ཇ༽ བོད་དུ་བྱོན་ནས་ཧྭ་ཤང་ཚར་བཅད་ཚུལ།
དེ་ཡང་གཉན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས[1]།
དབུ་ཚད་རིགས་པའི་སྒོ་བརྒྱ་རྣམ་ཕྱེས་ཤིང་། །ཁྱད་པར་ཅི་ཡང་ཡིད་ལ་མི་བྱེད་པ། །
ངེས་དོན་སྒོམ་དུ་འཁྲུལ་བ་ཚར་གཅོད་པའི། །མཁས་མཆོག་ཀ་ཤཱིའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་གཙོ་བོ་ཧྭ་ཤང་མཧཱ་ཡ་ན་དང་རྩོད་པ་ཇི་ལྟར་མཛད་པའི་ཚུལ་ནི། མཁན་ཆེན་ཞི་འཚོ་སྐུ་གཤེགས་རྗེས་རྒྱ་ནག་ནས་ཧྭ་ཤང་མ་ཧཱ་ཡ་ན་བྱ་བ་བོད་དུ་འོངས་ནས། མི་དགེ་བའི་རྣམ་པར་རྟོག་པ་ལྟ་ཞོག་དགེ་བའི་རྣམ་པར་རྟོག་པ་ཡང་འཁོར་བར་འཆིང་བྱེད་ཡིན། གསེར་སྒྲོག་དང་ལྕགས་སྒྲོག་གང་གིས་བཅིངས་ཀྱང་ཁྱད་པར་མེད་པ་དང་མཚུངས་པས་ཅི་ཡང་ཡིད་ལ་མི་བྱེད་པ་ཁོ་ནས་གྲོལ་བར་འགྱུར་རོ། །ཞེས་ལྟ་བ་ལོག་པ་བསྟན་པས་བོད་འབངས་ཕལ་མོ་ཆེ་དེའི་རྗེས་སུ་ཞུགས་ཏེ། སྔོན་གྱི་མཁན་ཆེན་བོ་དྷི་ས་ཏྭ་སོགས་ཀྱིས་བསྟན་པའི་ལྟ་སྤྱོད་རྣམ་དག་འཛིན་པ་ཆེས་ཉུང་བར་གྱུར་པས། ཆོས་རྒྱལ་གྱིས་ལྟ་ངན་དེ་སུན་འབྱིན་པའི་ཕྱིར་དུ། རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་ལས[2]།
མི་རིགས་ཚར་གཅོད་རིགས་པ་སྨྲ་བའི་དབང་། །ཕས་རྒོལ་ཟིལ་གྱིས་གནོན་པའི་བློ་ཐོབ་ཅིང་། །
སྟོང་ཉིད་རྟོགས་པའི་མཁྱེན་པ་རབ་ཏུ་གསལ། །པདྨའི་ངང་ཚུལ་འགྲོ་བའི་མགོན་ལ་འདུད། །
ཅེས་བསྟོད་ཕྱག་མཛད་ཡུལ་གྱི་མཁས་པའི་དབང་པོ་སློབ་དཔོན་ཀ་མ་ལ་ཤཱི་ལ་བལ་ཡུལ་དུ་བཞུགས་པ་སྤྱན་དྲངས་ཏེ། ཧྭ་ཤང་རྩོད་པས་ཕམ་པར་མཛད་ཅིང་། ཧྭ་ཤང་གི་ལྟ་བ་ལུང་རིགས་ཀྱིས་སུན་ཕྱུངས་ནས་སྒོམ་རིམ་གསུམ་དང་། དབུ་མ་སྣང་བ་བཅས་མཛད་དེ་ལྟ་སྤྱོད་རྣམ་པར་དག་པ་སླར་ཡང་གསལ་བར་མཛད་པའི་ཚུལ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]། དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་། བཙན་པོ་གུང་ལ་བཞུགས། ཧྭ་ཤང་གཡས་གྲལ་དུ་བྱས། སློབ་དཔོན་གཡོན་གྲལ་དུ་བྱས་ཏེ་རྩེན་མིན་རྣམས་དེའི་མཇུག་མཐུད་བཙན་པོས་གཉིས་ཀའི་ལག་ཏུ་མེ་ཏོག་ཕྲེང་བ་གཏད་དེ་ཁྱེད་གཉིས་གཤགས་གྱིས་ལ་གང་རྒྱལ་བ་ལ་ཕམ་པས་མེ་ཏོག་ཕུལ་ཅིག །ཕམ་པ་དེ་འདིར་མ་སྡོད་ཅིག་བཀའ་སྩལ་པ་དང་། ཧྭ་ཤང་ན་རེ་ལས་དགེ་དང་མི་དགེ་སྤྱད་ན་མཐོ་རིས་དང་ངན་སོང་དུ་འགྲོ་བས་འཁོར་བ་ལས་མི་ཐར་ཞིང་སངས་རྒྱས་ཐོབ་པ་ལ་བསྒྲིབས་པ་ཡིན། དཔེར་ན་སྤྲིན་དཀར་ནག་གང་གིས་ཀྱང་ནམ་མཁའ་བསྒྲིབས་པ་དང་འདྲ། གང་ཞིག་ཅི་ལ་ཡང་མི་སེམས། ཅི་ཡང་མི་བསམ་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཅི་ལ་ཡང་མི་སེམས་མི་རྟོག་མི་དཔྱོད་པ་ནི་མི་དམིགས་པ་ཡིན་པས་ཅིག་ཅར་དུ་འཇུག་པ་ནི་ས་བཅུ་པ་དང་འདྲའོ། །ཟེར་རོ།།
ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས། དེ་ལྟར་ཅི་ལ་ཡང་མི་བསམ་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་སོ་སོར་རྟོག་པའི་ཤེས་རབ་ཡིན་པས། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པར་འགྱུར་རོ། །སོ་སོར་རྟོག་པའི་ཤེས་རབ་མེད་ན་རྣལ་འབྱོར་པ་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཡིན་ན། ཉམས་སུ་མྱོང་བ་ཐམས་ཅད་མི་དྲན་ཞིང་ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་དྲན་པར་མི་བྱའོ་སྙམ་ན་དེ་ཤིན་ཏུ་དྲན་པ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་མེད་པ་ཙམ་པོ་ལ་བྱེད་ན་བརྒྱལ་བའམ་འབོག་པའི་དུས་སུ་རྣམ་པར་མི་རྟོག་པར་འགྱུར་རོ། །ཡང་དག་པའི་སོ་སོར་རྟོག་པ་མེད་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་དོ། །དེ་དྲན་པ་ཙམ་པོ་བཀག་ཀྱང་ཡང་དག་པའི་སོ་སོར་རྟོག་པ་མེད་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། སྟོང་པ་ཉིད་མ་རྟོགས་པར་སྒྲིབ་པ་སྤངས་པར་མི་འགྱུར། དེས་ན་དྲན་བཞིན་དུ་མི་དྲན་བྱར་མི་རུང་ངོ་། །དྲན་པ་དང་ཡིད་ལ་བྱ་བ་མེད་པར་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང་། དེ་བས་ན་ཡང་དག་པའི་ཤེས་རབ་ཀྱིས་དོན་ངེས་པར་རྟོགས་པའི་རྣལ་འབྱོར་པས་དུས་གསུམ་ཕྱི་ནང་སྟོང་པར་རྟོགས་ནས་རྟོག་པ་ཉེ་བར་ཞི་སྟེ་ལྟ་བ་ངན་པ་ཐམས་ཅད་སྤངས། དེ་ལ་བརྟེན་ནས་ཐབས་ཤེས་རབ་ལ་མཁས་པས་སྒྲིབ་པ་ཐམས་ཅད་བསལ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ།།
དེ་ནས་བཙན་པོའི་ཞལ་ནས། འཁོར་ཀུན་གྱིས་ཀྱང་མཆིད་གཤགས་ཐོབ་ཅིག་གསུངས། དེ་ནས་སྦ་ཡེ་ཤེས་དབང་པོས་ཅིག་ཅར་འཇུག་བྱ་བ་དང་། རིམ་གྱིས་འཇུག་བྱ་བ་གཉིས་དཔྱོད་དགོས་ཏེ། རིམ་གྱིས་འཇུག་ན་རྒྱུ་མ་མཆིས་པས། ངེད་དང་མི་འདྲ་ཅིག་ཅར་འཇུག་ན་ཁྱེད་ད་རུང་ཅི་བྱེད། དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེག་པའང་གོམ་པ་རེ་རེས་འཛེག་དགོས་ཏེ། ངེད་རྩེན་མིན་གྱི་ལུགས་ཀྱིས་གསུང་རབ་ཀུན་ལ་ཤེས་རབ་གསུམ་གྱིས་སྦྱངས་པས་དོན་མ་ནོར་བར་ཤེས། ཆོས་སྤྱོད་བཅུ་ལ་བསླབས་ཏེ་བསྒོམས་པས་བཟོད་པ་ཐོབ། ས་དང་པོ་སྐྱོན་མེད་པ་ལ་ཞུགས་ཏེ་ས་བཅུ་རིམ་གྱིས་སྦྱངས་པས་ཚོགས་གཉིས་རྫོགས་ནས་འཚང་རྒྱ་བ་ཡིན། ཁྱོད་ལྟར་ན་ཚོགས་མ་རྫོགས། བློ་མ་སྦྱངས་པར་འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན་ཤེས་བྱ་ཐམས་ཅད་ཤེས་པར་ཇི་ལྟར་འགྱུར། ཅི་ཡང་མ་བྱས་པར་ཉལ་བས་ཟན་ཡང་མི་མྱོང་སྟེ། ལྟོགས་ཏེ་འཆི་ན་སངས་རྒྱས་ག་ལ་འགྲུབ། མ་བརྟགས་མ་དཔྱད་པར་གོམ་པ་བོར་ཡང་བརྡེགས་འཆོས་ན་ཆོས་ག་ལ་རྟོགས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨྲས་པས། སྟོན་མུན་པས་ལན་སྨྲ་བར་མ་ནུས་ཏེ་མེ་ཏོག་ཕྲེང་བ་སློབ་དཔོན་ལ་ཕུལ་ཏེ་ཕམ་བླངས་སོ། །དེའི་ཚེ་ཅོ་རྨ་རྨ་ལ་སོགས་པ་མྱ་ངན་སྐྱེས་ཏེ་རང་གི་རྟེན་རྡོས་བརྡུངས་ཏེ་ཤི་ཞེས་གྲགས་སོ།།
དེ་ནས་བཙན་པོས་ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་བཟུང་། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལ་སློབས། སྟོན་མུན་གྱི་ལུགས་བྱེད་དུ་མི་དབང་ངོ་ཞེས་བཀའ་སྩལ་ཏེ་ཧྭ་ཤང་རྒྱའི་ཡུལ་དུ་བརྫངས། དཔེ་རྣམས་བསྡུས་ཏེ་གཏེར་དུ་སྦས་སོ། །དེ་ལྟར་མཁན་ཆེན་ཞི་བ་འཚོ་དང་མཁས་མཆོག་ཀ་མ་ལ་ཤཱི་ལ་གཉིས་ནི་བོད་ཁམས་བསྟན་པའི་སྒྲོན་མེ་ཡིན་པས་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ །ཞེས་གསུངས་པ་ལྟར། བྱང་ཆུབ་གླིང་དུ་རྒོལ་བའི་དཀྱིལ་འཁོར་གཤམས་ཤིང་། སེང་གེའི་ཁྲི་བཅས་ཏེ། བཙན་པོ་གུང་ལ་བཞུགས། ཧྭ་ཤང་གཡས་ཀྱི་སེང་ཁྲིར་བཞུགས་ནས། དེའི་རྗེས་འབྲང་སྟོན་མིན་ཏེ་ཅིག་ཅར་བའི་སློབ་མ་མང་དུ་ཡོད་པ་རྣམས་གྲལ་རིང་པོ་བསྒྲིགས་ཏེ་བཞག །གཡོན་གྱི་སེང་ཁྲི་ལ་སློབ་དཔོན་ཀ་མ་ལ་ཤཱི་ལ་བཞུགས་སུ་གསོལ་ནས། དེའི་རྗེས་ལ་རྩེན་མིན་ཏེ་རིམ་གྱིས་པའི་སློབ་མ་ཡེ་ཤེས་དབང་པོ་དང་། དཔལ་དབྱངས་དང་། བཻ་རོ་ཙཱ་ན་སོགས་ཉུང་ཤས་ཤིག་ལས་མ་བྱུང་། དེ་ནས་བཙན་པོས་སྔོན་གྱི་བྱུང་བ་རྣམས་ཞིབ་ཏུ་གསུངས་ནས་གཉིས་ཀའི་ལག་ཏུ་མེ་ཏོག་དཀར་པོའི་ཕྲེང་བ་རེ་གཏད་དེ། ཁྱེད་གཉིས་གཤགས་གྱིས་ལ། གང་གཏན་ཚིགས་བཟང་བ་དེ་ལ་ཅིག་ཤོས་ཀྱིས་ང་རྒྱལ་མ་བྱེད་པར་ཆོས་བཞིན་དུ་མེ་ཏོག་གི་ཕྲེང་བ་ཕུལ་ཅིག །ཕམ་པ་དེ་འདིར་མ་སྡོད་ཅིག་ཅེས་བཀའ་སྩལ་པ་དང་། ཧྭ་ཤང་ན་རེ། ང་གཞིས་ལ་སྔ་བས་ངས་འདྲི་འམ་ལན་འདེབས་གསུངས་པས། ཀ་མ་ལ་ཤཱི་ལའི་ཞལ་ནས། ཁྱོད་ཀྱི་དགོངས་པའི་ལྟ་བ་ལ་ཤགས་ཐོབ་ཅིག་གསུངས་པ་ན། ཧྭ་ཤང་ན་རེ།
ཐམས་ཅད་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་ལས་དགེ་མི་དགེས་མཐོ་རིས་དང་། ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་བར་འཆིང་བས་དེའི་འབྲས་བུ་འཁོར་བ་ལས་མི་འདའ་སྟེ། དཔེར་ན་སྤྲིན་དཀར་ནག་གང་གིས་ཀྱང་ནམ་མཁའ་སྒྲིབ། གསེར་སྒྲོག་དང་ལྕགས་སྒྲོག་གང་གིས་ཀྱང་རྐང་པ་འཆིང་། ཁྱི་དཀར་ནག་གང་གིས་ཀྱང་རྐང་པ་ལ་ཕུག་ན། སྡུག་བསྔལ་བསྐྱེད་པ་དང་འདྲའོ། །དེས་ན་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས། གང་ཞིག་ཅི་ཡང་མི་སེམས་མི་རྟོག་ཅིང་། ཅི་ཡང་ཡིད་ལ་མི་བྱེད་པར་བཞག་པ་ཉིད་ཀྱིས་འཚང་རྒྱ་བ་ཡིན་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཆོས་སྤྱོད་བཅུ་ལ་སྤྱོད་པའི་སྤྲོས་བཅས་རྣམས་ནི། ངེས་དོན་སྒོམ་མི་ནུས་པའི་སྐྱེ་བོ་བླུན་པོའི་དོན་དུ་གསུངས་པས། ངེས་དོན་རྙེད་ནས་སྤྱོད་པ་དེ་དག་ལ་འཇུག་པ་ནི། རྒྱལ་པོ་དམངས་སུ་བབས་པའམ། གླང་པོ་ཆེ་རྙེད་ནས་གླང་པོ་ཆེའི་རྗེས་འཚོལ་བ་དང་འདྲའོ། །དེས་ན་ངེད་ཀྱི་ལྟར་ན། ཁྱུང་ནམ་མཁའ་ནས་ཤིང་རྩེར་འབབ་པ་དང་འདྲ་བ་ཡས་བབས་ཅིག་ཅར་བའི་ཆོས་ཡིན། གཞན་རྣམས་སྤྲེའུ་ཤིང་རྩེར་མས་ནས་ཡར་འཛེགས་པ་དང་འདྲ་བར་མས་འཛེགས་རིམ་གྱིས་པའི་ཆོས་ཡིན་ཞེས་སྨྲས་སོ།།
དེའི་ལན་དུ་སློབ་དཔོན་ཀ་མ་ལ་ཤཱི་ལས་གསུངས་པ། ཁྱོད་ཀྱི་དཔེ་མི་འཐད་དེ། ཁྱུང་ནམ་མཁའ་ལ་གློ་བུར་དུ་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་འབབ་བམ། འོན་ཏེ་བྲག་ལ་ཚང་བཅས་ནས་རིམ་གྱིས་འདབ་གཤོག་རྒྱས་ནས་ཤིང་རྩེར་འབབ། དང་པོ་མི་སྲིད་ལ། ཕྱི་མ་ལྟར་ན་རིམ་གྱིས་པའི་དཔེར་འགྱུར་རོ། །ཁྱོད་ཀྱི་དཔེ་ནོར་བར་མ་ཟད་དོན་ཡང་ནོར་ཏེ། མི་རྟོག་པ་སྒོམ་པ་དེ་ཅི། རྣམ་རྟོག་གི་ཕྱོགས་གཅིག་བཀག་པ་ཙམ་ཡིན་ནམ། མཐའ་དག་བཀག་པ་ཡིན། དང་པོ་ལྟར་ན་གཉིད་དང་བརྒྱལ་བ་ལ་སོགས་པ་ཡང་མི་རྟོག་པར་ཐལ་ལོ། །ཕྱི་མ་ལྟར་ན་མི་རྟོག་པ་སྒོམ་པའི་ཚེ། མི་རྟོག་པ་བསྒོམ་སྙམ་པའི་བློ་སྔོན་དུ་གཏོང་དགོས་སམ་མི་དགོས། དགོས་ན་དེ་ཉིད་རྟོག་པ་ཡིན་པས། རྟོག་པ་མཐའ་དག་འགེགས་པའི་དམ་བཅའ་ཉམས་ཏེ། དཔེར་ན་སྨྲ་བ་བཅད་པ་ཡིན་ནོ་ཞེས་བརྗོད་ན་སྨྲ་བཅད་ཤོར་བའམ། ཅ་ཅོ་མ་བྱེད་ཅེས་པ་ཅ་ཅོར་འགྲོ་བ་བཞིན་ནོ། །བློ་སྔོན་དུ་གཏོང་མི་དགོས་ན། སེམས་ཅན་ཐམས་ཅད་ལ་བསྒོམ་སྐྱེ་བར་ཐལ་ལོ།།
འདི་ལྟར་ཅི་ཡང་ཡིད་ལ་མི་བྱ་བར་སྨྲ་བས་ནི། ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་དབྱིངས་རྣམ་པར་མི་རྟོག་པ་དེ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་པ་ཡིན་ན། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སམ་ཤེས་རབ་ཀྱང་སྤང་བར་འགྱུར་རོ། །སོ་སོར་རྟོག་པའི་ཤེས་རབ་མེད་པར་རྣལ་འབྱོར་པས་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པས་འཇུག་གོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡང་དག་པར་སོ་སོར་རྟོག་པ་མེད་པར་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང་། ཡིད་ལ་མི་བྱ་བར་བྱེད་མི་ནུས་སོ༎
གལ་ཏེ་བདག་གིས་ཆོས་འདི་དག་དྲན་པར་མི་བྱའོ། །ཅི་ཡང་མི་བསམ་ཞིང་ཡིད་ལ་མི་བྱའོ་སྙམ་དུ་བསམ་ཞིང་སྒོམ་པར་བྱེད་པ་དེའི་ཚེ། དེས་དེ་དག་ཤིན་ཏུ་དྲན་པ་དང་ཡིད་ལ་བྱས་པར་འགྱུར་རོ། །ཅི་སྟེ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ཙམ་རྣམ་པར་མི་རྟོག་པའི་རྒྱུར་འདོད་པ་སྐད་དུ་བྱ་ན། དེ་ནི་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། མེད་པ་རྒྱུར་རུང་བའི་སྐབས་མི་སྲིད་པའི་ཕྱིར་རོ། །དེ་ལས་གཞན་དུ་དྲན་པ་མེད་པ་ཙམ་གྱིས་རྣམ་པར་མི་རྟོག་པར་འགྱུར་དུ་ཟིན་ན་ནི་བརྒྱལ་བའི་ཚེ་དྲན་པ་དང་ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་ཉིད་དུ་འཇུག་པར་འགྱུར་རོ། །ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་དེ་མེད་ན། དེ་དག་གི་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །སྟོང་པ་ཉིད་རྟོགས་པ་མེད་པས་ནི་སྒྲིབ་པ་སྤོང་བར་མི་འགྱུར་རོ། །སྟོང་པ་ཉིད་རྟོགས་པ་ལ་མི་ལྟོས་པར་དེ་ལྟར་གྱུར་དུ་ཟིན་ན་ནི། ཐམས་ཅད་ཀྱང་དུས་ཐམས་ཅད་དུ་རང་ཐར་བར་འགྱུར་རོ། །ཆོས་གང་ལ་ཡང་དྲན་པ་དང་ཡིད་ལ་བྱེད་པ་མེད་པར་ཤིན་ཏུ་རྨོངས་པ་བསྒོམས་ནས་སྡོད་པ་ནི། ཡང་དག་པའི་རྣལ་འབྱོར་དུ་ཇི་ལྟར་འགྱུར། དྲན་པ་ཉམས་པའམ་རྨོངས་པའི་ངང་ཚུལ་ཁོ་ན་བསྒོམ་པས་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིངས་པར་འགྱུར་རོ།།
ཅི་སྟེ་དྲན་པ་ཉམས་པ་དང་། རྨོངས་པ་མ་ཡིན་ན་ནི། དེའི་ཚེ་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། དྲན་བཞིན་དུ་ཡང་མི་དྲན། མཐོང་བཞིན་དུ་ཡང་མི་མཐོང་ཞེས་མངོན་སུམ་ལ་བསྙོན་དུ་མི་རུང་ངོ་། །དེ་ལྟ་བས་ན་རྣལ་འབྱོར་པས་ཡང་དག་པར་རྟོགས་པའི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་ན། དུས་གསུམ་དུ་གཏོགས་པའི་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་ལྟ་བ་ངན་པ་ཐམས་ཅད་སྤངས་པར་འགྱུར་རོ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་བསྒོམས་པ་ལ་བརྟེན་ནས་སྒྲིབ་པ་ཐམས་ཅད་ཟད་པའི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་ཧྭ་ཤང་གི་ལན་མ་བྱུང་ངོ་།།
དེ་ནས་བཙན་པོས་འཁོར་ཀུན་གྱིས་ཡང་མཆིད་ཤགས་ཐོབ་ཅིག་ཅེས་གསུངས་པས་ཡེ་[4]ཤེས་དབང་པོས་སྨྲས་པ། ཅིག་ཅར་བ་དང་རིམ་གྱིས་འཇུག་ཅེས་བྱ་བ་གཉིས་དཔྱད་དགོས་ཏེ། རིམ་གྱིས་འཇུག་ན་རྩོད་རྒྱུ་མ་མཆིས་ཏེ་ངེད་དང་འདྲའོ། །ཅིག་ཅར་འཇུག་ན་ཁྱེད་ད་དུང་ཅི་བྱེད། དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེགས་པ་ཡང་གོམ་པ་རེ་རེ་ནས་འཇོག་དགོས་ཏེ། གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར་ས་དང་པོ་ཐོབ་པ་ཡང་རབ་ཏུ་དཀའ་ན། ཐམས་ཅད་མཁྱེན་པ་ཐོབ་པ་ལྟ་ཅི་སྨོས། ངེད་རྩེན་མིན་གྱི་ལུགས་ལ། གསུང་རབ་ཀུན་ལ་བསླབ། ཤེས་རབ་གསུམ་ལ་བརྟེན་ནས་དོན་མ་ནོར་བར་ཤེས། ཆོས་སྤྱོད་བཅུ་ལ་བསླབས་ཏེ་བསྒོམས་པས་བཟོད་པ་ཐོབ། ས་དང་པོ་སྐྱོན་མེད་པ་ལ་ཞུགས་ཏེ། ས་བཅུ་རིམ་གྱིས་སྦྱངས་པས་ཚོགས་གཉིས་རྫོགས་ནས་འཚང་རྒྱ་བ་ཡིན་པས། ཁྱེད་ལྟར་ཚོགས་མ་བསགས། བློ་མ་སྦྱངས། འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན་ཤེས་བྱ་ཐམས་ཅད་ཤེས་པར་ཇི་ལྟར་འགྱུར། ཅི་ཡང་མ་བྱས་པར་ཉལ་ནས་བསྡད་པས་ཟན་ཡང་མི་མྱོང་བར་ལྟོགས་ཏེ་འཆི་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་སོགས་ཇི་ལྟར་ནུས་པར་འགྱུར། ཞེས་སོགས་རྒྱས་པར་གསུངས་པས། སྟོན་མིན་པས་ལན་སྨྲ་མ་ནུས་པར་མེ་ཏོག་གི་ཕྲེང་བ་ཕུལ་ནས་ཕམ་ཁ་བླངས་སོ།།
དེ་ནས་བཙན་པོས་དེང་སླན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་བཟུང་། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྱིས་ལ། ཆོས་སྤྱོད་བཅུ་ཉམས་སུ་ལོངས། བསྒོམ་པ་ཤེས་རབ་གསུམ་ལ་བློ་སྦྱོངས་ལ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཞི་གནས་དང་ལྷག་མཐོང་སྒོམས་ཤིག་ཅེས་སོགས་བཀའ་ནན་དྲག་ཏུ་སྩལ་ཏེ་ཧྭ་ཤང་རྒྱའི་ཡུལ་དུ་བརྫངས་སོ།།
དེ་ནས་རྒྱལ་པོས་སློབ་དཔོན་ཀ་མ་ལ་ཤཱི་ལར་ཆོས་ཐམས་ཅད་ཐོས་བསམ་གྱིས་བདག་མེད་པར་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ལགས་ཡི་གེར་འགོད་པར་ཞུས་པས། སྒོམ་རིམ་དང་པོ་བརྩམས་ནས་གནང་། རྒྱལ་པོས་གཟིགས་པས་དོན་དགོངས་ནས་ཐུགས་དགྱེས་ཏེ། དེའི་དོན་སྟན་ཐོག་གཅིག་ཏུ་སྒོམ་ན་ཇི་ལྟར་སྒོམ་ཞུས་པས། སྒོམ་རིམ་བར་པ་བརྩམས་ནས་གནང་། དེ་ལྟར་བསྒོམས་པས་དེ་ལ་འབྲས་བུ་ཇི་ལྟ་བུ་མཆིས་ཞུས་པས། སྒོམ་རིམ་མཐའ་མ་འབྲས་བུ་བསྟན་པའི་ཞར་ལ་ཧྭ་ཤང་གི་ལྟ་བ་ནོར་བ་དེ་སུན་ཕྱུངས་ནས་གནང་བས་བཙན་པོ་ཤིན་ཏུ་དགྱེས་སོ།།
དེ་ནས་བྷོ་དྷི་ས་ཏྭའི་དགོངས་པ་ལ་རྒོལ་བ་འབྱུང་གིས་དོགས་ནས། དེའི་དོན་དུ་ལུང་དང་རིགས་པའི་བསྟན་བཅོས་དབུ་མ་སྣང་བ་[5]བརྩམས་ནས་གནང་བ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་རླབས་པོ་ཆེ་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས་པ་ནི། སྤྱིར་ན་བོད་གངས་གྱི་ལྗོངས་སུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་། པདྨ་སམྦྷ་བ། ཆོས་རྒྱལ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་བཅས་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསྟན་པའི་སྲོལ་བཙུགས་རྗེས་སྟོང་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་བ་འདེབས་ཤིང་། ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་རྒྱལ་བསྟན་འགྲིབས་པར་བྱས་པས་ན། སློབ་དཔོན་ཆེན་པོ་ཀ༌མ་ལ་ཤཱི་ལ་བཙན་པོས་གདན་དྲངས་ནས་ཧྭ་ཤང་གི་ལོག་པའི་ལྟ་བ་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་པས། བོད་འབངས་རྣམས་ལ་ཐུགས་རྗེ་དང་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་ཞིག་གོ།
དེས་ན་འཇམ་མགོན་ས་པཎ་ (1182-1251) གྱི་སྡོམ་གསུམ་རབ་དབྱེ་ལས[6]།
ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །
ཡས་བབ་དང་ནི་མས་འཛེགས་གཉིས། །རིམ་གྱིས་པ་དང་ཅིག་ཅར་བར། །
མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །
ཆོས་ལུགས་འདི་འདྲ་འབྱུང་བ་ཡང་། །བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ། །ལུང་བསྟན་ཇི་བཞིན་ཐོག་ཏུ་བབ། །
ལུང་བསྟན་དེ་ཡང་བཤད་ཀྱིས་ཉོན། །རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདིར། །
སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །
མུ་སྟེགས་འབྱུང་བར་མི་འགྱུར་མོད། །འོན་ཀྱང་རྟེན་འབྲེལ་འགའ་ཡི་རྒྱུས། །
ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར། །དེ་ཡང་ཐོག་མར་ང་འདས་ནས། །
རྒྱ་ནག་དགེ་སློང་བྱུང་ནས་ནི། །དཀར་པོ་ཆིག་ཐུབ་ཅེས་བྱ་བ། །
ཅིག་ཅར་བ་ཡི་ལམ་སྟོན་འགྱུར། །དེ་ཚེ་ང་ཡི་སློབ་མ་ནི། །
མཁས་པ་ཆེན་པོ་ཀ་མ་ལ། །ཤཱི་ལ་ཞེས་བྱ་རྒྱ་གར་ནས། །
སྤྱན་དྲོངས་དེ་ཡིས་དེ་སུན་འབྱིན། །དེ་ནས་དེ་ཡི་ཆོས་ལུགས་བཞིན། །
ཞེས་ཀྱང་གསུངས་སོ།།[7]
དེ་ལྟར་སྔོན་བྱུང་རྒྱལ་རབས་ཆོས་འབྱུང་སོགས་ཀྱི་དེབ་ཐེར་རྣམས་སུ་ཧྭ་ཤང་ཕམ་སྟེ་རྒྱ་ཡུལ་དུ་མཐར་སྐྲོད་མཛད་ཚུལ་གསལ་ནའང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[8]། རྦ་བཞེད་དང་མངའ་བདག་ཉང་རལ་པ་ཅན་གྱི་ཆོས་འབྱུང་སོགས་བོད་ཡིག་གི་ཆོས་འབྱུང་ལོ་རྒྱུས་ཚང་མ་གསུང་ཚུལ་གཅིག་མཐུན་དུ་ཡོད། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་གསུངས་དོན་དུ། བོད་ཡིག་གི་ལོ་རྒྱུས་ཐོག་ཧྭ་ཤང་གི་ཕྱོགས་རྩོད་པས་ཕམ་པར་གསལ་བ་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་ཕྱོགས་གཏོགས་ཀྱིས་བྲིས་པ་ཞིག་ཡིན་པ་དང་། རྒྱ་ཡིག་གི་ཐོག་བྲིས་པའི་རིགས་པ་ཡང་དག་པར་ངེས་པ་ཞེས་པའི་ནང་རྩོད་པ་བསམ་གཏན་མཁན་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་པར་བཤད་ཡོད་པས་བོད་ཡིག་ཐོག་བྲིས་པའི་ལོ་རྒྱུས་དེ་ཁུངས་དག་མིན་ཞེས་ཧྭ་ཤང་མ་ཧཱ་ཡ་ནའི་དོན་དུ་དག་སེལ་གནང་མཁན་བྱུང་ཡོད་པས་དོན་གནད་དེ་སྐོར་ལ་གཟུ་བོར་གནས་པའི་མཁས་དབང་རྣམ་པ་ཚོས་ཞིབ་དཔྱད་གནང་རོགས་ཞུ་རྒྱུ། ཞེས་བྱུང་ངོ་།།
དེ་ཡང་བོད་ཡིག་གི་རྒྱལ་རབས་ཆོས་འབྱུང་ནང་ཧྭ་ཤང་ཕམ་པར་མཛད་པ་གསལ་ཡང་། རྒྱ་ནག་གི་ཡིག་ཆའི་ཐོག་དེ་ལྟར་མི་གསལ་ཁར། ལྷག་པར་སྒོམ་རིམ་མཐའ་མ་དེ་ཉིད་ཧྭ་ཤང་གི་འདོད་པ་འགོག་པ་གཙོ་བོར་མཛད་ནས་ལྗགས་རྩོམ་མཛད་ཀྱང་། དེའི་ནང་ཧྭ་ཤང་གི་མཚན་མི་གསལ་བར་བརྟེན་དེང་སྐབས་ཀྱི་དཔྱད་ཞིབ་པ་ལ་ལས་རྩོད་ཡིག་བསྐུར་རེས་གནང་བ་ལས། དངོས་སུ་ཞལ་མཇལ་ནས་རྩོད་པ་མཛད་མེད་ཚུལ་དང་། ཧྭ་ཤང་གིས་མཛད་པའི་གཞུང་བསམ་གཏན་གྱི་ལོན་དང་། ལྟ་བའི་རྒྱབ་ཤ །བསམ་གཏན་ཉལ་བའི་འཁོར་ལོ། པོ་ཏི་བརྒྱད་ཅུ་ཁུངས་སུ་དྲངས་པ་སོགས་དུས་ཕྱིས་ཏུན་ཧོང་ནས་ཐོན་པའི་གཞུང་དག་ལ་བལྟས་ཚེ་བསོད་ནམས་ཀྱི་ཚོགས་གསོག་མི་དགོས་པ་དང་། ཐོས་བསམ་སློབ་གཉེར་མི་དགོས་པ་སོགས་བརྗོད་ཀྱི་མེད་ཚུལ་དང་། ཏུན་ཧོན་ནས་ཐོན་པའི་ཧྭ་ཤང་གི་གཞུང་དེ་དག་ལ་དཔྱད་ཚེ་སྔར་བོད་ཡིག་ཏུ་འཁོད་པའི་ཧྭ་ཤང་གི་གཞུང་དེ་ཉིད་མིན་པ་ལྟ་བུ་ཞིག་གསལ་ཡོད་ཚུལ་བརྗོད་བཞིན་མཆིས་པས་ཞིབ་ཏུ་དཔྱད་དགོས་ལ། གཞན་ཡང་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་སྒོམ་རིམ་གྱི་འགྲེལ་པ་དང་། རྗེའི་ལམ་རིམ་གྱི་ལྷག་མཐོང་སྐབས་སོགས་སུ་སྒོམ་རིམ་སྐོར་ཞིབ་པར་གསལ་ཡོད་ཅིང་། དེ་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བཅས་སུ་གསལ་བའི་ཧྭ་ཤང་གི་ལྟ་བའི་སྐོར་རྣམས་ཞིབ་བསྡུར་བྱས་ཚེ་བོད་ཀྱི་མཁས་པའི་ནང་དུའང་བཞེད་པ་མི་མཐུན་པ་ཡོད་འདུག་པས་དཔྱད་བྱར་སྣང་ངོ་།།
གཞན་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[9]། སྤྱིར་ཤིང་རྟ་ཆེན་པོ་ལ་ཀླུ་སྒྲུབ་དང་། ཐོགས་མེད་གཉིས་སུ་གྲངས་ངེས་ཆོད་ཀྱང་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ་ལ་ཤིང་རྟ་ཆེན་པོ་ཞེས་གསུངས་པ་ནི། སློབ་དཔོན་དེས་གངས་ཅན་གྱི་ལྗོངས་འདིར་ཧྭ་ཤང་ལ་སོགས་པའི་ལྟ་བ་ལོག་པ་རྣམས་ལུང་རིགས་དྲི་མ་མེད་པའི་སྒོ་ནས་བསུན་ཕྱུང་སྟེ། རྒྱལ་བའི་རིང་ལུགས་ཡོངས་སུ་རྫོགས་པ་གསལ་བར་མཛད་པའི་གནད་ཀྱིས་ཡིན་གསུངས། ཞེས་ཀྱང་བྱུང་ངོ་།། །།

(བསམ་ཡས་སུ་རྒྱ་ཡི་ཧཱ་ཤང་རྩོད་པས་ཕམ་པར་བྱས་པའི་སློབ་དཔོན་པདྨའི་ངང་ཚུལ་གྱི་བཞུགས་ཁྲིའི་རྗེས་ཤུལ།)
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། པོད་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༧༨
[2] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༠༠
[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༨
[4] རྒྱལ་རབས་སྦ་བཞེད་དུ་རྩོད་པ་འདི་བྱེད་པ་པོ་དཔལ་དབྱངས་ཡིན་པར་གསུངས་ཡོད་ཀྱང་། ལོ་རྒྱུས་གཞན་ཕལ་ཆེ་བའི་ནང་གོང་གསལ་ལྟར་བཀོད་ཡོད་པས་དཔྱད་པར་བྱའོ།།
[5] སྦ་བཞེད་དང་། ཉང་ཆོས་འབྱུང་སོགས་སུ་དབུ་མ་སྣང་བ་སྒོམ་རིམ་གྱི་དོན་འགྲེལ་དུ་གསུངས་པས་དཔྱད་པར་བྱའོ།།
[6] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། སྡོམ་གསུམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༠
[7] རྩོད་པ་འདིའི་སྐོར་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་བསམ་ཡས་ཆོས་རྩོད་ཀྱི་དཔྱད་ཐུང་ (བསྟན་པ་སྔ་དར་གྱི་ཆོས་འབྱུང་འབྲེལ་ཡོད་དང་བཅས་པའི་དུས་རབས་ཀྱི་མཐའ་དཔྱོད་འཕྲུལ་གྱི་མེ་ལོང་། ༡༩༨༥ ལོ། ཤོག་གྲངས་ 229-249 བར་གསལ་བ་) དང་། བསམ་ཡས་རྩོད་པ། (དཔྱད་ཞིབ་པ་སྤེན་པ་རྡོ་རྗེ། ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། ༢༠༠༥ ལོ། སྣ་ཚོགས་པོད་ཕྲེང་ ༡༨) གཉིས་ནང་ཞིབ་ཕྲ་བཀོད་གནང་འདུག་པས་འདིར་རྒྱས་བཤད་ཀྱི་ངལ་བ་བསྟེན་མི་དགོས་པར་དེ་དག་ཏུ་གཟིགས་པར་འཚལ་ཞེས་ཞུ།)
[8] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༡
[9] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༢༤བ༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༥ ནས་ ༤༠༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།