༣༽ བསྟན་པའི་གཞུང་ཤིང་ཕར་ཕྱིན།

༣༽ བསྟན་པའི་གཞུང་ཤིང་ཕར་ཕྱིན།

 

དེ་ཡང་མཁས་པའི་དབང་པོ་ལྡན་མ་དགེ་བཤེས་སྟོང་དཔོན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་གྲུབ་ (1889-1949) མཆོག་གིས་མཛད་པའི་གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག་ལས[1]།

ཐེག་གསུམ་ལམ་མཆོག་ཡོངས་ཀྱི་མངོན་རྟོགས་ལམ། །

བྱམས་བརྩེའི་རིགས་པའི་སྟོབས་ཤུགས་ཡོངས་རྫོགས་པའི། །

སེང་གེའི་ཁྲི་བཟང་ལ་བཞུགས་རྒྱལ་ཚབ་ཀྱི། །

དགོངས་འབྱེད་ཉི་མ་ཆེན་པོར་བདག་གྱུར་ཅིག །

ཅེས་གསུངས་པ་ལྟར་ཕར་ཕྱིན་ནི། སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་འཁོར་ལོ་བར་པའི་སྦས་དོན་མངོན་རྟོགས་ཀྱི་ཆ་ཐམས་ཅད་རྗེ་བཙུན་བྱམས་པ་མགོན་པོས་གསལ་བར་ཕྱེ་སྟེ་གཏན་ལ་ཕབ་ཅིང་། དེའི་གཞུང་ནི་བྱམས་ཆོས་སྡེ་ལྔ་ལས་མངོན་རྟོགས་རྒྱན་ཡིན། འདིས་གཙོ་བོ་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ལུགས་ལྟར་བཤད། ཕར་ཕྱིན་ཞེས་པ་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཚིག་སྡུད་དེ། ཕ་རོལ་ནི་འཁོར་བ་ཕྲ་རགས་རྒྱ་མཚོའི་ཕ་རོལ་ཏེ། དེ་ལ་ཕྱིན་བྱེད་དང་ཕྱིན་ཟིན་གཉིས་ལས། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཕ་རོལ་ཕྱིན་བྱེད་དེ་ལམ་ཤེར་ཕྱིན་དང་། སངས་རྒྱས་ཀྱི་མཁྱེན་པ་ནི་ཕ་རོལ་ཕྱིན་ཟིན་འབྲས་བུ་ཤེར་ཕྱིན། དེ་གཉིས་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་གཞུང་ཤེར་ཕྱིན་ཟེར། གཞུང་ཆེན་བཀའ་པོད་ལྔའི་ཕར་ཕྱིན་ནི་གཞུང་ཤེར་ཕྱིན་ཡིན། དེའི་བརྗོད་བྱ་ནི་དངོས་པོ་བརྒྱད་དང་དོན་བདུན་ཅུ་སྟེ་ཤེར་མདོའི་སྦས་དོན་གྱི་ཆ་དག་ཡིན། དེ་ལ་འགྲེལ་པ་ཤིན་ཏུ་མང་ཡང་ཐུན་མོང་གི་སྦྱང་བྱའི་གཞུང་དུ་བྱེད་པ་ནི་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ཡིན་ནོ།།

དེ་བཞིན་སུ་མ་ཏི་དྷརྨ་དྷ་རས་མཛད་པའི་བཀའ་པོད་རྣམ་ལྔའི་བཤད་སྒྲུབ་སོགས་ཆོས་སྲིད་དགེ་མཚན་སྤེལ་བའི་བྱིན་འབེབས་གསོལ་འདེབས་པདྨ་རཱ་གའི་དོ་ཤལ་ལས[2]།

ཤེར་ཕྱིན་མདོ་སྡེ་རྒྱ་མཚོར་སྦས་པའི་དོན། །

གསལ་བྱེད་མེ་ལོང་མངོན་རྟོགས་རྒྱན་རྩ་འགྲེལ། །

ལེགས་སྦྱར་ཐེག་མཆོག་ལམ་འབྲས་བགྲོད་པའི་ཚུལ། །

ཤེས་ཤིང་ཉམས་སུ་ལེན་པའི་ཕྱྭ་གཡང་སྩོལ། །

ཞེས་གསུངས་པ་ལྟར། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་མཁྱེན་བརྩེའི་ཆོས་འབྱུང་ལས[3]། མངོན་རྟོགས་རྒྱན་ལ་སློབ་དཔོན་ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ་བཞིས་རང་རང་གི་བློ་གྲོས་དང་འཚམ་པའི་འགྲེལ་པ་རེ་བྱས། དེ་རྗེས་སློབ་དཔོན་སེངྒེ་བཟང་པོས་རྒྱ་ཆེར་བཀྲལ། དེ་ཉིད་ཆོས་བཤེས། ཤེར་འབྱུང་བློ་གྲོས། གསེར་གླིང་པ་རྣམས་ཀྱིས་བསྐྱངས། དེ་ལ་ཟུར་ཟ་བར་བཞེད་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་འབྱུང་ཞི་བས་འགྲེལ་པ་སོགས་རྒྱ་ཆེར་མཛད། ཐོགས་མེད་ཀྱི་མན་ངག་གི་རྒྱུན་ལ་བརྟེན་ཀྱང་། དཾཥྛཾ་སེ་ནཱ་དང་། དི་གིརྷ་སྟིས་སྒོ་གསུམ་རྣམ་གྲངས་བཅུ་ཅིག་དང་། གཙོ་བོའི་དོན་གྱིས་སོ་གཉིས་བཀྲལ་ཚུལ་གཞན་མཛད་དོ། །ཞེས་གསུངས་པ་ལ་ལྟར་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་འགྲེལ་པ་མང་དུ་མཛད་ལ།   དེ་བཞིན་ཆོས་རྗེ་དོན་གྲུབ་རིན་ཆེན་ (1309-1385) གྱིས་རྗེ་བླ་མར་ཞལ་གདམས་གནང་བ་ལས[4]།

ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། །

ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་པ་ན། །

ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར། །

ཞེས་བསྔགས་པ་མཛད་པ་ལྟར། ཕར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། ཕར་ཕྱིན་གྱི་བཤད་རྒྱུན་ནི་སངས་རྒྱས་རང་ཉིད་ཀྱིས་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་སྦས་དོན་གྱི་རིམ་པ་རྣམས་རྒྱལ་བ་མི་ཕམ་མགོན་པོ་ལས་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་གསན་པ་ནས་སློབ་དཔོན་སེངྒེ་བཟང་པོ་བྱུང་ཞིང་། བར་དུ་སེང་བཟང་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་གསན། དེའི་སློབ་མ་ཡོན་ཏན་བཤེས་གཉེན་ལ་ལོ་ཆེན་རིན་ཆེན་བཟང་པོས་གསན་ཏེ་འཆད་ཉན་མཛད། དེ་ལ་ཤར་ཕྱོགས་པ་ཟླ་བ་བཟང་པོས་གསན་པ་བཅས་ནི་རྒྱ་གར་དུ་ཕར་ཕྱིན་གྱི་བཤད་རྒྱུན་བྱུང་ཚུལ་ཡིན།

བོད་ལྗོངས་སུ་བསྟན་པ་སྔ་དར་གྱི་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་བཅས་ཀྱི་རིང་ལ་འབུམ་རྒྱས་འབྲིང་བསྡུས་གསུམ་དང་། ཕར་ཕྱིན་གྱི་འགྲེལ་པའི་སྐོར་ཁག་གཅིག་བཅས་བོད་སྐད་དུ་བསྒྱུར་ཅིང་། བསྟན་པ་ཕྱི་དར་གྱི་སྐབས་སུ་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ༌དུས་སྐབས་དེར་རྒྱ་གར་དུ་གང་ཡོད་ཐམས་ཅད་དང་། གཞན་ཡང་ཕར་ཕྱིན་དང་འབྲེལ་བ་ཡོད་པའི་བྱམས་ཆོས་ཕྱི་མ་བཞི་སྟེ། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ༌བཅས་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ། སའི་དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ༌སོགས་ཕར་ཕྱིན་གྱི་སྐོར་རྣམ་གྲངས་བཞི་བཅུ་ཞེ་གསུམ་དང་། ཕར་ཕྱིན་དང་འབྲེལ་བ་ཡོད་པའི་གཞུང་གི་རྣམ་གྲངས་སུམ་ཅུ་སོ་གཉིས་བཅས་བསྟན་འགྱུར་པོད་ ༼ཕི༽ ནས་པོད་ ༼ཧི༽ བར་པོད་བཅུ་དྲུག་ཡོད།

བོད་འདིར་བསྟན་པ་སྔ་དར་དང་། ལྷག་པར་དུ་ཕྱི་དར་གྱི་སྐབས་སུ་དབུས་གཙང་གི་གདན་ས་ཆེན་པོ་དྲུག་སོགས་དང་། གྲུབ་མཐའ་རིས་མེད་ཀྱི་གདན་ས་ཆེན་པོ་ཁག་ལ་ཕར་ཕྱིན་གྱི་འཆད་ཉན་དང་། སློབ་གཉེར་དར་སྲོལ་ཆེན་པོ་བྱུང་སྟབས་གདན་ས་རང་རང་སོ་སོར་འཆད་ཉན་གྱི་ཡིག་ཆ་རྒྱས་བསྡུས་མི་འདྲ་བ་ཧ་ཅང་མང་པོ་ཡོད། ཅེས་གསུངས་པ་ལྟར་རོ།།

དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་ལས[6]།

རྒྱལ་བའི་ཡུམ་ཆེན་མངོན་རྟོགས་རྒྱན་ལ་སོགས། །

ཤེས་རབ་ཕ་རོལ་ཕྱིན་གཞུང་རྒྱ་མཚོ་ཡི། །

དགོངས་དོན་ཇི་བཞིན་སྨྲ་ལ་འཕགས་སེང་ལྟར། །

ཟླ་བྲལ་མཁས་པའི་གོ་འཕང་ཐོབ་པར་ཤོག །

ཅེས་གསུངས་པ་ལྟར། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་ཕར་ཕྱིན་ནམ་ཤེར་ཕྱིན་གྱི་གཞུང་ལ་མཚོན་ན། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བའི་འགྲེལ་པ་བཅས་གསུམ་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སེམས་ཙམ་པའི་སྐོར་ལ་རྒྱུད་བླ་མ་དང་། ས་སྡེ་ལྔ་བཅས་དང་། གཅུང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ་བཅས་གཉིས། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་སེམས་ཙམ་སྐོར་ལ། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ། ཕུང་པོ་ལྔའི་རྣམ་པར་འགྲེལ་པ་བཅས་གསུམ། ཇོ་བོ་རྗེས་མཛད་པར་གྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་དང་། ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་བཅས་བསྟན་འགྱུར་དུ་ཤེར་ཕྱིན་གྱི་བསྟན་བཅོས་བཅུ་གསུམ་བཞུགས་སོ། །[7] དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་དང་། ཇོ་བོ་རྗེའི་དོན་བསྡུས་སྒྲོན་མེའི་སྐོར་ཞིབ་ཕྲ་པཎ་གྲུབ་སོ་སོའི་རྣམ་ཐར་སྐབས་བཀོན་ཟིན་པས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༤༡

[2] འབྱིན་འབེབས་གསོལ་འདེབས། ༼༡༽ གཡང་འབོད། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢ན༢

[3] མཁྱེན་བརྩེའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༡༨༨

[4] བློ་བཟང་དཔལ་ལྡན་གྱི་གསུང་ཐོར་བུ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༦༦

[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༠༤

[6] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༢༢

[7] ཕར་ཕྱིན་གྱི་ངོ་སྤྲོད་ཞིབ་ཕྲ་སློབ་དཔོན་སེང་བཟང་གི་རྣམ་ཐར་སྐབས་སུ་བཀོད་པ་ལས་མཁྱེན་པར་འཚལ་ལོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༩ ནས་ ༡༣༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *