༦༽ མཁན་པོ་ཡང་དག་རྣམ་སྣང་མཛད།

༦༽ མཁན་པོ་ཡང་དག་རྣམ་སྣང་མཛད།

 

དེ་ཡང་གྲུབ་པ་བརྙེས་ཤིང་འཕགས་པའི་ཡོན་ཏན་དང་ལྡན་པའི་རྣམ་པར་སྣང་མཛད་བཟང་པོ་ཞེས་པ་མཁན་ཆེན་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་ཡིན་པ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པའི་མཛད་བྱང་ལས[1]།

མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །

ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེངྒེ་བཟང་པོས་བྱས། །

ཞེས་དང་། དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་གདབ་པ་ལས་ཀྱང་[2]།

རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ། །ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། །

རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། །འགྲོ་བའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་འགྲོ་བའི་རྩ་ལག་གསུམ་གྱི་ཡ་གྱལ་སློབ་དཔོན་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་གཞན་ལ་རྣམ་སྣང་མཛད་དམ་མཁན་པོ་ཡང་དག་རྣམ་སྣང་མཛད་ཅེས་ཀྱང་ཞུ་སྲོལ་མཆིས་ལ། གཞན་ཡང་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[3]། བཙུན་པ་གྲོལ་སྡེའི་སློབ་མ་མཆོག་གི་སྡེ། དེའི་སློབ་མ་དུལ་བའི་སྡེ། དེའི་སློབ་མ་གྲགས་པའི་དཔལ་དང་། མཁན་པོ་རྣམ་སྣང་མཛད། མཁན་ཆེན་ཞི་བ་འཚོ་གསུམ་དོན་གཅིག་མཚན་གྱི་རྣམ་གྲངས་ཡིན་གསུངས། དེ་ལྟར་མཁན་ཆེན་ཞི་བ་འཚོས་མཛད་པའི་གསུང་རྩོམ་ཆོས་ཚན་ཁག་ ༡༩ བཞུགས་པའི་མཛད་བྱང་ཁག་ཏུའང་སློབ་དཔོན་ཞི་བ་འཚོ་དང་། མཁན་ཆེན་བོ་དྷི་ས་ཏྭ། སློབ་དཔོན་ཤནྟ་རཀྵི་ཏ་བཅས་མཚན་ཁག་གསུམ་གསལ་ནའང་། མཚན་གྱི་རྣམ་གྲངས་གཞན་རྣམ་སྣང་མཛད་དང་། དཔལ་ལྡན་ཞི་བ་འཚོ། དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱངས་གསུམ་མཛད་བྱང་དུ་འཁོད་པའི་གསུང་གཅིག་ཀྱང་མི་སྣང་ངོ་།།   །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ ཤོག་གྲངས་ ༣༥༣

[2]  བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡

[3]  བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༧ ནས་ ༡༦༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *