རང་གཤིས་དངོས་མིན་པ་དང་། སེམས་ཀྱི་དོན་དམ་པའི་རང་གཤིས་ནི་ཉོན་མོངས་པའི་འདུ་ཤེས་དེ་དག་གི་རང་བཞིན་དང་གཏན་ནས་འདྲེས་མ་མྱོང་བ་ཞིག་ཡིན་པའི་བདེན་དོན་གསལ་པོར་ཤེས་པས། “ཀྱེ་མ། རང་ཅག་ནམ་ཡང་རྒྱུ་མཚན་དང་འགལ་བའི་འཛིན་སྟངས་ཅན་གྱི་བློ་འདི་དག་གི་བྲན་དུ་གྱུར་པ་ནི་ཨ་རེ་གླེན། དེ་བས་བདག་ལེགས་སུ་འདོད་ན། མི་ཡི་དོན་གྱི་རང་གཤིས་སམ། སེམས་ཀྱི་ཡང་དག་པའི་རང་བཞིན་ཕྱིར་མངོན་པར་བྱ་དགོས་སོ། །” ཞེས་སྨྲས་ཏེ། བློ་ཡུལ་ལས་འདས་པའི་བརྩོན་པ་དྲག་པོས་རང་གི་དམིགས་ཡུལ་གྱི་དོན་དེ་མངོན་པར་བསྒྲུབས་པས། མཐར་སེམས་ཉིད་དྲི་མ་སྐྱོན་ཅན་དེ་དག་གི་སྦུབས་ལས་ཡོངས་སུ་གྲོལ་ཏེ། གཏན་དུ་ཞི་བ་མྱ་ངན་ལས་འདས་པའི་ནང་གི་རྟོགས་པ་བདེ་ལེགས་སུ་ཐོབ་ཡོད་སྐད་འདུག་ན། དེ་ནི་ “བྱམས་བརྩེའི་བློ་གྲོས་” ཀྱི་བདག་འབྲས་ཁོ་ན་ལས་གཞན་མིན་པར་ངེས་སོ། །གང་ལྟར་ནཱ་ལནྡཱའི་རིག་གནས་བསམ་བློ་ལྟར་ན། རྨད་བྱུང་སྤྱོད་མཆོག་ཀུན་གྱི་རྩ་བ་གཅིག་པུ་ནི། བཅོས་མིན་གྱི་བྱམས་བརྩེ་ཁོ་ན་ཡིན་པའི་ཕྱིར། མི་ཞིག་ལ་བྱམས་བརྩེའི་སྙིང་སྟོབས་རྣལ་མ་ཞིག་ཡོད་པ་དང་མེད་པ་ལས་ཁོ་ཡི་མི་གཞི་ལ་ངེས་དོན་གྱི་མཛེས་སྡུག་ཅིག་ལྡན་དང་མི་ལྡན་ཐག་གཅོད་པར་བྱེད་དོ།།
དཔལ་ནཱ་ལནྡཱའི་བྱམས་བརྩེའི་དགོངས་དོན་ཞིབ་ཅིང་རྒྱས་པར་གཏན་ལ་ཕབ་ཡོད་པའི་གཞུང་ལུགས་ཀྱི་ཆ་ནས་གླེང་དགོས་ན། <<ཤེར་མདོའི་>> སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་ཕབ་པའི་ <<བྱམས་ཆོས་སྡེ་ལྔ་>> ལས་འཕྲོས་ཏེ། ཐོགས་མེད་སྐུ་མཆེད་དང་། འཕགས་སེང་གཉིས་སོགས་ཕར་ཕྱིན་ལ་མཁས་པའི་པཎ་ཆེན་དག་གིས། རྒྱལ་སྲས་ཀྱི་སྤྱོད་པའི་ཉམས་ལེན་ཞིབ་ཏུ་གསུངས་པའི་སྐོར་སྨྲ་དགོས་པ་ཡིན་ནའང་། ཡིག་ཚོགས་ཀྱི་དབང་གིས་རེ་ཞིག་མཚམས་བཞག་པ་ལགས།
{༤} ལྷ་ཡི་བཀོད་འདོམས་ལ་མགོ་མི་སྒུར་བའི་ཆོས་ལུགས།
རྒྱ་གར་གྱི་གནའ་བོའི་ཆོས་ལུགས་གྲུབ་མཐའ་ཆེན་པོ་དག་སྟེ། ཚངས་པ་བ། ཁྱབ་འཇུག་པ། དབང་ཕྱུག་པ་སོགས་དང་། སངས་རྒྱས་ཆོས་ལུགས་པ་དག་གི་བར་གྱི་ཆེས་མི་འདྲ་ས་ཞིག་ནི། འཇིག་རྟེན་བྱེད་པོའི་ལྷ་ཞིག་འདོད་པ་དང་མི་འདོད་པའི་ཁྱད་པར་ཡིན་ཏེ། གནའ་རབས་ནང་པའི་གྲུབ་མཐའ་སྡེ་གཉིས་ནས་བཟུང་ཕྱིས་ཀྱི་ནཱ་ལནྡཱའི་མཁས་པ་ཚོ་ལ་ཐུག་གི་བར་དུ། ནང་པའི་གྲུབ་མཐའ་སུས་ཀྱང་འཇིག་རྟེན་བཀོད་པ་པོའི་ལྷ་ཞིག་ཁས་ལེན་མྱོང་ཡོད་པ་མ་རེད།
ཕྱི་རོལ་པའི་གྲུབ་མཐའི་མཁན་པོ་རྣམ་དཔྱོད་ལྡན་པ་མང་པོ་ཞིག་གིས། འཇིག་རྟེན་གྱི་ཁམས་ཆེན་པོ་ཞེས་པ་འདིར་ནི། ས་ཆུ་མེ་རླུང་སོགས་ཕྱི་རོལ་ཡུལ་གྱི་རྟེན་འབྲེལ་ངོ་མཚར་བ་དུ་མས་གང་ཡོད་པར་མ་ཟད། དེའི་ནང་དུ་སེམས་ཅན་གྱི་རིགས་མི་འདྲ་བ་སྣ་ཚོགས་དང་། སེམས་ཅན་དེ་ཚོ་རེ་རེར་ཡང་ཁམས་གཤིས་མི་འདྲ་བ་སྣ་ཚོགས་ཡོད་པ་སོགས་སྤྱི་དང་བྱེ་བྲག་གི་ཆོས་ཉིད་མཐའ་ཡས་པ་ཞིག་ཡོད་པའི་ངང་ཚུལ་ལ་བརྟག་ཅིང་དཔྱད་ཚེ། འཇིག་རྟེན་ཁམས་ཆེན་པོའི་དོན་གྱི་རང་བཞིན་དང་། ཚེ་སྲོག་གི་ཡང་དག་པའི་གནས་ལུགས་ནི་ནམ་ཡང་བརྗོད་མི་ཚར་ཞིང་རྟོགས་མི་ཐུབ་པའི་གསང་བའི་མ་ལག་ཆེན་པོ་ཞིག་རེད་ཅེས་ངོས་བཟུང་ནས། མི་ཡི་ཤེས་རབ་ཀྱི་ནུས་པ་ནི་ཚད་ཅན་དུ་ངེས་ཕྱིར་ཐམས་ཅད་མཁྱེན་པའི་ནུས་པ་ཞིག་འཐོབ་མི་སྲིད་ལ། ངོ་མཚར་གྱི་གསང་བ་འདི་དག་གི་རྒྱུ་དང་རྐྱེན་ཡང་ཤེས་བྱའི་རྣམ་པ་རགས་པ་ཞིག་གིས་དཔོག་མི་ཐུབ་པས། དེ་ནི་དོན་གྱི་བྱེད་པ་པོ་ལྷ་ཞིག་གི་སྟོབས་ནུས་ཀྱི་འབྲས་བུར་ངེས་ཤིང་། ལྷ་མཐུ་བོ་ཆེ་དེ་ནི་ནུས་པ་ཐམས་ཅད་དང་ལྡན་པའི་རྟག་པ་རང་བྱུང་གི་དོན་དམ་པའི་བདེན་པའོ་ཟེར།
ནང་པའི་མཁས་པ་ཚོའི་བསམ་ཚུལ་ལྟར་ན། ཚུལ་དེ་སྐད་སྨྲ་བར་བྱེད་པ་ནི་རྟེན་ཅིང་འབྲེལ་འབྱུང་གི་དོན་གྱི་ཟབ་སར་འགྲེལ་བརྗོད་བྱེད་མ་ཐུབ་པའི་འདོད་ཚུལ་རྨོངས་པ་ཞིག་གོ །དངོས་པོ་མཐའ་དག་རྒྱུ་འབྲས་རྟེན་འབྱུང་གི་ཆོས་ཉིད་ཅན་འབའ་ཞིག་ཡིན་ཏེ། རྒྱུ་མེད་ལས་མི་སྐྱེ་བ་དང་གཅིག །མཐུན་པའི་རྒྱུ་མ་གཏོགས་མི་མཐུན་པའི་རྒྱུ་ལས་མི་སྐྱེ་བ་དང་གཉིས། ངེས་པར་དུ་རྒྱུ་ལས་སྐྱེ་བ་དང་གསུམ་ནི། ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་ནང་བཅུད་ཀྱི་སྲོག་ཆགས་སོགས་འདུས་བྱས་ཡོད་ཚད་ཀྱི་ངོ་བོ་དང་བྱ་བྱེད་ཀྱི་ཁྱད་པར་མཐའ་དག་གི་སྐྱེ་འཇིག་གི་དོན་ལ་ཁྱབ་པའི་རང་བཞིན་ཁོ་ན་ཡིན་པའི་ཕྱིར། རྟག་པ་རང་བྱུང་གི་དངོས་པོ་ཞིག་གཏན་ནས་མེད་པས། འཇིག་རྟེན་བྱེད་པ་པོ་ཁོ་རང་གི་གྲུབ་ཚུལ་དེ་ཡང་རྟགས་དང་གཏན་ཚིགས་ཀྱི་ལམ་དང་འགལ་བར་གྱུར་ཡོད་ན། དེས་བསྐྱེད་པའི་སྣོད་བཅུད་ཀྱི་ཆོས་ཤིག་ག་ལ་ཡོད་དེ་ཡོད་པར་མི་རིགས་སོ་ཞེས་སྨྲས་པ་རེད། ལྷག་ཏུ་ཚེ་སྲོག་གི་དོན་གྱི་རང་བཞིན་ནི་ཡ་མཚན་ནོ་སྙམ་དུ་བསམས་ནས། ཡུལ་རང་སྟེང་གི་རྒྱུ་འབྲས་ཀྱི་འགྱུར་བ་ལས་གཞན་པའི་བྱེད་པ་པོའི་ལྷ་ཞིག་འདོད་པ་དེ་ནི། སེམས་སམ་ཤེས་པའི་ངོ་བོ་ཡང་དག་པར་ཁོང་དུ་མ་ཆུད་པའི་གནད་ལ་ཐུག་ཡོད་དེ། གསལ་ཞིང་རིག་པའི་བདག་ཉིད་ཅན་གྱི་ཤེས་པ་ཟེར་བ་འདིའི་རྒྱུ་འབྲས་བྱ་བྱེད་ཀྱི་ཐུན་མོང་མིན་པའི་རྣམ་གཞག་ཡང་དག་པ་ཞིག་བློ་ཡུལ་དུ་ཤར་ན། ཁྱོད་ཀྱིས་ཡ་མཚར་དུ་བརྩིས་པའི་ཚེ་སྲོག་གི་གསང་བ་ཡོད་ཚད་གསལ་རྗེན་དུ་རྟོགས་ཐུབ་ལ། སྐབས་དེར་ཁྱེད་ཀྱིས་དངོས་པོ་དག་གི་སྐྱེ་འཇིག་གནས་གསུམ་གྱི་འཁོར་བསྐྱོད་ཡོད་ཚད་རང་སྟེང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་ཁོ་ནར་བརྟེན་པ་ལས། ལྷ་ཞིག་གམ་བྱེད་པ་པོ་གཞན་ཞིག་གིས་བཀོད་སྒྲིག་བྱེད་ཀྱི་མེད་པ་རྟོགས་ཐུབ་ཅེས་ཡང་དང་ཡང་དུ་བཤད་ཡོད་པ་རེད། སྤྱིར་ན། སྟོན་པ་ཐུགས་རྗེ་ཅན་རང་གི་ཞལ་ནས་གསུང་བའི་མདོ་སྡེ་མང་པོ་དང་། གཞན་དུ་ <<རྩ་ཤེེ་>> <<དབུས་མཐའ་>> <<ཐེག་བསྡུས་>> <<དབུ་མ་འཇུག་པ་>> <<ཚད་མ་ཀུན་བཏུས་>> སོགས་རྒྱ་གར་མཁས་པའི་ལེགས་བཤད་བསྟན་བཅོས་རྣམས་སུ་འཇིག་རྟེན་བཀོད་པ་པོའི་ལྷ་ཡི་རྣམ་གཞག་བཀག་པའི་ཚིག་རིས་ཤིན་ཏུ་མང་པོ་ཞིག་ཡོད་པས་འདིར་རེ་རེ་བཞིན་དྲངས་པར་མི་འདོད།
ནཱ་ལནྡཱའི་སློབ་དཔོན་ཆེན་མོ་ཆོས་ཀྱི་གྲགས་པའི་ <<ཚད་མ་རྣམ་འགྲེལ་>> དང་འབྲེལ་ནས་འདིའི་སྐོར་མདོར་བསྡུས་པ་ཞིག་གླེང་ན་དགོས་པ་ཆེན་པོ་ཡོད་པར་སེམས་པས། དེ་སྐད་འཆད་པ་ལ་འཇུག་པའི་དབང་དུ་བྱས་ན། དེ་ཡང་ཕྱི་ལོའི་དུས་རབས་དྲུག་པའི་སྨད་དང་བདུན་པའི་སྟོད་ཙམ་ལ་བྱོན་པའི་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡའི་ཡུལ་དུ་སྐུ་འཁྲུངས་པ་ཞིག་ཡིན་པར་གྲགས་ཤིང་། <<རྒྱ་གར་ཆོས་འབྱུང་>> དུ་སློབ་དཔོན་འདིའི་བྱིས་དུས་ཀྱི་སློབ་གསོའི་གནས་ཚུལ་འདི་ལྟར་བྲིས་ཡོད། “ཆུང་ངུ་ནས་བློ་གྲོས་ཤིན་ཏུ་སྒྲིན་པས་བཟོའི་གནས་དང་། སྨན་དཔྱད་དང་། བརྡ་སྤྲོད་པ་དང་། མུ་སྟེགས་ཅན་རྣམས་ཀྱི་གྲུབ་པའི་མཐའ་མ་ལུས་པ་ཤིན་ཏུ་སྦྱངས་པས། ལོ་བཅུ་དྲུག་གམ་བཅོ་བརྒྱད་ཙམ་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། བྲམ་ཟེ་རྣམས་ཀྱིས་ལྷག་པར་བསྟོད་པར་བྱེད་པའི་སྐབས་ཤིག་སངས་རྒྱས་ཀྱི་གསུང་འགའ་རེ་གཟིགས་པས། རང་གི་སྟོན་པ་སྐྱོན་དང་བཅས་ཤིང་། བསྟན་བཅོས་རྣམས་ཤིན་ཏུ་མི་འཐད་པ་དང་། སངས་རྒྱས་དང་དམ་པའི་ཆོས་ནི་དེ་ལས་བཟློག་པར་གཟིགས་ནས་ཤིན་ཏུ་མོས་པ་སྐྱེས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་རྒྱུ་མཚན་དྲིས་པ་ན། སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་རྣམས་ཀྱིས་གནས་ནས་བསྐྲད་དོ། །” ཞེས་པའོ།།
གོང་གི་ཚིག་རིས་ཐུང་ངུ་འདི་ལས། སློབ་དཔོན་ཁོང་གི་བྱིས་པའི་ལོ་ཟླ་དེ་སློབ་གསོ་གང་འདྲ་ཞིག་གིས་བསྐྱངས་པ་ཤེས་ཐུབ་ལ། སློབ་དཔོན་ནི་རང་ཁོ་ནའི་བློ་གྲོས་ཀྱི་རྗེས་སུ་འབྲངས་ཏེ་ཡབ་མེས་ཀྱི་ཆོས་ལའང་ “རྒྱབ་གཏོད་” བྱེད་པའི་སྙིང་སྟོབས་ཡོད་མཁན་ཞིག་ཡིན་པ་ཡང་མཐོང་ཐུབ། བུ་སྟོན་སོགས་ཀྱིས་ནི། སྐབས་དེའི་དཔྱོད་པ་བའི་ཆོས་ལུགས་ཀྱི་མཁས་པ་གྲགས་ཅན་གཞོན་ནུ་མ་ལེན་སློབ་དཔོན་འདིའི་ཞང་པོ་ཡིན་པར་གསུངས་ཡོད་པས། གལ་ཏེ་བདེན་ན་སློབ་དཔོན་སྐུ་འཁྲུངས་སའི་ཁྱིམ་རྒྱུད་དུ་ཕྱི་རོལ་པའི་ཆོས་ལུགས་ཀྱི་མཁའ་དབུགས་ཤིན་ཏུ་སྟུག་པོ་ཞིག་ཡོད་ངེས་ཤིང་། དེ་འདྲའི་ཁྱིམ་རྒྱུད་ཀྱི་སློབ་གསོ་ཞིག་གི་འོག་ནས་ཀྱང་རང་གི་བསམ་ཚུལ་དང་དགའ་མོས་ཀྱི་རྗེས་སུ་འབྲངས་ཏེ་མེས་པོའི་ཆོས་དང་གྲུབ་མཐའ་ལ་ངོ་རྒོལ་བའི་རང་ཚུགས་འདི་འདྲ་ནི། ཕྱོགས་གླང་དང་། ཆོས་གྲགས་ལྟ་བུའི་སྐྱེས་བུ་ཤེས་རབ་ཅན་དག་ལས་གཞན་སུ་ཞིག་ལ་ཡོད་ཐུབ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་སྟོན་པ་གཞོན་ནུ་མ་ལེན་ཆོས་གྲགས་ཀྱི་རྗེས་སུ་བྱུང་བ་ཞིག་ཡིན་པ་ཡང་སྨྲས་ཡོད་པས་བརྟག་པར་འཚལ།
གང་ལྟར་ཆོས་གྲགས་རང་ལོ་བཅོ་བརྒྱད་ལ་སོན་པའི་དུས་ནི། ཁོང་གི་མི་ཚེའི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་ངོས་བཟུང་ཆོག་ལ། རང་ཡུལ་དང་ཁ་བྲལ་བའི་ཁོང་ཉིད་རྒྱ་གར་ཡུལ་དབུས་སུ་བྱོན་ཏེ་ནཱ་ལནྡཱར་སློབ་དཔོན་ཆོས་སྐྱོང་གི་མདུན་ནས་ནང་པའི་གཞུང་ལུགས་ལ་སྦྱང་བ་མཛད་པ་རེད།
“མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས། །
དེ་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད། །”
ཅེས་པའི་ཁོང་གི་སྐད་ཆ་འདི་ནི་སྐབས་དེ་དུས་ཀྱི་རང་ཉིད་ལ་ཅི་འདྲའི་འབྱོར་ཨང་།
ཁོང་གིས་སློབ་དཔོན་ཆོས་སྐྱོང་དགེ་རྒན་དུ་བསྟེན་ནས་ནང་པའི་སྡེ་སྣོད་གསུམ་གྱི་གཞུང་ལུགས་ལ་མཁས་པར་སྦྱངས་ན་ཡང་། དེ་ཙམ་གྱིས་ཐུགས་མ་ཁེངས་པར་དཔལ་ཕྱོགས་ཀྱི་གླང་པོའི་མན་ངག་ཉན་པར་འདོད་པས། སློབ་དཔོན་དབང་ཕྱུག་སྡེའི་སར་སོང་ནས་ <<ཚད་མ་ཀུན་བཏུས་>> ལ་སློབ་སྦྱོང་གནང་སྟེ། <<ཚད་མ་ཀུན་བཏུས་>> ཀྱི་ཟབ་དོན་དཔྱིས་ཕྱིན་པ་ཁོང་དུ་ཆུད་པ་ན་བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོའི་མཁྱེན་རབ་ལ་མོས་གུས་ཆེན་པོ་འཁྲུངས།
དེར་ཁོང་གིས་ཞིབ་ཏུ་བརྟགས་ཤིང་དཔྱད་ཚེ། རང་གི་སློབ་དཔོན་དབང་ཕྱུག་སྡེས་ནི་ཕྱོགས་གླང་གི་དགོངས་པའི་གནད་ཕྲ་བ་འགའ་ཞིག་རྟོགས་ཐུབ་མེད་པ་ཤེས་ཏེ། ཚུལ་དེ་དག་སློབ་དཔོན་ལ་བསྙད་པ་ན། སློབ་དཔོན་དབང་ཕྱུག་སྡེ་ཤིན་ཏུ་དགྱེས་ནས། “ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་པས། བདག་གི་གྲུབ་མཐའ་ནོར་བ་དང་། གཞན་གྱི་གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུངས་ལ་ <<ཚད་མ་ཀུན་བཏུས་>> ཀྱི་འགྲེལ་པ་རྩོམས་ཤིག” ཅེས་སྨྲས་པ་རེད།
སྐད་ཆ་འདི་ལས་ནི་དབང་ཕྱུག་སྡེའི་སྒམ་དཀྱེལ་གྱི་བློ་སྟོབས་མངོན་ཡོད་པ་ཙམ་དུ་མ་ཟད། དཔལ་ནཱ་ལནྡཱའི་རིག་གནས་དཀྱེལ་ཡངས་ཀྱི་བསམ་བློའི་མཁའ་དབུགས་ཀྱང་མཐོོང་ཐུབ་པར་འདུག་སྟེ། རང་རེ་ཡིན་ན་མ་འགྲིག་པ་དང་ནོར་བ་ཐམས་ཅད་སློབ་མའི་བློ་སྐྱོན་དང་། དག་སྣང་ཆུང་བ་སོགས་ཀྱི་འགོར་འཇོག་ངེས་པས། རང་གི་སློབ་དཔོན་གྱི་ལྟ་བ་དགག་པའི་ <<ཚད་མ་རྣམ་འགྲེལ་>> ལྟ་བུའི་གཞུང་ལུགས་ཤིག་རང་རེའི་ཡུལ་དུ་འཁྲུངས་པའི་གནས་ག་ལ་ཡོད།
དེ་ནས་ཆོས་གྲགས་ཀྱིས་ཕྱོགས་གླང་གི་ལུགས་ཀྱི་ཚད་མ་རིག་པའི་ཚུལ་ཞིབ་ཏུ་གཏན་ལ་དབབ་པའི་གཞུང་ལུགས་ཆེན་མོ་བདུན་བྲིས་ཤིང་། དེ་དག་ཏུ་སློབ་དཔོན་དབང་ཕྱུག་སྡེས་འདོད་པའི་ཚུལ་དྲུག་གི་རྣམ་གཞག་ལ་དགག་པ་ནན་པོ་བཏང་སྟེ་ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་དོན་དུ་བཀྲལ་ཡོད་ལ། ཆོས་ཀྱི་གྲགས་པས་མཛད་པའི་གཞུང་དེ་དག་གི་གཙོ་བོ་ནི་ <<ཚད་མ་རྣམ་འགྲེལ་>> ཞེས་ཡོངས་སུ་གྲགས་པའི་ལེགས་བཤད་ཆེན་པོ་འདི་ཉིད་ཡིན།
དེས་ན་ཆོས་གྲགས་ཀྱིས་བརྩམས་པའི་ <<ཚད་མ་རྣམ་འགྲེལ་>> དང་། སྔར་ཕྱོགས་གླང་གིས་བརྩམས་པའི་ <<ཚད་མ་ཀུན་བཏུས་>> གཉིས་ཀྱི་མི་འདྲ་ས་ནི། ཐར་པ་དང་། ཐམས་ཅད་མཁྱེན་པ་སོགས་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་ཞིག་བསྒྲུབ་བྱའི་གཙོ་གནད་དུ་བཟུང་ཡོད་མེད་ཀྱི་ཆ་ནས་འབྱེད་དགོས་པར་སྙམ་སྟེ། <<ཚད་མ་ཀུན་བཏུས་>> སུ་རྟགས་དང་གཏན་ཚིགས་ཀྱི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་ནས། སློབ་དཔོན་རང་གི་ཚད་མ་རིག་པའི་ཐུན་མོང་མིན་པའི་བཞེད་ཚུལ་སྣ་ཚོགས་ཤིག་བཏོན་ཡོད་པ་ལས། ནང་ཆོས་ལྟ་གྲུབ་ཀྱི་སྐོར་བཀོད་པ་ཤིན་ཏུ་དཀོན་པས་གཞུང་དེ་ནི་གཏན་ཚིགས་རིག་པ་རྐྱང་པའི་གཞུང་ཞིག་ཏུ་ཧ་ལམ་བགྲང་ཆོག་ལ། ལེའུ་བཞིའི་བདག་ཉིད་ཅན་གྱི་ <<ཚད་མ་རྣམ་འགྲེལ་>> དུ་ནི། ལེའུ་དང་པོ་དང་། གསུམ་པའི་སྟོད། བཞི་པ་བཅས་ནས་སློབ་དཔོན་ཕྱོགས་གླང་གི་ལུགས་ཀྱི་གཏན་ཚིགས་རིག་པའི་རྣམ་གཞག་བཤད་དེ། མཚན་ཉིད་དང་དབྱེ་བའི་རྣམ་གྲངས་སོགས་གང་ཡིན་ཡང་ཀུན་བཏུས་སུ་བཤད་ཟིན་པ་ལས་གཞན་དུ་མེད་པ་རྣམས་བཟླས་ཏེ་འདིར་བརྗོད་མེད་པ་དང་། ཀུན་བཏུས་སུ་བཤད་པའི་དོན་གྱི་མཚན་ཉིད་དང་རབ་དབྱེ་སོགས་ལ་རྣམ་གཅོད་དང་ཡོངས་གཅོད་ཀྱི་སྒོ་ནས་ཞིབ་ཆ་འབྱེད་དགོས་པ་རྣམས་འདིར་གསལ་པོར་གཏན་ལ་ཕབ་སྟེ་ཚད་མ་རིག་པའི་གཞུང་སྔར་ལས་འཐུས་ཚང་ཞིག་ཏུ་བཏང་ཡོད་པར་མ་ཟད། ལེའུ་གཉིས་པ་ཆ་ཚང་དང་། གསུམ་པའི་སྨད་ནས་ཕྱོགས་གླང་གི་ལུགས་ཀྱི་ཚད་མ་རིག་པའི་གཏན་ཚིགས་རྣམས་ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་དང་སྦྱར་ཏེ། དེའི་སྒོ་ནས་ཕ་རོལ་པོའི་གྲུབ་མཐའ་ལ་དགག་སྒྲུབ་དང་འབྲེལ་ཏེ་སྔར་དང་མི་འདྲ་བའི་གཏན་ཚིགས་ཀྱི་རྣམ་པས་རང་ལུགས་ཀྱི་ལྟ་བ་བརྗོད་འདུག
བོད་ཀྱི་དགོན་སྡེ་རྣམས་སུ། རྣམ་འགྲེལ་དང་ཀུན་བཏུས་གཉིས་ཀྱི་ནང་ནས་རྣམ་འགྲེལ་ལ་གཙིགས་འཛིན་བྱེད་པའི་རྩ་བ་ཡང་། རྣམ་འགྲེལ་ལས་ཆོས་ལུགས་ཀྱི་རྣམ་གཞག་མང་པོ་ཞིག་སྟོན་གྱི་ཡོད་པའི་རྒྱུ་མཚན་ཁོ་ན་ལ་ཐུག་ཡོད། ཅེས་ཕྱི་གླིང་མཁས་པ་ཞིག་གིས་ཀྱང་སྨྲས་ཡོད་དེ་བདེན་པར་སྙམ།
<<ཚད་མ་རྣམ་འགྲེལ་>> དུ། ཆོས་གྲགས་ཀྱིས་ནང་པའི་གཞིའི་རྣམ་གཞག་གཏན་ལ་དབབ་པའི་དོན་གྱི་འགངས་རྩ་མང་པོ་ཞིག་ཡོད་པའི་ནང་ནས། འཇིག་རྟེན་བྱེད་པོའི་ལྷ་མེད་པ་དང་། ལུས་སེམས་གཉིས་རྫས་དང་ངོ་བོ་མི་གཅིག་པ། སེམས་ཀྱི་རང་བཞིན་ལ་རྨོངས་སོགས་དྲི་མའི་བློའི་ལྷད་སྐྱོན་ཞུགས་མྱོང་མེད་པ་གསུམ་ནི་གལ་ཆེ་ཤོས་སུ་བརྩིས་ཆོག་སྟེ། དོན་ཚན་དེ་གསུམ་གྱི་སྟེང་ནས་ནང་པའི་ཆོས་ལུགས་དེ་རིགས་པའི་ཆོས་ལུགས་ཡིན་པ་མཚོན་ཐབས་བྱས་ཡོད་པར་མ་ཟད། སྟོན་པ་ཤཱཀྱ་མུ་ནེ་ལ་ཚད་མའི་སྐྱེས་བུ་ཞེས་པའི་ཐ་སྙད་སྦྱོར་འོས་པའི་རྒྱུ་མཚན་གྱི་རྩ་བ་ཡང་དོན་གནད་འདི་དག་དང་འབྲེལ་བའི་བདེན་བཞིའི་འཇུག་ལྡོག་ལ་མི་བསླུ་བ་ཡིན་པས་སོ་ཞེས་ཐེངས་དང་པོར་སློབ་དཔོན་ཁོང་གིས་གསུངས་པ་རེད། འཇིག་རྟེན་བྱེད་པོའི་ལྷ་མེད་པའི་སྐོར་ལ་སློབ་དཔོན་ཁོང་གིས། <<ཚད་མ་རྣམ་འགྲེལ་>> དུ།
“ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །
ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །”
ཞེས་དང་།
“རང་བཞིན་ཁྱད་པར་མེད་པ་ནི། །བྱེད་པར་ཡང་ནི་མི་རུང་ངོ་། །
རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །”
ཞེས་དང་།
“དེ་ཕྱིར་ཁྱད་པར་གྲུབ་པ་ཡིན། །དེ་ཕྱིར་སོ་སོར་གང་ནུས་མེད། །
ཚོགས་ན་ཡོད་ཏན་སྲིད་འགྱུར་བ། །དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །
མ་ཡིན་ཁྱད་པར་མེད་ཕྱིར་རོ། །”
ཞེས་སོགས་གསུངས་ཏེ། རིགས་སྒོ་མི་འདྲ་བ་དུ་མའི་ཐད་ནས་གསལ་བཤད་མཛད་ཡོད་པ་དེ་དག་གི་དོན་བསྡུས་ཚེ། འཇིག་རྟེན་བྱེད་པོའི་ལྷ་མེད་པའི་རིགས་ལམ་ཡོད་ཚད་ཀྱི་རྩ་བ་ནི་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ལ་གཏུགས་ཡོད་དེ། དཔེར་ན། གོང་གི་ཚིགས་བཅད་དང་པོས་ནི། གལ་ཏེ་འཇིག་རྟེན་བྱེད་པོ་ཉིད་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་ཡིན་ན། དེས་ཀ་བུམ་སོགས་ཡུལ་གྱི་ཁྱད་པར་ཅི་ཡང་མི་རྟོགས་པ་ཡིན་ནམ་རྟོགས་པ་ཡིན། རྟོགས་ན་དེ་ཉིད་ཀྱང་འཇིག་པའི་ཆོས་ཅན་གྱི་ཡུལ་ལ་འཇུག་པའི་བྱ་བ་ཞིག་ཡོད་པར་སོང་བས། ཡུལ་ཅན་རང་ངོས་ནས་ཀྱང་གཡོ་འགུལ་གྱི་ལས་ཤིག་ཡོད་པར་འགྱུར་ན་དེའི་ངོ་བོ་ཡང་མི་བརྟན་པའི་ཆོས་སུ་ངེས་སོ། །ཞེས་བྱེད་པོའི་རང་བཞིན་ལ་དངོས་པོའི་གནས་ལུགས་དང་མི་མཐུན་པའི་འགལ་བ་ཡོད་པར་བཤད་ཅིང་།
ཚིགས་བཅད་གཉིས་པས་ནི། བྱེད་པོ་རྟག་པ་དང་། དེས་དངོས་པོ་ཀུན་བསྐྱེད་པར་འདོད་པ་ཤིན་ཏུ་མི་རིགས་ཏེ། རྒྱུ་འབྲས་མ་སྐྱེས་པའི་བྱེད་པོ་རང་ནི་དངོས་མེད་ཡིན་པས་འབྲས་བུ་མི་བསྐྱེད་པའི་ཆོས་ཅན་དག་དང་རང་བཞིན་གཅིག་ཏུ་མཚུངས་པ་ཡིན་པའི་ཕྱིར་དེ་ལ་རྒྱུ་ཡི་བྱ་བ་བྱེད་པའི་ནུས་པ་མེད་ལ། སྤྱིར་རྒྱུ་འབྲས་ཀྱི་རྣམ་གཞག་ནི་ཆོས་གང་ཞིག་སྐྱེད་བྱེད་ཀྱི་རྒྱུ་ཚང་ན་འབྲས་བུ་དེ་སྐྱེ་བ་དང་། མ་ཚང་ན་མི་སྐྱེ་བ་ཡིན་པའི་རྗེས་སུ་འགྲོ་ལྡོག་གི་གནས་ཚུལ་ཞིག་གི་ཐོག་ཏུ་ཡོད་ན་ཡང་། འཇིག་རྟེན་བྱེད་པོ་རྒྱུའི་གཙོ་བོར་འདོད་པའི་ལུགས་ལ་ནི། གང་དུ་ཡང་རྒྱུས་མ་ཁྱབ་པ་མེད་པས། རྗེས་སུ་འགྲོ་ལྡོག་གི་རྣམ་གཞག་ཉིད་ཀྱང་འཇིག་པར་འགྱུར་རོ་ཞེས་བཤད་པ་རེད།
ཚིགས་སུ་བཅད་པ་གསུམ་པས་ནི། འདུས་བྱས་ཀུན་ལ་ཐུན་མོང་གི་རྒྱུར་གྱུར་པའི་ལྷ་ཞིག་གཏན་ནས་མེད་དེ། འདུས་བྱས་རྣམས་རང་རང་ལ་ཐུན་མོང་མིན་པའི་རྒྱུ་ཡི་ཁྱད་པར་རེ་རེ་ཡོད་པ་དང་། རྒྱུ་དུ་མ་འདུས་ནས་འབྲས་བུ་གཅིག་བསྐྱེད་པའི་ཚེ་ཡང་རྒྱུ་དེ་ཚོར་སོ་སོའི་བྱེད་ལས་མི་འདྲ་བ་རེ་རེ་ཡོད་དེ། དཔེར་ན། དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་ཚོགས་པ་ལས་ནི་དབང་ཤེས་སྐྱེ་བ་ལྟ་བུ་ཡིན་ཞིང་། རྒྱུ་དེ་དག་གི་ནང་ནས་གཅིག་ཙམ་ལས་མ་ཚོགས་ན་འབྲས་བུ་མི་སྐྱེ་ཞིང་། ཆ་ཚང་ཚོགས་ན་འབྲས་བུ་སྐྱེ་བའི་ཁྱད་པར་ཡོད་པའི་ཕྱིར་དངོས་པོའི་སྐྱེ་འཇིག་ནི་ཡུལ་རང་སྟེང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་གིས་ཐག་གཅོད་ཀྱི་ཡོད་པ་མ་གཏོགས། བྱེད་པོའི་སྟོབས་ནུས་ཤིག་གཏན་ནས་ཡོད་མི་སྲིད་ཅེས་བརྗོད་ཡོད།
འཇིག་རྟེན་བྱེད་པོ་ཁས་མི་ལེན་པ་དེས་ནི། སློབ་དཔོན་ཁོང་གིས་བདེ་སྡུག་ཀུན་གྱིི་རྩ་བ་སྐྱེ་བོ་རང་ལ་ཐུག་པའི་ཚེ་སྲོག་གི་གནས་ལུགས་གསལ་བཤད་བརྒྱབ་ཡོད་པ་དང་། རང་ཉིད་ལ་རང་ཉིད་ལས་གཞན་པའི་དོན་དམ་གྱི་ “སྐྱབས་མགོན་” སུ་ཡང་མེད་པའི་མཚན་ཉིད་བསམ་བློ་མཚོན་ཐབས་བྱས་ཡོད་པ་རེད།
གལ་ཏེ་དེ་འདྲ་ཞིག་ཡིན་ཚེ། སློབ་དཔོན་དེས་ “སྐྱབས་འགྲོ་” ཁས་མི་ལེན་ནམ་སྙམ་པའི་དོགས་པ་ཞིག་མཚམས་འདིར་ཀློག་པ་པོའི་སེམས་སུ་འཆར་ཡང་སྲིད། འོན་ཀྱང་། དཔལ་ནཱ་ལནྡཱའི་སྐྱབས་འགྲོའི་ལྟ་བ་དེ་ནི། ཤེས་རབ་ཀྱི་བདེན་པ་ལ་གཙིགས་སུ་འཛིན་པའི་གནས་ལུགས་ཀྱི་གོ་བ་ཞིག་དང་། བདག་ཉིད་ལ་ཡིད་ཆེས་པའི་རང་རྟོན་གྱི་སྤོབས་པ་ཞིག་ཡིན་པས་འདིའི་བར་ལ་འགལ་བ་ཅི་ཡང་ཡོད་པ་མ་རེད།
སངས་རྒྱས་ཤཱཀྱ་མུ་ནེས། བདེན་བཞིའི་འཇུག་ལྡོག་གི་སྒོ་ནས་འགྲོ་བ་རྣམས་ཀྱི་ཚེ་སྲོག་གི་དོན་གྱི་རང་བཞིན་དང་། ཉོན་མོངས་པའི་འདུ་ཤེས་དག་དང་དངོས་པོའི་གནས་ལུགས་བར་གྱི་འགལ་འབྲེལ། གནས་ལུགས་ལ་མི་རྨོངས་པའི་ཤེས་རབ་དང་གཏན་བདེ་ཞི་བ་གཉིས་ཀྱི་འབྲེལ་བ་སོགས་ཞིབ་ཏུ་བཤད་ཡོད་པས། དཔལ་ནཱ་ལནྡཱའི་མཁས་པ་ཚོས། སངས་རྒྱས་ཁོང་ཉིད་སྐྱབས་སྟོན་པ་པོ་རེད་ཟེར།
གང་ཟག་རང་རྒྱུད་ཀྱི་རྨོངས་པ་མ་རིག་པས་རང་ལ་དངོས་དང་བརྒྱུད་ནས་གནོད་པར་བྱེད་ཅིང་། མི་རྨོངས་པའི་ཤེས་རབ་ཁོ་ནས་བདག་ཉིད་ལ་ཕན་བདེ་སྟེར་ཐུབ་པའི་འདོད་ཕྱོགས་ལས། ཆོས་ནི་སྐྱབས་དངོས་སོ་ཞེས་བརྗོད་ཡོད་པ་རེད་ལ། ཤེས་རབ་ལ་སྐྱབས་སུ་འཛིན་པའི་ལྟ་གྲུབ་ཁོ་ན་ནཱ་ལནྡཱའི་སྐྱབས་འགྲོའི་རིག་གནས་ཡིན་པའི་སྐོར་ལ་ཞིབ་བཤད་རྒྱག་རྒྱུ་ཤིན་ཏུ་མང་ན་ཡང་རེ་ཞིག་ཡིག་ཚོགས་ལ་འཇིགས་སོ།།
བདག་ཉིད་སྡུག་བསྔལ་བའི་རྒྱུ་ཅི་ཞིག་ཡིན་པ་དང་། རྒྱུ་དེ་ཇི་ལྟར་བཟློག་དགོས་པ་སོགས་ལ་བརྟག་ཅིང་དཔྱད་ནས་ཐོས་བསམ་ལ་བརྩོན་པའི་ཚེ། ཆོས་ཀྱི་གཞུང་ལུགས་ལ་སྦྱང་བ་ཆེ་བའི་དགེ་འདུན་དག་གིས་རོགས་བྱེད་ཐུབ་ཀྱི་འདུག་ཅེས་དགེ་འདུན་སྐྱབས་སྒྲུབ་པའི་གྲོགས་སུ་ཁས་བླངས་པ་རེད། “སྐྱབས་” ཀྱི་གོ་བ་དེ་འདྲ་ཞིག་གི་ཐོག་ནས་མི་ཚེ་ལ་སྙིང་པོ་བླང་ཕྱིར་བརྩོན་པ་བྱས་ན། སངས་རྒྱས་ཀྱི་ཆོས་ལུགས་དངོས་དང་། དཔལ་ནཱ་ལནྡཱའི་རིག་གནས་ལྟ་བའི་རོ་བཅུད་མྱོང་ཐུབ་ངེས་ཡིན་གྱི། རང་ངོས་ནས་འབད་པ་ཅི་ཡང་མེད་པར་ལྷ་ཆེ་གེ་མོ་དང་སྤྲུལ་སྐུ་ཆེ་གེ་མོས་སྐྱོབ་པར་རེ་བ་ནི། རྒྱུ་འབྲས་ཀྱི་ཆོས་ཉིད་དང་འགལ་བའི་ལོག་པའི་འདུ་ཤེས་ཤིག་ཏུ་བདག་གིས་སྨྲའོ།།
གོང་དུ་སྨྲས་པ་བཞིན་སློབ་དཔོན་འདིས་ <<ཚད་མ་རྣམ་འགྲེལ་>> དུ། ལུས་སེམས་རྫས་གཅིག་ཡིན་མིན་གྱི་སྐོར་ལ་དམིགས་བསལ་གྱི་དོ་སྣང་ཞིག་བྱས་ཏེ། དེའི་ཐད་ཀྱི་རང་གི་འདོད་ཚུལ་ཞིབ་ཏུ་བྲིས་ཡོད་པར་མ་ཟད། སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་གནད་དོན་ཡང་མཐར་གཏུགས་ན་ལུས་སེམས་ཀྱི་འབྲེལ་བའི་སྟེང་ནས་དཔྱད་དགོས་པའི་གཏན་ཚིགས་ཀྱི་འགྲོས་ཤིག་བཏོན་ནས། སྐབས་དེའི་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་སོགས་མི་འདོད་པའི་ལྟ་བ་ལ་དགག་སྒྲུབ་བྱས་ཡོད་པ་རེད།
སྔར་ཀླུ་སྒྲུབ་སོགས་ཀྱི་གཞུང་ནས་ནི་དགག་སྒྲུབ་དང་དོགས་སློང་བྱེད་ས་གཙོ་བོ་ནང་པའི་གྲུབ་མཐའ་དངོས་སྨྲ་བ་དག་ཡིན་ཞིང་། སློབ་དཔོན་འདིའི་གཞུང་དག་ལས་ནི། རྩོད་པ་དང་བགྲོ་གླེང་བྱེད་ས་ཕལ་ཆེ་བ་ཞིག་ཕྱི་རོལ་པའི་ཆོས་ལུགས་གྲུབ་མཐའ་རྣམས་དང་། ཆོས་ལུགས་སུ་མི་གཏོགས་པའི་གྲུབ་མཐའ་རྒྱང་འཕེན་པ་སོགས་ཡིན་པས། དེས་ནི་དུས་རབས་སོ་སོའི་སྐབས་ཀྱི་ནང་བསྟན་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་མི་འདྲ་བ་མཚོན་ཡོད་ལ། སློབ་དཔོན་སོ་སོ་སྒེར་གྱི་མི་ཚེའི་བརྒྱུད་རིམ་ལ་འབྲེལ་བ་ཡོད་པའི་གནས་ཚུལ་གཞན་ཞིག་ཀྱང་ཡིན་པར་སྙམ།
སྤྱིར་ན་སློབ་དཔོན་ཆོས་གྲགས་བྱོན་པའི་སྐབས་ནི། ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་གིས་རྒྱ་གར་སྤྱིའི་ནང་པའི་ཆོས་ལུགས་ཉམས་དམས་སུ་ཕྱོགས་པའི་སྐབས་ཡིན་པ་དང་། ལྷག་པར་དུ་ནཱ་ལནྡཱའི་དགོན་པ་ལ་མཚོན་ན། མཁས་པ་སྔ་མའི་གསུང་ལ་རྩ་འགྲེལ་ཡང་འགྲེལ་ཤ་སྟག་བརྩམས་ནས་རང་སྟོབས་ཀྱི་དཔྱོད་སྒོ་ཅུང་ཟད་འགག་པ་ལ་ཕྱོགས་པའི་སྐབས་སུ་ཁེལ་ཡོད་པ་རེད། <<རྒྱ་གར་ཆོས་འབྱུང་>> དུ་ཡང་། “སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་ཡན་ཆད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉི་ལྟར་གསལ་བར་མཛད་ཅིང་། དེ་མན་ཆད་ནས་ཡང་དག་པའི་མཁན་པོ་སྤྱིར་ནས་བསྟན་པ་ལ་བྱ་བ་ཁྱད་པར་ཅན་བྱས་པ་ཤིན་ཏུ་མང་མོད་ཀྱི། སྔོན་གྱི་སློབ་དཔོན་དེ་དག་དང་མཚུངས་པ་ཆེར་མ་བྱོན་ཞིང་བྱོན་དུ་ཟིན་ནའང་དུས་ཀྱི་དབང་གིས་སྔོན་བཞིན་བསྟན་པ་གསལ་བར་མ་གྱུར་ཏོ། །” ཅེས་གསུངས་འདུག
སྐབས་དེར་དཔྱོད་པ་བ་སོགས་གྲུབ་མཐའ་གཞན་དག་གི་སྟོབས་ཤུགས་ཉིན་རེ་ལས་ཉིན་རེར་རྒྱས་པ་ལས། ནང་ཆོས་མཚན་ཉིད་རིག་པའི་འཕེལ་རྒྱས་ལ་ཚོད་བགམ་དང་འཇིག་ཉེན་ཆེན་པོ་ཞིག་བཟོས་ཡོད་པར་བརྟེན། སློབ་དཔོན་ཆེན་པོས་ཀྱང་། རང་གིི་རྣམ་དཔྱོད་ལ་བརྟེན་ནས་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་སྲུང་སྐྱོབ་བྱེད་འདོད་ཀྱི་འདུ་ཤེས་དྲག་པོ་ཞིག་འཁྲུངས་ཡོད་པའི་ཚུལ་ཁོང་གི་བརྩམས་ཆོས་དག་ལས་གསལ་པོར་མཐོང་ཐུབ་པར་འདུག །
རིགས་ལམ་རྩོད་པའི་རྒྱལ་ཕམ་ནི། གནའ་བོའི་རྒྱ་གར་ལ་མཚོན་ན། གྲུབ་མཐའ་གང་ཞིག་གི་འཚོ་གནས་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བརྟེན། ཁོང་གིས་ཀྱང་སྐབས་དེའི་ལོ་རྒྱུས་གནས་བབ་ལ་གཟིགས་ཏེ་སྐུ་ཚེ་ཧྲིལ་པོར་རྩོད་པའི་ལས་ཀ་གཙོ་བོར་གཉེར་ཡོད་པས། ཁོང་ནི་ནང་པའི་མཁས་པ་ཡོད་ཚད་ཀྱི་ནང་ནས་ཕྱི་རོལ་པ་དང་རྩོད་པའི་གྲངས་ཀ་ཆེས་མང་ཤོས་ཡིན་ལ། ཕྱི་རོལ་པ་ལས་རྣམ་པར་རྒྱལ་བའི་གྲངས་ཚད་ཀྱང་ཆེས་མཐོ་ཤོས་ཡིན་སྟབས། སློབ་དཔོན་རང་གིས་ཀྱང་།
“ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པར་རྣམ་པར་དག །
སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །”
ཞེས་སྤོབས་པ་ཆེན་པོས་གསུངས་མྱོང་བ་རེད། སློབ་དཔོན་འདིས། རང་ཉིད་ཆོས་ལ་རིགས་ལམ་ལས་ངེས་ཤེས་རྙེད་པའི་མཁས་པ་ཞིག་ཡིན་པའི་ངོས་ནས། རིག་གནས་དེའི་རིན་ཐང་ལ་བསམས་ཏེ་རྣམ་དཔྱོད་ཀྱི་རྩལ་ཡོད་ཚད་དེ་ཡི་ཕྱིར་དུ་བཏོན་ན་ཡང་། ཧྲོའར་པཱ་ཚེས་བརྩམས་པའི་ <<སངས་རྒྱས་ཆོས་ལུགས་ཀྱི་གཏན་ཚིགས་རིག་པ་>> ལས། “སྤྱིར་དཔལ་ལྡན་ཆོས་གྲགས་ཀྱིས་ཆོས་ལུགས་དར་སྤེལ་མཛད་པའི་ཁྱབ་ཁོངས་གཞི་རྒྱ་ཧ་ཅང་ཆེ་ལ་གྲུབ་འབྲས་ཀྱང་ཤིན་ཏུ་ཆེ་ནའང་། གང་ལྟར་སྐབས་དེའི་སངས་རྒྱས་ཆོས་ལུགས་ཉམས་དམས་སུ་འགྲོ་བཞིན་པ་དེ་ལས་སྐྱོབ་ཐུབ་མེད་པར། སྐབས་དེའི་རིང་དུས་འགྱངས་བྱུང་བ་ཙམ་ཡིན་པ་སངས་རྒྱས་ཆོས་ལུགས་ཀྱི་ལས་སྐལ་ནི་གཏན་ཁེལ་ཟིན་པ་དང་། ཆེས་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི་མི་སྣས་ཀྱང་སྐྱོབ་ཐབས་མེད་པར་གྱུར།” ཅེས་ཇི་སྐད་བཤད་པ་བཞིན། སྐབས་དེའི་ནང་པའི་དགོན་སྡེ་ཁག་གི་ཤེས་རིག་སློབ་གསོའི་རྒྱུ་སྤུས་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བཞིན་པ་དང་གཅིག །གྲྭ་པ་ཚོ་རྒྱུ་འབྱོར་དབང་ཐང་ལ་གཡེང་བ་ཆེ་རུ་ཕྱིན་པ་དང་གཉིས། གསང་སྔགས་རྒྱུད་དོན་ལྟར་ཉམས་བཞེས་བྱེད་མཁན་ཇེ་ཉུང་དུ་གྱུར་ཏེ་ཡོངས་གྲགས་ཅན་དུ་གྱུར་ཚབས་ཆེ་བས། ཆོས་ལུགས་པའི་ཀུན་སྤྱོད་ཀྱི་སྣང་བརྙན་ལ་ཆག་གྲུམ་སོང་སྟེ་མང་ཚོགས་ཀྱི་རྨང་གཞི་ཇེ་ཆུང་དུ་ཕྱིན་པ་དང་བཞི། ཕྱི་ནས་ཆོས་ལུགས་གྲུབ་མཐའ་གཞན་གྱིས་གཉའ་གནོན་མྱོང་བ་དང་ལྔ་སྟེ། རྒྱུ་རྐྱེན་དེ་དག་གི་སྔུན་ནས། གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པའི་སློབ་དཔོན་ཁོང་གི་ཤེས་རབ་ཀྱི་བྱ་འགུལ་ཁོ་ནས་ནི། ལོ་རྒྱུས་ཀྱི་འཁོར་ཕྱོགས་ཡ་ང་བ་དེ་ཇི་ལྟར་བཟློག་ཨང་།
སློབ་དཔོན་གྱི་སྐུ་ཚེའི་སྨད་དུ། སྤྱིར་ནང་པའི་གྲུབ་མཐའ་ཉམས་གུད་དུ་འགྲོ་བཞིན་པའི་གནས་ཚུལ་མཐོང་ལམ་དུ་བརྒྱུད་པ་དང་། ལྷག་ཏུ་སློབ་དཔོན་རང་གི་གཞུང་ལུགས་ཀྱི་ཟབ་གནད་འཛིན་ཐུབ་པའི་སློབ་མ་ཞིག་བྱུང་མ་ཐུབ་པའི་རྐྱེན་གྱིས།
“བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན། །འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང་། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་གྱུར། །” ཅེས་པའི་ཚིགས་སུ་བཅད་པ་འདི། <<ཚད་མ་རྣམ་འགྲེལ་>> གྱི་མཇུག་ཏུ་རྗེས་སུ་བསྣན་པར་གྲགས་ཤིང་། ཚིགས་བཅད་འདིའི་ནང་ནས་ང་ཚོས་སློབ་དཔོན་ཁོང་ཉིད་ཡི་ཆད་དང་འུ་ཐུག་ཐབས་ཟད་ཀྱི་ངང་དུ་ལུས་པའི་སྐྱོ་གདུང་གི་ཚོར་སྣང་ཤུགས་དྲག་པོ་དེ་མཐོང་ཐུབ་པར་འདུག
ད་ཡང་བཤད་བྱ་སྔ་མའི་འཕྲོར་མཐུད་ན། སློབ་དཔོན་ཁོང་གིས། ལུས་སེམས་གཉིས་ནི་གྲུབ་བྱེད་རྒྱུའི་ཆ་དང་། གནས་པ་ངོ་བོའི་ཆ་དང་། འགག་པ་དུས་ཀྱི་ཆ་སོགས་གང་ནས་དཔྱད་རུང་ཤིན་ཏུ་མི་འདྲ་བ་ཞིག་ཏུ་ངོས་འཛིན་མཛད་ཡོད་དེ། ལུས་ཀྱི་ཁམས་ནི་ཤ་དང་ཁྲག་དང་རྐང་དང་ཚིལ་བུ་སོགས་ཀྱིས་གྲུབ་པའི་རྡུལ་ཅན་གཟུགས་ཀྱི་རང་བཞིན་དུ་གནས་ཡོད་ལ། དེ་ལ་བརྟེན་པའི་ནང་གི་ཤེས་པ་ནི་གསལ་ཞིང་རིག་པའི་ཆོས་ཉིད་ཅན་ཞིག་ཡིན་པས་དོན་གྱི་ངོ་བོ་ཡོངས་སུ་ཐ་དད་པ་ཡིན་སྟབས། དེ་འདྲའི་གསལ་རིག་གི་ཤེས་པ་ཉིད་ནི།[6] ཕ་མའི་ཁུ་ཁྲག་སོགས་གཟུགས་ཅན་རྡུལ་ཁམས་སུ་གྲུབ་པ་རྣམས་ལས་ནི་གཏན་ནས་སྐྱེ་མི་ཐུབ་པར། རང་གི་མཐུན་པའི་རྒྱུ་གསལ་རིག་སྔ་མ་འབའ་ཞིག་ལས་སྐྱེ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཐ་མལ་པ་སྐྱེས་མ་ཐག་པའི་ཤེས་པ་གང་ཡིན་ཡང་། རང་གི་རིགས་འདྲའི་རྒྱུན་སྔ་མ་ཞིག་ངེས་པར་སྔོན་དུ་སོང་བ་ཅན་ཡིན་པས་སྐྱེ་བ་སྔ་མ་ཡོད་དོ་ཞེས་ཏེ། <<ཚད་མ་རྣམ་འགྲེལ་>> ལས།
“སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །
རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །”
ཞེས་སོ། །ཡང་།
“དེ་ཕྱིར་ངེས་པ་གང་ཉིད་ཀྱི། །འདུ་བྱེད་ཀྱིས་ནི་རྗེས་འཇུག་པའི། །
སེམས་ནི་དེ་མེད་མི་འབྱུང་སྟེ། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན། །”
ཞེས་གསུངས་པའི་ཚིགས་བཅད་འདིས་ཀྱང་གོང་གི་དོན་ལྟར་ལུས་སེམས་གཉིས་སྐྱེད་བྱེད་ཀྱི་རྒྱུ་མི་མཐུན་པར་སྒྲུབ་ཀྱི་ཡོད་ལ། གལ་ཏེ་ཕ་མའི་ཁུ་ཁྲག་གིས་ལུས་ཀྱི་ཉེར་ལེན་བྱེད་པ་བཞིན་ཤེས་པའི་ཡང་ཉེར་ལེན་བྱེད་ཀྱི་ཡོད་ན། ད་ལྟའི་ཤེས་པ་དེ་ཕ་མའི་རྒྱུད་ཀྱི་ཤེས་པའི་རྒྱུན་མཐུད་ནས་སྐྱེས་པ་ཡིན་པས། ཕ་མའི་ཤེས་ཡོན་སོགས་ཀྱང་བསླབ་མི་དགོས་པར་ཤེས་ཐུབ་པར་ཐལ་བའི་གཏན་ཚིགས་ཀྱི་གནོད་བྱེད་ཀྱང་འབབ་ཚུལ་སྨྲས་ཡོད་པ་རེད།
དེ་ལ་ཕ་རོལ་པོས། གལ་ཏེ་ལུས་སེམས་གཉིས་ཀྱི་རང་བཞིན་ཡོངས་སུ་ཐ་དད་པ་ཡིན་ན། ལུས་ལ་སྐྱོན་ཤོར་བས་ཤེས་པ་མི་གསལ་བར་གྱུར་པ་སོགས་མངོན་སུམ་དུ་གྲུབ་པ་འདི་དག་ཅི་ཡིན་ཞེ་ན། དེ་ནི་ད་ལྟའི་ལུས་དེ་ཤེས་པའི་རྟེན་ཙམ་དུ་འགྲོ་གི་ཡོད་པར་བརྟེན། དབང་པོ་ལ་སྐྱོན་ཤོར་བ་ལས་དེ་ལ་བརྟེན་པའི་དབང་ཤེས་ཀྱི་ནུས་པ་ལ་གནོད་པ་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཡོང་གི་ཡོད་པ་རེད་མ་གཏོགས། ལུས་དེ་ཤེས་པའི་རྟེན་ཁྱད་པར་ཅན་མ་ཡིན་ཞེས་ལན་འདེབས་མཛད་ཡོད་པ་རེད། དེ་ཡང་ལུས་ཚོར་ལྟ་བུ་དབང་པོའི་བདག་རྐྱེན་ལས་སྐྱེས་པའི་ཤེས་པ་ཡུལ་ལ་འཇུག་པའི་ཚེ་ཐད་ཀའི་རེག་བྱ་ཁོ་ནར་འཇུག་པ་ལས། ཁ་སང་ལུས་ལ་རེག་བྱ་དེ་རིང་གི་ལུས་ཚོར་གྱིས་མྱོང་མི་སྲིད་པ་དང་། སེམས་ཚོར་ནི་དེ་འདྲ་མ་ཡིན་པར་སྔར་གྱི་གཞལ་བྱ་ལ་སླར་འཇུག་པའང་སྲིད་པ་ལྟ་བུས་ཀྱང་གསལ་བཤད་བྱེད་ཐུབ་ཅེས་ཟེར་བས། ལུས་སེམས་གཉིས་ལ་འབྲེལ་བ་ཙམ་མེད་པ་མ་ཡིན་ཡང་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་ཁྱད་པར་ཅན་ཞིག་མེད་པར་འདོད་དོ། །ཡང་།
“ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པ་ཐལ་བར་འགྱུར། །”
ཞེས་ཏེ། ལུས་དང་ཤེས་པའི་གྲུབ་ཆ་ཐ་མི་དད་པ་ཡིན་ནམ། ཤི་བའི་ཚེ་ཡང་ལུས་ཀྱི་གྲུབ་ཆ་དག་ཡོངས་སུ་ཚང་བས་སེམས་ཀྱང་ད་རུང་ཡོད་པར་མི་འགྱུར་རམ། ཞེས་པའི་རིགས་པ་བཏང་ཡོད་ལ། ཤ་རྒྱགས་པ་སོགས་ལུས་ཀྱི་རྡུལ་ཁམས་ཇེ་ཆེར་ཕྱིན་པ་ལས། གང་ཟག་དེའི་རིག་སྟོབས་ཀྱང་ཇེ་ཆེར་འགྲོ་བའི་ཆོས་ཉིད་འཐད་དགོས་པའི་སྐྱོན་སོགས་ཀྱང་མང་དུ་བཏང་ཡོད་པ་དང་། ད་དུང་།
“དེ་ཡོད་ཡོད་དང་དབང་གྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན། །
རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན། །”
ཞེས་སོགས་མང་དུ་གསུངས་ཏེ། ཤེས་པ་དེ་རྩ་ཡི་གྲུབ་ཚུལ་གྱི་ཆ་ཤས་ཤིག་ལ་འདོད་པ་དང་། རླུང་དང་དབུགས་ཀྱི་གཡོ་བ་ཞིག་ཏུ་འདོད་པ་སོགས་ལུས་སེམས་རྫས་དང་ངོ་བོ་ཐ་མི་དད་དུ་ལྟ་བའི་ཁས་ལེན་དག་ལ་རེ་རེ་ནས་བརྒལ་ཞིང་བརྟག་པའི་ཕྲ་ཞིབ་ཀྱི་རིགས་པ་ཆ་ཚང་འདིར་བྲིར་ག་ལ་ལང་།
གང་ལྟར་ལུས་སེམས་ཀྱི་སྤྱི་འདུས་སུ་གྱུར་པའི་གང་ཟག་ཟེར་བ་འདིའི་ལུས་ཀྱི་རྩལ་དང་ནུས་པ་སོགས་ནི་ཚད་ཅན་དུ་ངེས་པ་དང་། ནང་གི་སེམས་ཀྱི་དཔྱོད་སྟོབས་དང་འཕེལ་རྒྱས་ནི་ཚད་བཟུང་མེད་པའི་རང་བཞིན་ཅན་ཞིག་ཡིན་པར་བསམས་ཏེ། ཚད་མེད་དུ་འཕེལ་ཐུབ་པའི་ཆོས་ཉིད་ལྡན་པ་ཞིག་དང་། འཕེལ་སྟོབས་ཚད་ཅན་དུ་ངེས་པ་ཅན་གཉིས་ཀ་རྫས་གཅིག་ཏུ་གྲུབ་ཚུལ་གཏན་མེད་པར་འདོད་པ་དེ་ནི། སློབ་དཔོན་འདིས་སྐྱེ་བ་སྔ་ཕྱི་འདོད་པའི་རིགས་ལམ་གྱི་རྩ་གནད་དུ་བཟུང་འདུག
ད་ལྟའི་ལུས་སེམས་གཉིས་ཀའི་ངོ་བོ་ལ་ཅི་ཙམ་བསམས་ན་དེ་གཉིས་ཁམས་ཀྱི་ཆོས་ཉིད་ཤིན་ཏུ་མི་འདྲ་བ་དེས་དེ་གཉིས་འགྲུབ་བྱེད་ཀྱི་རྒྱུ་ལ་ཡང་དེ་ལྟ་བུའི་ཁྱད་པར་ཞིག་ཡོད་ངེས་ཏེ། གཅིག་ནི་གཟུགས་ཀྱི་རང་བཞིན་ལས་གྲུབ་པ་དང་། གཅིག་ནི་རིགས་འདྲ་སྔ་མའི་ཤེས་པ་མངལ་དུ་མཚམས་སྦྱར་བ་ལས་གྲུབ་པས་སོ་ཟེར་ཏེ།
“བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །
བདེ་སྡུག་དོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །”
ཞེས་སྲིད་པ་བར་དོའི་གང་ཟག་རང་རྒྱུད་ཀྱི་ཆགས་པའི་དབང་གིས་དམན་པའི་རྟེན་ལ་མཚམས་སྦྱར་བ་ཡིན་གྱི། འཇིག་རྟེན་བྱེད་པ་སོགས་གཞན་གྱིས་དབང་མེད་དུ་བཀྲི་བ་མིན་པར་བཤད་པ་ནི། སྐྱེ་བ་སྔ་མའི་འདོད་ཚུལ་དངོས་རེད་འདུག
ཡང་ལུས་སེམས་ཀྱི་གནས་སྟངས་ཁྱད་པར་ཅན་དེ་ལ་དཔགས་ནས། འཆི་བའི་ཚེ་ཡང་ཚེ་འདིའི་རིགས་མཐུན་གྱི་ཕུང་པོ་དོར་བ་ཙམ་ལས་ཤེས་པའི་རྫས་རྒྱུན་ཆད་མེད་པར་འདོད་ཅིང་། དེ་ལས་སྐྱེ་བ་ཕྱི་མའི་རྣམ་གཞག་ཁས་བླངས་པ་རེད། གཞུང་དུ་འདིའི་སྐོར་ཤིན་ཏུ་རྒྱས་པས་ལུང་ཚིག་རྣམས་དྲངས་ནས་ཞིབ་དཔྱད་ཀྱི་ལས་སུ་འཇུག་རྒྱུ་རེ་ཞིག་མཚམས་བཞག་པ་ཡིན།
ད་ནི་གོང་དུ་བཤད་པའི་ཚན་པ་གསུམ་པ་ལ་འཇུག་སྟེ། འཇིག་རྟེན་བྱེད་པོ་མི་འདོད་པར་དངོས་པོ་ཀུན་ལ་རང་རང་གི་ཐུན་མོང་མིན་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ཡོད་པ་དང་། ལུས་སེམས་རྫས་གཅིག་པ་མིན་པའི་རྒྱུ་འབྲས་ཀྱི་བྱ་བྱེད་ལས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཁས་བླངས་པར་མ་ཟད། སེམས་ཀྱི་རང་བཞིན་འོད་གསལ་བ་སྟེ་ཉོན་མོངས་ཀྱིས་བསླད་མ་མྱོང་བའི་དག་གཙང་གི་ཁམས་གཤིས་ཤིག་འགྲོ་བ་ཀུན་ལ་ཡོད་པའི་ལྟ་བ་ཞིག་ཀྱང་གསུངས་ཡོད་ལ། དེ་ནི་སྤྱིར་ནང་ཆོས་ལྟ་གྲུབ་ཀྱི་རྩ་གནད་ཅིག་ཏུ་ཆགས་ཡོད་པས་ཅུང་ཟད་གླེང་ན།
སློབ་དཔོན་འདི་ཙམ་མ་ཟད་ཧ་ལམ་ནང་པའི་གྲུབ་མཐའ་སྨྲ་བ་ཕལ་ཆེར་གྱིས། གསལ་ཞིང་རིག་པ། ཤེས་པའི་མཚན་ཉིད་དུ་འདོད་པ་ཡིན་ལ། གསལ་ཞིང་རིག་པ་ཟེར་བའི་དོན་ཞིབ་ཏུ་བཀྲལ་དུས་གྲུབ་མཐའ་སོ་སོའི་བཤད་ཕྱོགས་གཅིག་མཐུན་དུ་ཆགས་ཐུབ་མེད་ལ། དེ་ནི་སོ་སོའི་ལུགས་ཀྱི་ལྟ་བའི་གནད་ཐ་དད་ཡིན་པ་ལ་ཐུག་ཡོད་པ་རེད། ལ་ལས་ “གསལ་” ཞེས་པ་ནི་ཤེས་པའི་སྟེང་གི་རང་རིག་གི་ཆ་དང་། “རིག་” ཅེས་པ་གཞན་རིག་གི་ཆ་ལ་སྦྱར་ཏེ་བཤད་ཡོད། འགའ་ཞིག་གིས། “གསལ་” ཞེས་པ་ཡུལ་སྣང་བ་དང་། “རིག་” ཅེས་པ་ཡུལ་འཛིན་པ་ལ་སྦྱར་ཟེར། ཡང་ “གསལ་” ཞེས་པས་ཤེས་པའི་རང་བཞིན་འོད་གསལ་བ་ཡིན་པ་དང་། “རིག་” ཅེས་པས་ཤེས་པའི་བྱེད་ལས་ཡུལ་རིག་པ་བསྟན་ཞེས་སྦྱོར་མཁན་ཡང་ཡོད་པ་རེད།
གང་ལྟར་ཤེས་པའི་རང་བཞིན་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སོགས་ཕྱིས་འབྱུང་གི་རྐྱེན་ལ་ལྟོས་པའི་སེམས་བྱུང་འདི་དག་ཞུགས་མྱོང་མེད་པས། སྣང་བ་དང་འཛིན་པ་དེ་དག་གིས་མ་བསླད་པའི་འོད་གསལ་བ་སྟེ་གཙང་མ་ཞིག་ཡིན་པར་ལྟ་བ་དེ་ནི། ནང་ཆོས་ལྟ་གྲུབ་ཀྱི་ཐུན་མོང་མིན་པའི་འདོད་ཕྱོགས་དམིགས་བསལ་བ་ཞིག་ཡིན་ལ། སེམས་ཅན་འཚང་རྒྱ་ཟེར་བའི་སྐད་ཆ་ཡང་དོན་དག་འདིའི་ཐོག་ནས་གླེང་གི་ཡོད་པ་རེད།
སེམས་གཤིས་གཙང་མ་དེ་ལ་ “རིགས་” དང་། “བདེ་གཤེགས་སྙིང་པོ་” སོགས་ཆོས་སྐད་ཀྱི་ཐ་སྙད་མང་པོ་སྦྱར་ཡོད་ལ། ད་རུང་ “རང་བཞིན་གནས་རིགས་” དང་ “རྗེས་འགྱུར་གྱི་རིགས་” ཟེར་བའི་དབྱེ་བ་གཉིས་སུ་བཀར་ཡོད། རིགས་ཀྱི་འདོད་ཚུལ་བྱེ་བྲག་ཏུ་བབས་ཚེ་མི་འདྲ་བ་མང་པོ་མཆིས་ནའང་། དབུ་མ་པས་རང་བཞིན་གྱིས་སྟོང་པའི་སེམས་ཀྱི་ཆོས་ཉིད་རིགས་སུ་འདོད་པ་དང་། སེམས་ཙམ་པས་ཟག་མེད་ཡེ་ཤེས་ཀྱི་ས་བོན་རིགས་སུ་འདོད་པ་གཉིས་ནི། རིགས་ཀྱི་རྣམ་གཞག་ཐད་ཚབ་མཚོན་གྱི་ལྟ་བ་གཉིས་སུ་བགྲང་ཆོག་ལ། སློབ་དཔོན་ཆོས་གྲགས་ཀྱིས་ཀྱང་ཕྱི་མའི་འདོད་ཚུལ་དེ་འཐད་ལྡན་དུ་ཁས་བླངས་ཡོད་པ་རེད།
དབུ་མ་པས་སེམས་བདེན་མེད་ཀྱི་ཆོས་ཉིད་རིགས་སུ་འདོད་པ་ལ། སེམས་ཙམ་གྱི་མཁས་པ་ཚོས་ནི། དེ་ལྟར་ན་གང་ཟག་སོ་སོར་ཁམས་གཤིས་མི་འདྲ་བ་དང་། ཤེས་རྟོགས་ཀྱི་རིམ་པ་མི་འདྲ་བའི་དབྱེ་བ་མི་འཐད་པའི་སྐྱོན་བཏང་ན་དོགས་སློང་བྱས་ཡོད་ན་ཡང་། དེ་ལ་དབུ་མ་པ་དག་གིས།
“བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །”
ཅེས་སྨྲས་ཏེ། རང་བཞིན་གནས་རིགས་ལ་མི་འདྲ་བའི་དབྱེ་བ་མེད་རུང་བརྟེན་ཆོས་རྗེས་འགྱུར་གྱི་རིགས་མི་འདྲ་བའི་རྒྱུ་མཚན་གྱིས། གང་ཟག་སོ་སོའི་ཤེས་རྟོགས་དང་ཁམས་གཤིས་མི་འདྲ་བའི་དབྱེ་བ་འཐད་ངེས་ཡིན་ཞེས་པའི་ལན་འདེབས་མཛད་ཡོད་པ་རེད། གང་ལྟར་སེམས་ཙམ་པ་ཁོ་རང་ཚོས་ནི། འདུས་བྱས་ཀྱི་ཁྱད་པར་ལྡན་པའི་རང་བཞིན་གནས་རིགས་ཤིག་འཇོག་གི་ཡོད་པས་དེ་དག་ལ་འགྲེལ་བཤད་རྒྱག་བདེ་བའི་ཁྱད་ཆོས་ཡོད། འོན་ཀྱང་། ཞིབ་ཏུ་ཕྱེ་ཚེ་ཤཱནྟི་པ་ལྟ་བུའི་སེམས་ཙམ་པ་འགའ་ཞིག་གིས་ཆོས་ཉིད་རིགས་སུ་འདོད་པའི་ཚུལ་ལུགས་ཁས་ལེན་ན་ཡང་དེ་དབུ་མ་པས་འཇོག་ཚུལ་དང་ཡོངས་སུ་ཐ་དད་རེད། རིགས་ཀྱི་གོ་བའི་སྟེང་ནས་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ནང་ལ་ཡང་། གཞན་སྟོང་དང་། རང་སྟོང་སྟེ་ལྟ་བའི་བཞེད་ཚུལ་མི་འདྲ་བ་གཉིས་བྱུང་ཡོད་པར་མ་ཟད། གནའ་བོའི་རྒྱ་གར་གྱི་ཕྱི་རོལ་པའི་གྲུབ་མཐའ་འགའ་ཞིག་གིས་ཀྱང་། དབང་ཕྱུག་སེམས་ཅན་ཀུན་གྱི་སྙིང་ལ་གནས་ཡོད་ཟེར་བ་སོགས་ནང་པའི་རིགས་ཀྱི་རྣམ་གཞག་དང་ཆ་འདྲ་བའི་བཤད་པ་བརྒྱབ་མྱོང་ཡོད་པ་རེད། གང་ལྟར་ <<རྣམ་འགྲེལ་>> ལས།
“སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །”
ཞེས་དང་།
“ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །
གཉིས་ནི་གློ་བུར་བྱུང་བ་སྟེ། །”
ཞེས་པའི་ཚིག་འདི་དག་གིས་སེམས་ཀྱི་རང་བཞིན་གཙང་བའི་འདོད་ཚུལ་འདི་ལྟར་བཤད་དེ། གང་ཟག་གི་རྒྱུད་ཀྱི་སེམས་སམ་ཤེས་པ་འདི་ལ་ནི་རང་ཉིད་གཅིག་པུར་དབང་བའི་ངོས་ཤིག་དང་། རྐྱེན་གཞན་ལ་དབང་བའི་ངོས་གཉིས་ཡོད་དེ། སེམས་ཀྱི་མ་གཞིའི་དོན་དམ་གྱི་ངོས་ནི་རྐྱེན་གང་གིས་ཀྱང་སྒྱུར་བཅོས་བཏང་མ་མྱོང་བ་ཞིག་དང་གཏོང་མི་ཐུབ་པ་ཞིག་ཀྱང་ཡིན་པས་སྐྱོན་གྱིས་མ་བསླད་པའི་གཤིས་དེ་སེམས་རང་སྟེང་གི་ཆོས་ཉིད་ལྟ་བུར་གནས་བསྡད་ཡོད་སྟབས། དེ་ནི་རང་ཉིད་གཅིག་པུར་དབང་བའི་ངོས་ཡིན་ཞིང་། རྐྱེན་གཞན་ལ་དབང་བ་ནི་སེམས་ཀྱི་གནས་སྐབས་ཙམ་སྟེ། ད་ལྟའི་ང་ཚོའི་སེམས་འདོད་ཆགས་དང་བཅས་པ་ལྟ་བུ་ཡིན་ཞེས་འདོད་ལ། ཆུ་ཤེལ་གྱི་ངོས་ལ་ས་དྲེག་གིས་གཡོགས་པ་ན། ཕྱི་ངོས་མི་གཙང་བར་བཟོས་པ་ལས་ཆུ་ཤེལ་གྱི་རང་བཞིན་ལ་ལྷད་མེད་པའི་དཔེ་དང་མཚུངས་པར། གལ་ཏེ་ཆུ་ཤེལ་གྱི་རང་བཞིན་མི་གཙང་བར་བཟོས་ཡོད་ཚེ་བཀྲུ་ཐབས་མི་རྙེད་པ་བཞིན། སེམས་གཤིས་ལ་སྐྱོན་གྱི་ཆ་ཞུགས་ཡོད་ཚེ་དག་པའི་གནས་མེད་ན་ཡང་། སྐྱོན་གྱི་འཛིན་པ་རྣམས་ནི་ཕྱིས་འབྱུང་གི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་འབའ་ཞིག་ཡིན་པ་དང་། གང་ཞིག་དེ་དག་སྐྱེ་བའི་གཞིའི་རྒྱུ་རྐྱེན་རྣམས་བཟློགས་པ་ན་དེ་དག་ཀྱང་རང་བཞིན་གྱིས་ལྡོག་འགྲོ་བ་ཡིན་པས། སེམས་གཤིས་ཀྱི་གྲུབ་སྟངས་དང་དེ་དག་གི་གྲུབ་སྟངས་ཐ་དད་པར་ཆགས་ཡོད་ཅེས་པའི་ལྟ་བ་བཟུང་ཡོད། དེས་ན་སེམས་ཟེར་བ་འདི་གྲུབ་ཙམ་ནས་ཡོན་ཏན་སྐྱེ་རུང་དང་། དྲི་མ་འབྲལ་རུང་གི་རང་བཞིན་ཅན་ཞིག་ཡིན་པའི་རྒྱུ་མཚན་གྱི་གཞི་ལ་བརྟེན་ནས། ཡུལ་གྱི་གནས་སྟངས་ལ་མཐུན་པའི་ཤེས་རབ་དང་། ཡུལ་གྱི་གནས་སྟངས་ལ་འགལ་བའི་ལོག་ཤེས་གཉིས་གཅིག་དེ་མཐའ་མེད་དུ་འཕེལ་རྒྱུ་ཡོད་ལ། ཅིག་ཤོས་དེ་མཐའ་མེད་དུ་འཕེལ་རྒྱུ་མེད་པའི་རིགས་ལམ་གྱི་ཁུངས་བཙལ་ཡོད།
སྤྱིར་བཤད་ན། ནང་པའི་ལྟ་གྲུབ་ཀྱི་མ་ལག་ཡོད་ཚད་སེམས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་གྱི་ནང་དུ་འདུ་བས། སངས་རྒྱས། བྱང་སེམས། ཉན་ཐོས། སོ་སྐྱེས་སོགས་གང་ཟག་ཡོད་ཚད་ཀྱི་སེམས་གཤིས་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་ནའང་། སེམས་ལ་སྦྱོང་བརྡར་བྱས་པའི་བཟང་ངན་དང་འབྲེལ་ནས་ཤེས་རབ་ཀྱི་རྟོགས་པ་དང་། བྱམས་བརྩེའི་མྱོང་བ་མི་འདྲ་བའི་མཐོ་དམན་བྱུང་བ་ཡིན་ནོ།།
{༥} ལྟ་བའི་རང་དབང་དང་འདུལ་ཁྲིམས།
དཔལ་ནཱ་ལནྡཱའི་རིག་གནས་ཀྱི་ཁོར་ཡུག་ནི་གུ་ཡངས་ལ་སྒམ་དཀྱེལ་ལྡན་པ་ཞིག་ཡིན་པས། མི་རང་རང་གི་ཤེས་རབ་ཀྱི་མཛེས་པ་ཕྱིར་ངོམ་ཆོག་པའི་རང་དབང་གི་འཇིག་རྟེན་ཆུང་ཆུང་ཞིག་ཡིན་ན་ཡང་། ཁོ་ཚོས་ལྟ་བའི་རང་དབང་དེ་ཤེས་རབ་ཀྱི་སྦྱོང་བརྡར་ཁྱད་པར་བ་ཞིག་ཏུ་ངོས་བཟུང་བ་ལས། འདུལ་བའི་སྤྱོད་ལམ་ལ་དམའ་འབེབས་པའི་ལག་ཆ་ཞིག་ཏུ་གཏན་ནས་ངོས་བཟུང་ཡོད་པ་མ་རེད།
སྤྱིར་ནང་པའི་ཆོས་ལ་དད་མོས་བྱེད་པ་དང་འདུལ་བའི་ཁྲིམས་ལ་གནས་པ་གཉིས་མི་འདྲ་བས། ནང་ཆོས་ཀྱི་དོན་ལ་ཉམས་ལེན་བྱེད་མཁན་གྱི་ནང་ན་ཁྱིམ་ལ་གནས་པ་དང་། ཁྱིམ་དང་བྲལ་བ་གཉིས་ཡོད་པ་ནི་གནའ་བོའི་རྒྱ་གར་ལ་ཡང་གཅིག་མཚུངས་ཡིན་ཞིང་། ལྷག་ཏུ་ནང་པའི་ཆོས་ལ་དད་མི་དད་རང་དབང་དང་། གྲྭ་པ་བྱེད་མི་བྱེད་རང་དབང་ཡིན་པ་ནི་དེ་ལས་ཀྱང་སྨོས་ཅི་ལ་དགོས།
འོན་ཀྱང་ནང་པའི་ཆོས་ལ་རབ་ཏུ་བྱུང་སྟེ་བཙུན་པའི་རྟགས་འཆང་བ་ནས་བཟུང་། གནས་ལུགས་དཔྱོད་པའི་ཤེས་རབ་ཀྱི་འཇུག་པ་ཤིན་ཏུ་རང་དབང་ཡིན་ན་ཡང་། ལུས་ངག་གི་སྤྱོད་པ་ནི་ཅི་ཐུབ་ཀྱིས་འདུལ་བའི་ཁྲིམས་ལ་གནས་རྒྱུ་དེ་དཔལ་ནཱ་ལནྡཱའི་མཁས་པ་ཚོའི་རྨད་དུ་བྱུང་བའི་ལག་ལེན་རེད། དགེ་འདུན་ཆོས་འཕེལ་གྱིས། “ནཱ་ལནྡཱ་ནི་མཁས་པའི་ཡོན་ཏན་གྱིས་གྲགས་པར་མ་ཟད། བཙུན་ཞིང་སྤྱོད་ལམ་གྱི་བཟང་བའི་ཆ་ནས་ཀྱང་རྒྱ་གར་ཡུལ་གང་པོའི་མིག་ལྟོས་ལྟར་བྱེད། དགོན་པ་བཏབ་ནས་དེ་བར་ནང་ཁྲིམས་དང་འགལ་བ་སུ་ཡང་མ་བྱུང་སྐད། གནས་བརྟན་ཚུལ་ཁྲིམས་དག་པ་ཞིག་གིས་སྦྱིན་བདག་གི་ཆུང་མ་ལ་གསོལ་རས་འདྲ་སྩལ་བར་ཅུང་ཟད་ཁ་ཟེར་བ་ཐོས་ནས་ཀྱང་གནས་སྤངས་ཏེ་གཤེགས་གསུངས།” (<<གཏམ་རྒྱུད་གསེར་ཐང་>> ལས་དྲངས།) ཞེས་བྲིས་པའི་དུམ་བུ་འདི་ཙམ་ལས་ཀྱང་དཔལ་ནཱ་ལནྡཱའི་དགེ་འདུན་དག་གི་བཙུན་པའི་ཡོན་ཏན་ཡིད་དང་བ་ཞིག་མཐོང་ཐུབ་ལ། རྒྱ་ནག་བཙུན་པའི་གསུང་སྒྲོས་ལས་ཀྱང་། ནཱ་ལནྡཱར་ཉེས་པ་ཆུང་ངུ་བསགས་པ་རེ་བྱུང་ཚེ། མི་དེའི་གྲིབ་གཟུགས་ལ་སྐྱོན་བརྗོད་བྱེད་པ་ལས་མི་ཁོ་རང་གི་ངོ་ལ་བལྟས་ནས་ཚིག་ངན་བརྗོད་པའི་སྲོལ་མི་འདུག་ཚུལ་བཤད་ཡོད་པས། དགོན་པའི་དོ་དམ་གྱི་ངོས་ནས་ཀྱང་རང་རེ་ལྟར་རྡུང་རྡེག་དང་། ཚིག་རྩུབ་སོགས་ཀྱི་སྒོ་ནས་མི་གཞིར་ཁྱད་གསོད་མི་བྱེད་པར། ཅུང་དཔལ་ཡོན་ལྡན་པའི་དོ་དམ་གྱི་ཐབས་ལམ་ཞིག་གི་ཐོག་ནས་འགྲོ་གི་ཡོད་པ་གསལ་པོར་དཔོག་ཐུབ། ལྷག་ཏུ་སློབ་དཔོན་འདུལ་བ་འཛིན་པ་ཡོན་ཏན་འོད་ཀྱིས། ཁོང་གི་ལྟ་བ་སེམས་ཙམ་པའི་ཕྱོགས་སུ་གནས་ཡོད་རུང་འདུལ་བའི་ལག་ལེན་ནི་སྔར་གྱི་ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་ཁོ་ནར་གཙིགས་སུ་བཟུང་སྟེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་ཕྱག་ལེན་གཞིར་བྱས་ནས་འདུལ་བའི་བསྟན་བཅོས་གྲགས་ཅན་ <<འདུལ་བ་མདོ་རྩ་བ་>> བརྩམས་པ་ལས་ནི། ནཱ་ལནྡཱའི་འདུལ་བའི་སྤྱོད་ལམ་གྱི་ཐད་ལ་གཞན་ལས་ལྷག་པའི་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཏེ། སྔར་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་འོད་སྲུངས་དང་ཉེ་བར་འཁོར་ལྟ་བུའི་གནས་བརྟན་དགེ་བའི་བཤེས་གཉེན་མང་དུ་བྱོན་མྱོང་ངོ་།།
དེ་ཡང་དཔལ་ནཱ་ལནྡཱའི་དགོན་པ་ནས་ཤེས་རབ་དང་བྱམས་བརྩེ་སྲོག་ཏུ་བཟུང་བའི་རིག་གནས་ཀྱི་འཕེལ་རིམ་ཅི་འདྲ་ཞིག་བརྒྱུད་པའི་སྐོར་རེ་ཞིག་འདི་ཙམ་གྱིས་མཚམས་འཇོག་རྒྱུ་ལས་ཞིབ་ཏུ་བརྗོད་པའི་རྔོ་མི་ཐོགས་སོ།།
མཇུག་གི་གཏམ།
མི་ལོ་བརྒྱད་བརྒྱ་ཙམ་གྱི་ཡུན་ལ། སྙིང་རུས་བརྟན་ཞིང་བློ་གྲོས་གསལ་བའི་སྐྱེས་བུ་གང་མང་ཞིག་ལྷན་དུ་ཚོགས་ནས། ཤེས་རབ་ཀྱི་འགྲན་རྩོད་དང་རིགས་ལམ་གྱི་བསྡུར་གཤིབ་མཚམས་མ་ཆད་པའི་མཇུག་འབྲས་སུ། རིན་ཆེན་སྒྲོན་མེ་ལྟ་བུའི་དཔལ་ནཱ་ལནྡཱའི་རིག་གནས་བསམ་བློ་མི་ཡུལ་དུ་བལྟམས་པ་རེད། ནང་སེམས་ཀྱི་རིག་གནས་དེ་ནི་མི་ཡི་སྙིང་སྟོབས་ཀྱི་བདག་འབྲས་སུ་སྨིན་པའི་གཙུག་ལག་གཞུང་ལུགས་ཤིག་ཡིན་པས། བདག་ཉིད་ལྟེ་བ་ཡིན་པའི་བྱ་བའི་ལག་ལེན་སྙིང་དོན་དུ་སྦྲུམ་ཡོད་པ་ལས། ཚངས་པ་དང་། ཁྱབ་འཇུག་སོགས་ལྷ་མཐུ་བོ་ཆེ་དག་གི་སྟོབས་ཤུགས་ལ་དངངས་ཤིང་ཞེད་དེ་མགོ་བོ་སྒུར་བའི་ལྟ་གྲུབ་ཅིག་གཏན་ནས་མ་རེད། སེམས་དང་སེམས་ཀྱི་སྟོབས་ནུས་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་ལས་བྱུང་བའི་རྒྱུ་འབྲས་ཕྲ་ཞིབ་ཀྱི་རིགས་ལམ་ཞིག་ཡིན་པ་ལས། རང་བྱུང་ཁམས་ཆེན་པོའི་ཆོས་ཉིད་རགས་པ་དག་ལ་འཇིགས་ཤིང་ཞེད་པའི་ཉི་ཚེ་བའི་ལྟ་གྲུབ་ཅིག་ཀྱང་ག་ལ་ཡིན།
ནམ་ཡང་མདུན་དུ་ཕྱོགས་ནས་བདག་ཉིད་ལས་འགོ་བརྩམས་ཏེ་ཤེས་རབ་ལ་སྦྱོང་བརྡར་བྱེད་རྒྱུ་དང་། བྱམས་བརྩེ་ལ་ཉམས་ལེན་བྱེད་རྒྱུའི་མི་ཚེའི་གནས་ལུགས་ཤིག་ཡིན་པ་ལས། མགོ་འཐོམ་མེ་ཕྱག་དང་སྐོར་བ་ཁ་ཤས་ཤིག་བྱས་ནས་གསོལ་བ་རེ་བཏབ་ན། སངས་རྒྱས་སུ་ཞིག་དང་བྱང་སེམས་གང་ཞིག་གིས་དྲངས་འགྲོ་བར་བསྙད་པའི་བྲན་གཤིས་ཀྱི་དམན་རྟོགས་ཤིག་མ་ཡིན་ནོ།།
བོད་མི་ཚོས “ནང་པའི་བསྟན་པ་ནི་རྒྱ་གར་ལས་ཀྱང་བོད་ལ་ཤིན་ཏུ་དར་མྱོང་” ཟེར། “བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་མྱོང་” ཟེར། ཁོ་བོ་ལོ་ན་ཆུང་དུས་སུ་སྐད་ཆ་དེ་དག་ལོ་རྒྱུས་ཡིག་ཚང་ལས་མཐོང་ཐེངས་རེ་རེ་དང་། མཁས་མིང་འཛིན་པ་ཚོས་རློམ་སེམས་དང་བཅས་སྐད་ཆ་དེ་དག་བཤད་པ་གོ་ཐེངས་རེ་རེར། རང་ཉིད་ཀྱང་ཁོ་ཚོ་དང་མཉམ་དུ་སྤོབས་པ་དང་ང་རྒྱལ་གྱིས་མྱོས་པ་ཐེངས་རེ་ཟུང་ག་ལ་ཡིན། འོན་ཀྱང་། ལོ་ཟླའི་འགྲོས་དང་བསྟུན་ནས་ཁོ་བོའི་མིག་འདུན་གྱི་ཡོད་ཚད་འགྱུར་སོང་། དེ་ཡང་རྩ་བ་ང་རང་ཉིད་འགྱུར་སོང་། ད་ལྟའི་ང་ནི་བྱིས་དུས་ཇི་བཞིན་གཞན་གྱིས་གང་སྨྲས་བདེན་པར་འཛིན་པའི “ལྷད་མེད་” ཀྱི་སེམས་པ་དེ་དང་རིང་དུ་གྱེས་སོང་།
ངའི་འཇིག་རྟེན་གྱི་ཕྱི་ནང་ཀུན་ཏུ་རྫུན་དང་རྫུས་མའི་བང་རིམ་རྔམས་མཐུག་པས། རང་ཉིད་ཀྱི་མིག་གིས་རང་ཉིད་ལ་བལྟ་བ་དང་། རང་ཉིད་ཀྱི་བློ་ཡིས་འཇིག་རྟེན་ལ་དཔྱད་པ་ནི་ཚེ་གང་གི་འདམ་ཀ་གཙོ་བོར་མི་འཛིན་ཐབས་མེད་དུ་གྱུར། གཞན་གྱི་མིག་ནང་ལ་མི་འགྲོ་བའི་ལམ་ཁ་དེ་ནས་ངས་དོན་དམ་པར་རང་ཉིད་ལ་དབང་བའི་ཤེས་བྱ་བཙལ་ཅིང་བཏུས་པས། སྔར་རང་སེམས་ན་ཚད་མར་གྲུབ་པའི་བདེན་དོན་མང་པོ་མང་པོ་ཞིག་རིམ་གྱིས་བྱེ་མའི་ཆངས་བུ་བཞིན་དུ་ཐོར་སོང་།
ལོ་འདི་དག་གི་རིང་ལ། སྟག་སེང་ཁ་སྤྲོད་དུ་འགྱིང་བ་ལྟ་བུའི་རྒྱ་གར་ནཱ་ལནྡཱའི་དགེ་བཤེས་ཚོའི་གསུང་རྩོམ་ལ་ཞིབ་ཏུ་མཇལ་དུས། སྐྱེས་བུ་སྔ་མ་དེ་དག་གིས་རྔུལ་ཆུས་བཞེངས་པའི་ཤེས་རབ་ཀྱི་ཁྱིམ་གཞིས་རེ་རེེས་བདག་གི་ཡིད་སེམས་དབང་མེད་དུ་བཀུག་སོང་། སྤྲོ་བས་མྱོས་སོང་། ངོ་མཚར་གྱིས་བཟི་སོང་། དེ་དང་ཆབས་གཅིག་ཏུ། “ནང་པའི་བསྟན་པ་རྒྱ་གར་ལས་ཀྱང་བོད་ལ་ཤིན་ཏུ་དར་མྱོང་” ཟེར་བའི་སྐད་ཆ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པའི་འུད་བརྗོད་རླབས་པོ་ཆེ་ཞིག་ཏུ་མཐོང་སོང་། བོད་པའི་ནང་བསྟན་ལོ་རྒྱུས་རེ་འགའི་ནང་གི་ཐིག་ཕྲེང་དེ་ཉིད་བསྐྱར་འབྲི་མི་བྱེད་ཐབས་མེད་དུ་རྟོགས་བྱུང་། དེ་ནས་བཟུང་ཆོས་འབྱུང་དག་ལས་སྐད་དེ་མཐོང་ཐེངས་རེར་ངའི་སེམས་ཀྱི་ཚོར་བའང་སྔར་གྱི་ང་རྒྱལ་མ་ཡིན་པར་ངོ་ཚ་དང་འཚེར་སྣང་ཞིག་ཏུ་གྱུར་སོང་།
ཁོ་བོ་ལ་ནི་མི་ལ་ལ་ནང་བཞིན་གཞན་གྱིས་གང་བྲིས་ཚིག་ཟིན་ལྟར་བློ་ལ་ངེས་སུ་འཇུག་པའི་སྡུག་རུས་དང་མོས་པ་གཉིས་ཀ་མེད་ན་ཡང་། དཔེ་ཆ་གསར་པ་ཅི་ཞིག་མཐོང་རུང་དེའི་བརྗོད་དོན་གྱི་སྤྱི་ཁོག་ལ་འདྲིས་ཙམ་བྱས་པའི་སྟེང་ནས་བསམ་གཞིག་ཅི་ནུས་རེ་གཏོང་རྒྱུ་དེ་སློབ་སྦྱོང་གི་གོམས་གཤིས་སུ་གྲུབ་ཡོད་པས། མི་ལོ་དུ་མའི་རིང་སྔོན་རབས་བོད་ཀྱི་མཁས་པའི་བརྩམས་ཆོས་སྣ་ཚོགས་ཅི་ནུས་ཀྱིས་ཀློག་ཅིང་སློབ་པའི་སྦྱོར་བ་བདག་གིར་བྱས། བློ་ཕམ་པ་ཞིག་ལ། མི་བོ་ཆེ་དག་གི་གསུང་འབུམ་དུ་བསྙད་པའི་གླེགས་བམ་བརྗིད་ཉམས་ཅན་འགའ་ཞིག་ནི། བསྟོད་ཚོགས་དང་། ཡུལ་ལྷ་གཞི་བདག་གི་བསང་མཆོད། གཟུངས་གཞུག་སྒྲུབ་ཚུལ་སྣ་ཚོགས། གནས་བཤད་དང་རབ་གནས་ཀྱི་སྐོར་སོགས་ཀྱིས་བཀང་ཡོད་པས། བསམ་བློའི་ལྗིད་ཀྱིས་མ་བཟུང་བའི་གླེགས་བམ་དེ་རིགས་ནི་བེམ་གཟུགས་ལྕི་བ་ཙམ་དུ་ཟད་སྙམ་པའི་ཞོར་ལ་འབྲི་མཁན་གྱི་དུས་ཚོད་ལ་ཕངས་སེམས་ཤིག་ཀྱང་ངང་གིས་ཤོར་སོང་།
ད་དུང་ནང་བསྟན་མཚན་ཉིད་རིག་པའི་སྐོར་ནས་བྲིས་པའི་ཡི་གེ་ལ་ལ་ནི་དེ་ལས་ཀྱང་མཚར་ཆེ་ལ་ཡིད་ཆད་པ་ཞིག་སྟེ། བོད་མི་ཚོར་བསྟན་བཅོས་ཆེན་མོར་གྲགས་ཤིང་གྲུབ་པ་འགའ་ཞིག་ཀྱང་བརྗོད་བྱའི་ཆ་ནས་ལྟ་ཅི། ཚིག་རིས་ཀྱང་མཁས་པ་གཞན་གྱི་གསུང་བསྐྱར་པར་དུ་བཏབ་པ་འདྲ་བའི་གཟུགས་བརྙན་འབུར་རྗེན་དུ་མིག་ལམ་ནས་བརྒྱུད་ཚེ། སེམས་ཀྱི་གཏིང་དང་ཡིད་ཀྱི་མཐིལ་ནས་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་དབུགས་རིང་ཁམ་གང་མི་ཤོར་བའི་རང་དབང་ག་ལ་ཡོད།
མིག་སྔུན་དུ་བཤམས་པའི་བདེན་པ་དེ་དང་དེ་འདྲར་སྔ་རྗེས་སུ་ཕྲད་པས། ཆུང་དུས་སུ་ཡིད་ངོར་ཁྲ་ལམ་མེར་བྲིས་པའི་སྐར་ཚོགས་ལྟ་བུའི་མཁས་པ་རྣམས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། བསམ་ཞིང་བསམ་དུས། གངས་རིའི་ལྗོངས་སུ་རྟོགས་པའི་ཡོན་ཏན་དང་བཙུན་པའི་ཡོན་ཏན་མངའ་བ་ནི་མང་ཙམ་བྱོན་ཡོད་སྐད་འདུག་མོད། ནང་བསྟན་མཚན་ཉིད་རིག་པའི་ཕྱོགས་སུ་དོན་དམ་པའི་མཁས་པ་ཉུང་ཤས་ཤིག་ལས་ཕེབས་མེད་པར་སྙམ་པས། “བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་མྱོང་” ཟེར་བའི་སྐད་ཆ་དེ་ཡང་འགན་མི་འཁུར་བའི་རྫུན་གཏམ་ཞིག་རེད་ཅེས་མི་བརྗོད་མཐུ་མེད་བྱུང་།
ལྷག་པར་དུ་ “ནང་པའི་བསྟན་པ་རྒྱ་གར་ལས་ཀྱང་བོད་ལ་ཤིན་ཏུ་དར་མྱོང་” ཟེར་བ་དེ་ཆོས་ལ་དད་མོས་བྱེད་མཁན་གྱི་མང་ཉུང་དང་ཆོས་ཀྱིས་སྲིད་ལ་དབང་བསྒྱུར་བའི་སྟོབས་ཤུགས་ཆེ་ཆུང་བསྡུར་ན་དེ་ལྟར་སྨྲ་རུང་བ་ཙམ་ཡོད་ཀྱི། ནང་བསྟན་མཚན་ཉིད་རིག་པར་མཁྱེན་དཔྱོད་གཞན་དྲིང་མི་འཇོག་པའི་མཁས་པ་ཅི་ལྟར་བྱོན་པའི་གྲངས་ཚད་ནས་འཇལ་ན་ནི་རང་བསྟོད་འུད་བརྗོད་བྲག་ཅའི་རོལ་དབྱངས་ལྟ་བུ་ཞིག་ལས་མ་འདས་པར་སྙམ།
སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ལས་ཀྱང་བོད་ལ་དར་མྱོང་ཟེར་བའི་སྐད་ཆ་དེ་ཇོ་བོ་རྗེས་གསུངས་པར་འུ་ཚོས་ང་རྒྱལ་བྱས་པ་ཡིན་ན་ནི་དེ་ལས་ཀྱང་དགོད་བྲོ་བ་ཞིག་སྟེ། ཇོ་བོས་བསམ་ཡས་སུ་རྒྱ་གར་ནས་མ་མཐོང་བའི་ཆོས་དཔེ་རྙིང་པ་འགའ་ཞིག་གཟིགས་ཚེ་ཐུགས་དགའ་བའི་གསུང་ཚིག་གཅིག་ཐོན་པ་དེ་ཙམ་གྱིས་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ག་ལ་ཐུབ།
གནའ་དུས་ཀྱི་རྒྱ་གར་ཧྲིལ་པོའི་ནང་བསྟན་མཁས་པའི་གནས་ཚུལ་ད་ལྟ་འུ་ཅག་གིས་དཔོག་དཀའ་ནའང་། གཟུ་བོའི་བློ་མིག་གིས་དེང་སྐབས་བོད་ཡིག་ཏུ་བཞུགས་པའི་དཔལ་ནཱ་ལནྡཱའི་དགོན་པ་གཅིག་པུའི་དགེ་བཤེས་དག་གི་གསུང་རྩོམ་ལ་མཇལ་དུས། མི་ཚེ་ཤེས་རབ་ལ་བསྟིམས་པའི་སྔོན་རབས་པ་དེ་ཚོའི་དཔྱོད་ཤེས་ཀྱི་སྙིང་བཅུད་སྦྲུམ་པའི་ཡིག་འབྲུ་རེ་རེ་ཡང་བདག་གི་བློ་ངོར་ལྗིད་ཏིག་ཏིག་ཡིན་པས། གུས་འདུད་ཀྱི་ཡིད་དང་དགའ་མགུའི་འཛུམ་བཅས་བརྩམས་ཆོས་དེ་དག་ལ་ “ལེགས་བཤད་” ཅེས་པའི་ཆོ་ལོ་དབང་མེད་དུ་འབུལ་དགོས་བྱུང་བ་དང་ཆབས་ཅིག་ཏུ། དོན་དམ་པའི་དགེ་བཤེས་དེ་ཚོའི་བརྩམས་ཆོས་ལས་རྩོམ་མཁན་དག་གི་དཀའ་སྤྱད་ཞུམ་མེད་ཀྱི་སྡུག་རུས་དང་། ཞིབ་འཚོལ་བདེན་དཔྱོད་ཀྱི་མཁྱེན་རབ་མཐོང་ཚེ། སྐབས་དེའི་རྒྱ་གར་གྱི་ནང་བསྟན་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ངོ་མཚར་དང་ཡི་རང་ཅིག་ཅར་དུ་སྐྱེས་བྱུང་ལ། ཡང་འདང་རྒྱག་ཕྱོགས་ཤིག་གིས་མཚན་བྱང་རི་བོས་མི་ཐེག་པ་སྣ་ཚོགས་སྦྱར་བའི་རང་རེ་བོད་ཀྱི་བྲིས་རྩོམ་འགའ་ཞིག་དོན་གནད་ལ་མ་ཁེལ་བའི་ཚིག་གསོབ་ཀྱིས་གཏམས་པ་དྲན་ཡོང་དུས། དེ་དག་རྣམ་ཤེས་ཀྱི་གཟུངས་གཞུག་དང་ཤེས་རབ་ཀྱི་ཟས་སུ་བསྟེན་པའི་སློབ་གཉེར་བ་བརྒྱ་སྟོང་དུ་མའི་མི་ཚེའི་རིན་ཐང་ལ་ཁོང་འདར་ཞིག་ཀྱང་མི་ཤོར་རམ།
དེ་ལྟར་ཡི་ཆད་ཀྱི་ངང་ནས་ཕྱིར་བལྟས་དུས། མི་ལོ་བརྒྱད་བརྒྱ་ཙམ་གྱི་དུས་ཚོད་ནང་དཔལ་ནཱ་ལནྡཱའི་དགོན་པ་ནས། ནང་བསྟན་མཚན་ཉིད་རིག་པའི་མཁས་པ་འབོར་ཆེན་ཞིག་སྐྱེད་སྲིང་བྱས་ཡོད་པར་མ་ཟད། མཁས་པ་རྣམ་དཔྱོད་ཅན་དེ་དག་གི་རིགས་སྟོབས་ཀྱི་འཆར་སྒོ་ལས་གདོད་མའི་སངས་རྒྱས་པའི་གཞི་ལམ་གྱི་རྣམ་གཞག་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་བཏང་བ་ལས་མཐར་ཁོ་ཚོ་གྲུབ་མཐའ་ཆེན་པོ་བཞི་དང་ཆུང་བ་སྣ་ཚོགས་སུ་གྱེས་པའི་བརྒྱུད་རིམ་ནི། ལོ་རྒྱུས་ཐོག་ནང་བསྟན་མཚན་ཉིད་རིག་པ་འཕེལ་རྒྱས་ཀྱི་རྩེ་མོར་སོན་པའི་དུས་རབས་སུ་ངོས་འཛིན་རུང་བས། སངས་རྒྱས་ཆོས་ལུགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ནང་། རྒྱ་གར་ནཱ་ལནྡཱའི་དགོན་པ་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཏུ་གཟི་བརྗིད་ནམ་ཡང་མི་ཉམས་པའི་འོད་ཆེན་གྱི་སྐར་མ་ཞིག་དང་འདྲ་ཞེས་སྨྲས་ན་རྫུན་གྱི་ཉེས་པ་ཕྲ་མོས་ཀྱང་མི་གོས་པར་ངེས་སོ།།
མཇུག་མཐར། སྟོན་པ་དང་བསྟན་པ་གཅིག་པའི་ཆོས་གྲོགས་ཐུན་མོང་གི་སྙན་དུ། ཐུབ་བསྟན་རིན་པོ་ཆེ་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་པའི་དེང་གི་སྐབས། ང་ཚོས་རང་སྟེང་ནས་སྤོབས་པ་དང་སྙིང་སྟོབས་ཤིག་བཙལ་ཏེ། ཡང་བསྐྱར་དཔལ་ནཱ་ལནྡཱའི་འོད་སྟོང་ལྡན་པའི་བཤུལ་ལམ་འཚོལ་བར་རིགས་སོ་ཞེས་མིག་ཆུ་དང་བསྲེས་པའི་གདུང་འབོད་སྐྱོ་ལྷང་ངེ་བ་ཞིག་བྱེད་དོ། ། ༢༠༠༧.༥.༣
ནཱ་ལནྡཱའི་སྐོར་ལ་དཔྱད་གཞི་ཤིན་ཏུ་དཀོན་པས་ནོར་བ་དང་ཆ་མི་ཚང་བ་ཅི་ཡོད་ཀྱི་ཐད་ནས་དགོངས་འཆར་གནང་རྒྱུའི་རེ་བ་བཅངས་ཡོད་ལ། འདིའི་ནང་གི་མི་སྣའི་བར་གྱི་སྐད་ཆ་རེ་གཉིས་ཤིག་ལོ་རྒྱུས་སུ་མི་གསལ་ཡང་། གཏམ་རྒྱུད་དངོས་ཀྱི་བྱུང་རིམ་དང་མཐུན་པར་རང་བཟོ་བྱས་པར་དགོངས་འགལ་མེད་པ་ཞུ།།
[1] བཤད་རྒྱུན་ཙམ་ལ་ཆ་འཇོག་བྱས་པ་ཡིན་གྱི། པཎྜི་ཏའི་མཚན་ཐོབ་ལོན་པ་ལ་ངེས་པར་དུ་ཕྱི་རོལ་པ་ལས་རྒྱལ་དགོས་པའི་ཁུངས་ཚད་ལྡན་ཞིག་མ་རྙེད་དོ།།
[2] ཁ་བྱང་གི་ནང་དུ་ “རྟོན་བཞི་” ཞེས་བྲིས་ཡོད་ནའང་། འདི་རུ་རྟོན་པ་དང་པོ་ཙམ་ལས་བཤད་མེད་པས། ཕྱི་མ་གསུམ་རྗེས་སུ་ག་ལེར་བྲི་འཆར་ཡོད་དོ།།
[3] ཐོགས་མེད་ནཱ་ལནྡཱའི་དགོན་གྱི་ཡིན་མིན་ལ་ལོ་ཚིགས་ཀྱི་ཆ་ནས་དོགས་གཞི་ཅུང་ཆེ།
[4] དབྱིག་གཉེན་གྱི་དངོས་སློབ་ཏུ་འདོད་མཁན་ཡོད་ན་ཡང་ལོ་ཚིགས་འགྲིག་དཀའ་འོ།།
[5] མཐོ་ཤོས་ཟེར་བ་འདི་ནི། བྱམས་བརྩེ་གོམས་པ་མཐར་ཕྱིན་པའི་དོན་མིན་ཏེ། དེ་ནི་སངས་རྒྱས་ཁོ་ནའི་ཡོན་ཏན་དུ་ངེས་པའི་ཕྱིར།
[6] གཟུགས་ཀྱིས་ཤེས་པའི་ཉེར་ལེན་གྱི་རྒྱུ་བྱས་པ་མེད་པ་ཡིན་གྱི་ལྷན་གཅིག་བྱེད་རྐྱེན་ཙམ་བྱས་པ་ཡོད་དོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།