ད༽ ཚུལ་ཁྲིམས་གཙང་བས་སོལ་བ་ལས་ཡལ་ག་རྫོགས་ཚུལ།
དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། ཡང་རང་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་ནི་གཙང་ཞིང་ཉེས་བྱས་ཕྲ་མོ་ཙམ་གྱིས་མ་གོས་པས་རྣམ་པར་དག་པའི་མཐུས་སོལ་བས་ཀྱང་ལྗོན་ཤིང་རྫོགས་ཏེ་ཡལ་ག་དང་མེ་ཏོག་འབྲས་བུ་སྨིན་པར་བྱེད་པའི་ངོ་མཚར་བའི་རྣམ་ཐར་བྱུང་བ་ནི། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[2]།
དཔལ་ལྡན་ཟླ་བ་གྲགས་པ་ཡི། །རྣམ་དག་ཚུལ་ཁྲིམས་གཙང་མའི་མཐུས། །
སོལ་བ་ལས་འཁྲུངས་ལྗོན་ཤིང་ནི། །ཡལ་ག་རྫོགས་པ་ངོ་མཚར་ཆེ། །
ཞེས་གསུངས་པ་ལྟར་དང་། གཞན་ཡང་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས[3]། ཁོང་གིས་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་རྫུན་པར་མཉམ་ཞེས་གསུངས་པ་ན། གཞན་དག་གིས་འོ་ན་དངོས་པོའི་བ་ལ་འོ་མ་འབྱུང་བ་ལྟར་རི་མོའི་བ་ལ་འོ་མ་འབྱུང་ངམ་ཟེར་བ་ལ། དེ་བཞིན་ནོ་གསུངས་ཏེ་རི་མོའི་བ་ལས་འོ་མ་བཞོས་སོ། །དོན་དམ་དུ་སྟོང་པར་མཉམ་ཞེས་གསུངས་པ་ན། འོ་ན་རྡོའི་ཀ་བ་འདི་སྟོང་པ་ཡིན་ནམ་ཞེས་ཟེར་བ་ལ། དེ་བཞིན་ནོ་གསུངས་ཏེ་རྡོའི་ཀ་བ་ལ་ཕྱག་བརྒྱབ་པས་ཐལ་བྱུང་དུ་མཛད། ཅེས་བྱུང་། དེ་ལྟར་སློབ་དཔོན་འདི་ཉིད་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཕལ་མོ་ཆེས་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་བར་གསུངས་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་ལྷོ་ཕྱོགས་སུ་རབ་ཏུ་བྱུང་བར་གསུངས་ཏེ་བཞེད་པ་ཁག་གཉིས་བྱུང་ངོ་།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༠
[2] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡ན༡
[3] ཞོལ་བཀའ་འགྱུར་དཀར་ཆག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་ཨང་ ༡༠༧ པ། ཤོག་ ༤༣༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༠༣ ནས་ ༥༠༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།