ལེའུ་བཅུ་དྲུག་པ། ནཱ་ལེནྡྲའི་གནའ་ཤུལ་གསར་རྙེད་དང་སླར་གསོ།
ཀ༽ ནཱ་ལེནྡྲའི་གནའ་ཤུལ་གསར་རྙེད་བྱུང་ཚུལ།
དེ་ཡང་དུས་རབས་བཅུ་གཉིས་པའི་དུས་མཇུག་དང་བཅུ་གསུམ་པའི་དུས་འགོ་ཙམ་སྟེ། ཕྱི་ལོ་ ༡༡༩༣ ལོར་བོད་པས་གྲུ་གུ་དང་། རྒྱ་གར་བས་ཏུ་རུ་ཥ་སྟེ། དེང་སྐབས་ཡོངས་གྲགས་སུ་ཏུར་ཀེ་ (Turkish) ཞེས་འབོད་པའི་ཁ་ཆེའི་དམག་དཔུང་གིས་རྒྱ་གར་དུ་བཙན་འཛུལ་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་སོགས་གཏོར་བཤིག་བྱས་ནས་རྗེས་ཤུལ་ཙམ་ལས་མེད་པར་བཟོས་རྗེས།
ཕྱི་ལོ་ ༡༨༦༡ ལོར་དབྱིན་ཇིའི་དམག་དཔོན་ཟུར་པ་ཨེ་ལེག་ཛན་ཊར་ཀ་ནི་ཀམ་ (Alexander Cunningham1814-1893 )

ཞེས་པ་རྒྱ་གར་གྱི་གནའ་ཤུལ་དཔྱད་ཞིབ་ཀྱི་མེས་པོར་གྲགས་པ་དེས་ནང་པའི་གནའ་ཤུལ་རྣམས་ལ་དོ་སྣང་ཆེན་པོ་བྱུང་སྟེ། ཐང་རྒྱལ་རབས་ཀྱི་བཙུན་པ་ཐང་སན་བླ་མའི་ལམ་ཡིག་དང་། ས་འོག་ནས་རྙེད་པའི་སངས་རྒྱས་ཆོས་ལུགས་ཀྱི་རྡོ་རིང་སོགས་ལ་བརྟེན་ནས་དཔལ་ནཱ་ལེནྡྲར་བརྟག་ཞིབ་བྱེད་འགོ་བརྩམས་ཏེ་དགོན་ཤུལ་རྙེད་སོན་བྱུང་སྟེ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྗེས་ཤུལ་ཁག་གཅིག་ས་འོག་ནས་བཏོན་པར་མ་ཟད། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་སྤྱིའི་གཞི་ཁྱོན་ལ་མི་ཊར་གྲུ་བཞི་མ་ས་ཡ་གཅིག་ཙམ་ཡོད་པ་ཤེས་རྟོགས་བྱུང་བས། རྒྱ་གར་གྱི་གནའ་ཤུལ་དཔྱད་ཞིབ་ཁང་གསར་འཛུགས་གནང་བ་དང་། ཁོང་སྒྲིག་འཛུགས་དེའི་ངེས་སྟོན་པར་བསྐོ་གཞག་བྱུང་། དེ་ཡང་བྷི་ཧར་མངའ་སྡེའི་རྒྱལ་ས་པར་ཎ་ནས་ཀི་ལོ་མི་ཊར་ ༡༠༢ ཙམ་གྱི་སར་བྷར་གྷའོན་ཞེས་པའི་གྲོང་ཚོ་དེའི་ནང་རི་ཆུང་ཆུང་ལྟ་བུའི་ས་ཕུག་ཅིག་གི་འགྲམ་དུ་ནཱ་ལེནྡྲ་འཕགས་པའི་དགེ་འདུན་གྱི་གཙུག་ལག་སློབ་གཉེར་ཁང་ཞེས་བྲིས་ཡོད་པ་གཟིགས་མ་ཐག་ཏུ་ཕྱི་ལོ་ ༦༤༦ ལོར་རྒྱའི་བཙུན་པ་ཐང་སན་གྱི་ལམ་ཡིག་ཏུ་གསལ་བའི་ནཱ་ལེནྡྲའི་གཙུག་ལག་ཁང་གི་གནའ་ཤུལ་ཡིན་པ་ཤེས་རྟོགས་བྱུང་སྟེ། ཕྱི་ལོ་ ༡༩༡༥ ལོར་རྒྱ་གར་གཞུང་གི་གནའ་རྫས་བརྟག་དཔྱད་སྡེ་ཁག་ནས་སྔོག་འདོན་བྱས་པར་ས་ཕག་དམར་པོས་བསྐྲུན་པའི་མཆོད་རྟེན་དང་། ཚོགས་ཁང་། གྲྭ་ཤག་མང་པོ་སོགས་ཐོན་པར་མ་ཟད། རྒྱུ་སྤུས་ལེགས་པའི་ཟངས་སྐུ་དང་། ཟངས་སྡེར། ནཱ་ལེནྡྲའི་ཐམ་ག་སོགས་གནའ་རྫས་སྟོང་ལྷག་ས་འོག་ནས་ཐོན། གནའ་རྫས་དེ་རྣམས་ད་ལྟ་ནཱ་ལེནྡྲའི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།
ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་གཞུང་གིས་འཆར་གཞི་བཀོད་དེ་དཔལ་ལྡན་ནཱ་ལེནྡྲ་བསྐྱར་བཞེངས་བྱས་པ་དང་། པཱ་ལི་ཞིབ་འཇུག་ཁང་བཙུགས་པ་སོགས་གནང་ཡོད། དེ་སྔོན་རྒྱ་བོད་སོགས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་མཁས་པ་ཁྲི་སྟོང་མང་པོའི་ཡིད་དབང་འཕྲོག་མྱོང་བའི་དཔལ་ནཱ་ལེནྡྲའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཡང་འཛམ་གླིང་ཤུལ་བཞག་དངོས་པོའི་མིང་ཐོར་བདམས་ཤིང་། ནཱ་ལེནྡྲའི་དགོན་ཤུལ་ནས་རྙེད་པའི་རྡོ་སྐུའི་སྣང་བརྙན་དང་། ཡིག་རིགས་སོགས་གནའ་དངོས་ཁག་གི་འགྲེམས་སྟོན་ཁང་དུ་མཇལ་རྒྱུ་ཡོད།

༼དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་གནའ་ཤུལ་རྙིང་པའི་ས་འོག་ནས་རྙེད་པའི་ཐམ་ཀ །དེ་ཡང་ལུང་ཕྲན་ཚེགས་ལས། རྒྱ་ནི་གཉིས་ཏེ། དགེ་འདུན་གྱི་དང་གང་ཟག་གིའོ། །དེ་ལ་དགེ་འདུན་གྱི་ནི་དབུས་སུ་འཁོར་ལོ་བྲིས་ལ། གློ་གཉིས་སུ་རི་དྭགས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲི་བར་བྱའོ། །གང་ཟག་གི་ནི་རུས་པའི་ཀེང་རུས་སམ། མགོའི་ཐོད་པ་བྲི་བར་བྱའོ། །ཞེས་གསུངས་པའི་དགེ་འདུན་པའི་རྒྱ་སྟེ། ཐམ་ཀའོ། །ཐམ་ཀ་འདིའི་ཁ་རིས་སུ། ཤྲཱི་ནཱ་ལེནྡྲ་མཧཱ་བི་ཧར་ཏེ། བོད་སྐད་དུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོ། ཞེས་རི་དྭགས་ཆོས་འཁོར་གྱི་ལས་རྟགས་དང་ཁ་རིས་ཅན་གྱི་ཐམ་ག་འདི་ཉིད་ནི། མཁས་དབང་དགེ་ཆོས་ཀྱིས། རྡོ་དང་བྱེ་མ་བསྲེས་པ་ལས་བཟོས་པའི་དཔལ་ནཱ་ལེནྡྲའི་ཐམ་ག་ཞེས་པ་འདིའོ། །)
བློ་གྲོས་རྒྱ་མཚོས་བརྩམས་པའི་རྒྱ་གར་གྱི་གནའ་བོའི་ནང་པའི་སློབ་གྲྭ་ཆེན་པོ་དཔལ་ན་ལེན་དྲའི་གཙུག་ལག་ཁང་ལས[1]། ཕྱི་ལོ་ ༡༩༡༥ ནས་ ༡༩༣༧ ལོར་རྒྱ་གར་སྲིད་གཞུང་གི་གནའ་རྫས་བརྟག་དཔྱད་པ་རྣམས་ཀྱིས་བྷི་ཧར་ཞིང་ཆེན་གྱི་པ་ཀྲེ་ནའི་ཤར་ལྷོ་ཕྱོགས་ཀྱི་པ་ལ་ཀུང་གྲོང་སྡེ་རུ་ས་བརྐོས་ནས་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་ཤུལ་རྣམས་རྙེད། ས་བརྐོས་ནས་རྙེད་པ་ལྟར་ན། གནའ་བོའི་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་གི་ས་རྒྱ་ཆེ་ཆུང་ལ་མི་ཊར་གྲུ་བཞི་མ་ས་ཡ་གཅིག་ཡོད་པ་དང་། དགེ་འདུན་པ་བཞུགས་སའི་ཁང་མིག་སུམ་བརྒྱ་ལྷག་ཙམ་ཡོད། སྔོག་འདོན་བྱུང་བའི་གྱང་རོ་ཁག་ལ་བལྟས་ཚེ་སྐབས་དེར་གཙུག་ལག་ཁང་ ༦ དང་། དགོན་པ་ ༡༡ ཡོད་པ་ཤེས་རྟོགས་བྱུང་ཡོད། གཙུག་ལག་ཁང་ཆེ་ཤོས་གཅིག་གི་ས་རོ་རྡོ་རོའི་འོག་ནས་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ། འོད་ཟེར་ཅན་མ་སོགས་སྐུ་བརྙན་མང་པོ་རྙེད་སོན་བྱུང་ཡོད་ལ། ད་ལྟ་མཇལ་རྒྱུ་ཡོད་པའི་གནའ་ཤུལ་དེ་ནཱ་ལེནྡྲའི་ཆ་ཤས་ཆུང་ཆུང་ཞིག་ཡིན་ཅིང་། དཔལ་ནཱ་ལེནྡྲའི་ཁང་བརྩེགས་ཀྱི་བཟོ་བཀོད་རྣམས་གཞན་ལ་མིག་དཔེར་འོས་པ་ཞིག་དང་། ལྷག་པར་རྣམ་དཔྱོད་ཡར་རྒྱས་ཀྱི་ཆ་ནས་རྒྱ་གར་ལ་གསེར་གྱི་བྱིའུ་ཞེས་འབོད་པའི་དུས་ཀྱི་གནའ་ཤུལ་རེད།

(ཕྱི་ལོ་ ༡༩༡༧ ལོར་གནའ་རྫས་རྟོག་ཞིབ་པས་དཔལ་ནཱ་ལེནྡྲའི་དགོན་ཤུལ་སྔོག་བཞིན་པའི་རྣམ་པ།)
རྒྱ་གར་ལ་རང་དབང་རང་བཙན་ཐོབ་རྗེས། རྒྱ་གར་སྲིད་གཞུང་གིས་ནཱ་ལེན་དྲའི་གཙུག་ལག་ཁང་གི་ཤུལ་དུ་པཱ་ལིའི་ཡི་གེ་དང་། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བརྟག་དཔྱད་གླིང་ཞེས་པ་ཞིག་བཙུགས་ཤིང་། སམ་སྐྲི་ཏའི་ཡི་གེ །ཉི་ཧོང་གི་ཡི་གེ །རྒྱ་ནག་གི་ཡི་གེ །པཱ་ལིའི་ཡི་གེ །གངས་ཅན་བོད་ཀྱི་ཡི་གེ་སོགས་སློབ་ཁྲིད་བཙུགས་ཏེ། རྒྱལ་ཁབ་སོ་སོ་ནས་འོངས་པའི་སློབ་མ་རྣམས་ཀྱང་འདིར་བསྡུས་ནས་ནང་པའི་ཆོས་ལུགས་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་སྐད། བརྟག་དཔྱད་གླིང་འདིས་ཉེ་བའི་ལོ་འགའི་རིང་ལ་པཱ་ལིའི་ཡི་གེ་ལས་བྲིས་པའི་ནང་པའི་ཆོས་ཀྱི་གསུང་རབ་ཡོངས་སུ་རྫོགས་པ་ལེགས་པར་བསྒྲིགས་ཤིང་ཞུས་དག་བྱས་ནས་དཔར་དུ་བསྐྲུན་ཡོད་དོ། །ཞེས་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༢༩༨
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༥༣ ནས་ ༥༥༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།