༢༽ ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད།
ལོ་ཙཱ་བ་དཔལ་ལྷ་བཙུན་པ་ཞི་བ་འོད་མཆོག་ནི། (ལྷ་ཞི་བ་འོད།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང༌། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཐོག །དེ་རྗེས་ཁ་ཆེ་དང༌། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་པ་དང༌།
ལེགས་སྦྱར་གྱི་སྐད་ལ་ཡང་བྱང་ཆུབ་པ་མཛད་ཅིང་། རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་ནི་བཀའ་འགྱུར་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ་དང་། དཔལ་མཆོག་དང་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད་སོགས་དང་། བསྟན་འགྱུར་ལས། ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་དང་། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། ལྷག་པར་སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིའི་ཞལ་སྔ་ནས་ཀྱིས་མཛད་པའི་རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལོ་ཙཱ་བ་འདི་ཉིད་ཀྱིས་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་སོགས་དུ་མ་བཞུགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༦ ནས་ ༤༢༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།