ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དེ་ཡང་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ནང་པའི་ཚད་མ་རིག་པའི་སྒོ་བརྒྱ་ལེགས་པར་ཕྱེ་བའི་ཚུལ་ལས་བརྩམས་ཏེ་རྣམ་དཔྱོད་ཀྱི་བློ་མིག་སྦྱིན་པར་མཛད་མཁན་གྱི་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པའི་དོན་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་ཕྱིན་ཅི་མ་ལོག་པར་སྟོན་པའི་བཞི་བཅོམ་དྲུག་ལྡན་གྱི་སྟོན་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤོབས་པ་བཞི་ལྡན་གྱི་བཀའི་གཞུང་ལུགས་རྣམས་ནི། རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་ (1387-1462) གྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ལས[2]།
རིགས་པའི་ལམ་གྱིས་རིགས་མིན་སྨྲ་བ་གང་ཞིག་རིགས་མིན་ལམ་འཇུག་རྣམ་བཟློག་ནས། །
མ་ནོར་དོན་རྣམས་ཇི་བཞིན་ནོར་བ་མེད་པའི་ཡང་དག་ཤེས་པས་གནས་ལུགས་དོན། །
ཤེས་བྱའི་གནས་ལ་ཤེས་བྱེད་ཚད་མས་རང་གིས་ལེགས་རྟོགས་གཞན་ལ་སྟོན་པ་ཡི། །
དོན་དང་དོན་མིན་རྣམ་པར་དཔྱོད་མཛད་ཕྱོགས་ཀྱི་གླང་པོ་གང་དེ་རྒྱལ་གྱུར་ཅིག །
མཐའ་ཡས་ཤེས་བྱའི་གནས་ལུགས་མ་ལུས་དོན་རྣམས་ཀུན། །
མཐའ་གཉིས་སྤངས་པ་སྟོང་པ་བདེན་མེད་དེ་ཉིད་དུ། །
རིགས་པས་བསྒྲུབས་ནས་དངོས་སྟོབས་རིགས་པ་དོན་གཉེར་ལ། །
རིགས་པས་སྟོན་མཛད་ཆོས་ཀྱི་གྲགས་པ་གང་དེ་རྒྱལ་གྱུར་ཅིག །
ཅེས་གསུངས་པ་ལྟར་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་ཕྲ་ཞིབ་ཀྱིས་སྟོན་པའི་ཕྱིར་དུ། ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་ལས[3]།
ཆོས་ཀུན་གཏན་ལ་འབེབས་བྱེད་ཚད་མའི་གཞུང་། །
གཏན་ཚིགས་རིག་པ་འགྲོ་ལ་གསལ་མཛད་པ། །
འཕགས་པས་རྗེས་བཟུང་ཕྱོགས་ཀྱི་གླང་པོ་ཞེས། །
རྣམ་དག་རིག་པའི་དབང་ཕྱུག་ཆེ་དེ་རྒྱལ། །
ཞེས་གསུངས་པ་ལྟར་ཐོག་མར་ཚད་མའི་རྣམ་གཞག་སྟོན་པའི་གཞུང་ལུགས་བརྒྱ་ཕྲག་ལོང་པ་ལེགས་པར་བརྩམས་ཤིང་། ཕྱིས་སུ་དེ་དག་གི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཚད་མ་ཀུན་ལས་བཏུས་པ་ཞེས་བསྟན་བཅོས་ཀུན་གྱི་མིག་ཏུ་གྱུར་པའི་གཞུང་ལུགས་མཛད་ནས། ནང་པའི་ཚད་མ་རིག་པའི་སྒོ་མོ་བརྒྱ་ཕྲག་ལེགས་པར་ཕྱེ་སྟེ་སྙིང་ནས་རྣམ་གྲོལ་དོན་དུ་གཉེར་བ་རྣམས་ལ་ཐར་ལམ་གྱི་གནས་ལུགས་དངོས་སྟོབས་རིགས་པའི་ལམ་ནས་གསལ་བར་མཐོང་བའི་རྣམ་དཔྱོད་ཀྱི་བློ་མིག་བརྩེ་བས་སྦྱིན་པར་མཛད་པའི་ཚད་མ་པ། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་མཚན་གྱི་སྙན་པ་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༣༧
[2] དགེ་བ་རྒྱལ་མཚན་ཀུན་བཏུས། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢ན༡
[3] ཨ་མེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་ཤོག་ ༡༨བ༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༩ ནས་ ༣༥༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།