ཇ༽ ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན།
༡༽ དངོས་སློབ་མིན་པའི་བཞེད་ལུགས།
༡) རྒྱ་གར་མཁས་པའི་བཞེད་པ།
དེ་ཡང་པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པར་གྲགས་པའི་དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[1]།
དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ཀླུ་སྒྲུབ་ཡབ་སྲས་དགོངས་པའི་མཐིལ། །
མཁས་པ་སྟོང་གིས་མ་དཔོག་པ། །ཇི་བཞིན་གསལ་བ་ངོ་མཚར་ཆེ། །
ཞེས་གསུངས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་དང་། ཞབས་ཟིན་མིན་ལ་འཕགས་བོད་ཀྱི་སྐྱེས་ཆེན་དག་གི་ཁྲོད་དུ་བཞེད་ལུགས་མི་འདྲ་བ་གཉིས་བྱུང་བ་ལྟར་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཡིག་ཆ་ཁུངས་སུ་བྱས་ཏེ་ཡིན་མིན་གྱི་བཞེད་ཚུལ་སོ་སོར་འགོད་པ་ལ། དང་པོ། དཔལ་ལྡན་ཟླ་བ་གྲགས་པ་ (600-650) རང་ཉིད་ཀྱིས་མཛད་པའི་འཇུག་པ་རང་འགྲེལ་གྱི་ས་ཡི་ཡོན་ཏན་བཤད་པའི་མཇུག་ཏུ[2]། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་ཡོངས་སུ་སྤངས་པས་དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ།
ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །
ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་བྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །
གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ལྡན་ཆོས་སྐྱོང་ལ་སོགས་པ་སྔར་བྱོན་ཟིན་པ་གསལ་བར་གསུངས་པས། དེ་དག་གི་མཇུག་ཏུ་བྱོན་པ་ཞིག་ཡིན་ན། དུས་རབས་བདུན་པའི་སྐབས་སུ་འཁེལ་དགོས་པ་ལྟ་བུར་སྣང་བས། ཁུངས་འདི་ལ་བརྟེན་ནས་བོད་ཀྱི་སྐྱེས་ཆེན་དམ་པ་འགའ་ཞིག་གིས་སློབ་དཔོན་འདི་ཉིད་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་པས་དངོས་སློབ་མིན་པར་གསུངས།
དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པ་ (C.600-650) རང་ཉིད་ཀྱིས་མཛད་པའི་དབུ་མ་ཚིག་གསལ་ལས་[3]ཀྱང་། ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་ནས་བཅས་ལྷས་ཀྱང་གསུང་རྗེས་སུ། །འབྲངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པར་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །དེ་ལྟར་འཇིག་རྟེན་ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ་ནི་མཁས་གྱུར་ལ། །དམ་པའི་ལམ་ལས་རིང་ཞིང་རྟོག་གེའི་ཆང་འཐུངས་པ་ཡིས་མྱོས་པ་དང༌། །སངས་རྒྱས་གཞུང་ལུགས་ཐམས་ཅད་མཁྱེན་པས་གསུངས་པའི་དེ་ཉིད་བྲལ་ཞིང་འཁྲུགས་པའི་ཚེ། །གང་ཞིག་སྐད་ཅིག་ཙམ་ཡང་ཡིད་གཉིས་བསལ་ནས་སྟོང་ཉིད་རྟོགས་དེ་སྐལ་བར་ལྡན། །དངོས་པོའི་འཆིང་བས་ཉེར་སྦྱར་བསྟན་བཅོས་ཞགས་པས་དཀྲིས་ཤིང་འཇིགས་པས་བཅད་བྱས་ནས། །དངོས་པོའི་ར་བར་མཆོངས་ཏེ་འགྲོ་བའི་རི་དྭགས་མཁས་གང་དེ་ནི་ཆེན་པོ་སྟེ། །དེ་ལྟོས་བརྩམས་པས་བདག་ལ་ཡོན་ཏན་འདི་མེད་དེང་སང་མི་མཁས་གང་ཡིན་པ། །དེ་ཆེད་ཁོ་ནར་དེ་ལས་གཞན་པའི་བསྟན་བཅོས་འཇོམས་པའི་འགྲེལ་འདི་བདག་གིས་བྱས། །མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །དཔྱོད་པའི་དཀྱིལ་འཁོར་དང་ལྡན་རྟོག་གེ་འཇོམས་བྱེད་བློ་གསལ་རྣམས་ལ་ཚིག་གི་ནི། །འོད་ཟེར་དག་གིས་འདི་ན་གནས་དོན་ཡང་དག་མ་དཀྲུགས་དངོས་སུ་གསལ་བྱེད་ཅིང༌། །འགྲེལ་པ་ཆ་གསལ་འདི་ཡང་བྱེད་པའི་ཟླ་བ་གྲགས་ལྡན་འདི་དེང་ཤར་བ་ཡིས། །འཇིག་རྟེན་རྣམས་ཀྱི་ཡིད་གཉིས་མུན་པ་སྟུག་པོ་དག་དང་ལྷན་ཅིག་སེལ་བ་ཡིན། །ཞེས་གསུངས་པ་ལྟར་བར་གྱི་བསྟན་པ་འཕེལ་གྲིབ་དང་། ལྷག་པར་ཀླུ་སྒྲུབ་དང་། སྒྲ་གཅན་འཛིན་བཟང་པོ། འཕགས་པ་ལྷ་སོགས་གཅིག་ནས་གཅིག་ཏུ་བརྒྱུད་ནས་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་ཚོགས་དང་། གཏམ་ཚོགས་ཀྱི་གཞུང་ལུགས་རྣམས་གཟིགས་པར་གསུངས་ཀྱིས་ཀླུ་སྒྲུབ་ལས་དངོས་སུ་གསན་པར་མ་གསུངས་པས་དངོས་སློབ་མིན་པར་འདོད་མཁན་མཆིས་མོད། འོན་ཀྱང་རྗེ་བདག་ཉིད་ཆེན་པོས་རྒྱུ་མཚན་མ་ངེས་པར་གསུངས་ནས་འགོག་པར་མཛད་པ་གཤམ་དུ་བཀོད་པ་ལྟར་རོ།།
༢) བོད་ཀྱི་མཁས་པའི་བཞེད་པ།
དེ་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་བཀའ་བཞི་བརྒྱུད་པའི་གསོལ་འདེབས་ལས[4]།
སྦྱངས་སྟོབས་དཔག་ཏུ་མེད་པ་ཡི། །གནས་ལྔ་རིག་པའི་པཎྜི་ཏ། །
དེ་ཉིད་ཅི་བཞིན་རིག་པའི་མཆོག །ཟླ་བ་གྲགས་པ་ལ་ཕྱག་འཚལ། །
ཞེས་བསྟོད་ཕྱག་མཛད་ཡུལ་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་འདོད་པའི་ལུགས་ལ། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་དབུ་མ་ལ་འཇུག་པའི་དཀྱུས་ཀྱི་ས་བཅད་པ་དང་གཞུང་སོ་སོའི་དཀའ་བའི་གནས་ལ་དཔྱད་པ་ལྟ་བ་ངན་སེལ་ལས[5]། དང་པོ་ནི། ཀླུ་སྒྲུབ་སོགས་ཏེ། འགྲེལ་པར། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་སོ། །འདིས་ནི་ཇོ་བོ་རྗེས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་གསུངས་པ་ལ་བརྟེན་ནས་ཀླུ་སྒྲུབ་མི་ཡུལ་དུ་ལོ་དྲུག་བརྒྱ་བཞུགས་པའི་དུས་ཀྱི་དངོས་སློབ་ཟླ་གྲགས་ཡིན་པ་བཀག་སྟེ། ཀླུ་སྒྲུབ་ལོ་ལྔ་བརྒྱ་སོང་ནས་འཕགས་པ་ཐོགས་མེད་བྱོན། དེ་ཉིད་བརྒྱ་དང་ལྔ་བཅུར་བཞུགས་པའི་སྐུ་ཚེའི་མཇུག་གི་སློབ་མ་དབྱིག་གཉེན་ཡིན་ལ་དེའི་སློབ་མ་ཡང་ཕྱོགས་ཀྱི་གླང་པོ་ཡིན་ཅིང་། དེ་དག་ཀྱང་སློབ་དཔོན་འདིའི་དུས་སུ་བསྟན་བཅོས་མཛད་ནས་གཞན་དུ་བྱོན་ཟིན་པར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་ནི་སློབ་དཔོན་གོང་མ་རྣམས་བྱོན་སྔ་ཕྱིའི་ཆ་ནས་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་གསུངས་སོ།།
དེ་བཞིན་ཀཾ་ཚང་བཀའ་བརྒྱུད་གསེར་ཕྲེང་ལས[6]། དཔལ་ཟླ་བ་གྲགས་པ་ནི། ཡུལ་དབུས་སུ་རྒྱལ་པོ་གསལ་བའི་སྐབས་ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས། རིག་གནས་ཀུན་ལ་མཁས། རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་འཛིན་པའི་མཁས་པ་ཆེན་པོར་གྱུར། ལེགས་ལྡན་གྱི་སློབ་མ་རྣམས་དང་བུདྡྷ་པཱ་ལི་ཏའི་སློབ་མ་ཀ་མ་ལ་བུདྡྷི་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཐམས་ཅད་གསན། ནཱ་ལནྡའི་མཁན་པོ་མཛད། རྩ་བཞི་རིགས་གསུམ་སོགས་ཀྱི་འགྲེལ་པ་དང་འཇུག་པ་སོགས་བརྩམས། སངས་རྒྱས་བསྐྱངས་ཀྱི་ལུགས་དེ་དར་བར་མཛད། རི་མོར་བྲིས་པའི་བ་ལས་འོ་མ་བཞོ་བ་དང༌། རྡོའི་ཀ་བ་ལ་ཕྱག་ཟང་ཐལ་དང་རྩིག་པ་ལ་ཟང་ཐལ་སོགས་མཛད། མ་ནུ་བྷ་གའི་རི་ལ་སྔགས་ལམ་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཅིང༌། སློབ་དཔོན་འདི་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པ་ནི་རྒྱ་གཞུང་རྣམས་ནས་ཀྱང་གསལ་ལ། འདུས་པ་སོགས་སྔགས་གཞུང་རྣམས་ནི། འཕགས་པའི་ཡེ་ཤེས་ཀྱི་སྐུ་ལས་ནོས་པ་ཡིན་པར་བྱེད་དགོས་སོ། །འདུས་པའི་འགྲེལ་པ་སྒྲོན་གསལ་སོགས་མཛད་དོ།།
དུས་ཕྱིས་གདོལ་པའི་བུ་མ་ཏངྒི་པས་འཕགས་པ་ལྷ་མཇལ་ཏེ་གསང་བ་འདུས་པ་སོགས་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་རྣམས་ནོས་ནས་དུས་དེར་འདུས་པ་འཕགས་སྐོར་ཐོག་མར་དར་བ་ཡིན་ཅིང་། དབུ་མ་ཚོགས་གསུམ་སོགས་བཞིན་དུ་འཕགས་པ་ཡབ་སྲས་སྐུ་བཞུགས་པའི་དུས་ནས་ཐུན་མོང་དུ་དར་བ་ནི་མ་ཡིན་ནོ། །སྒྲོན་གསལ་ལས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སྩལ་བ་སྟེ། གཏེར་དང་འདྲ་བར་སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་བླ་མའི་ཞལ་ནས་ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཀོངྐ་ནའི་སློབ་དཔོན་སྲུང་བའི་ཞབས་ཀྱིས་དུས་ཕྱིས་དཔལ་ཟླ་བ་གྲགས་པ་མཇལ་ནས་སྒྲོན་གསལ་གྱི་གླེགས་བམ་རྙེད་པ་ཡིན་པ་དང་། པཎྜི་ཏ་སྒྲ་གཅན་འཛིན་ཟེར་བ་ཞིག་གིས་ཀླུ་བྱང་དང་མཇལ་ནས་འཕགས་སྐོར་གྱི་དཔེ་རྣམས་རྙེད་པ་སྟེ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། ཟླ་གྲགས། མ་ཏངྒི་ཞེས་འདྲེན་པའང་དོན་ལ་ནི་ལོས་རུང་ངོ་། །རྒྱ་ནག་ཏུ་རྒྱལ་བསྟན་སྤེལ་མཛད་དགྲ་བཅོམ་པ་མ་ཏངྒི་ཞེས་པའང་འདི་ཡིན་པར་མངོན་ཅིང་། འདིས་འདུས་པ་འཕགས་སྐོར་སོགས་ཏཻ་ལོ་པ་ལ་གནང་བ་ཡིན་ནོ། །ཞེས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་གསུངས་སོ།།
གཞན་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་བཀའ་གདམས་པ་ནམ་མཁའ་འབུམ་གྱིས་ཞུས་ལན་ལས[7]། དྲི་བ་བདུན་པ། སློབ་དཔོན་ཟླ་གྲགས་སློབ་དཔོན་ཀླུ་སྒྲུབ་ལ་སླེབས་སམ་ཟེར་བ་ལ། སློབ་དཔོན་ཟླ་བ་གྲགས་པ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱི་བརྒྱུད་པ་འཛིན་པ་ལགས། དགོངས་པ་བསྐང་བའི་སློབ་མ་ཡིན་པས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཞེས་གསུངས་པ་ཡིན། ཞེས་གསུངས་པ་ལྟར་ས་པཎ་མཆོག་གིས་ཀྱང་རྒྱུད་འཛིན་གྱི་སློབ་མ་ཡིན་པ་ལས། ཞབས་ཟིན་གྱི་དངོས་སློབ་མིན་པར་གསུངས་ལ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་[8]ཀྱང་། འོ་ན་ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་མིན་པར་འཇམ་དབྱངས་ས་པཎ་གྱི་དྲིས་ལན་ལས་བཤད་པ་མིན་ནམ་སྙམ་ན། དྲིས་ལན་དེ་ཉིད་ལས་བརྒྱུད་པའི་སློབ་མ་ལྟ་བུར་བཤད་པ་ནས། རང་རེ་ས་སྐྱ་པ་ཕལ་ཆེར་ཟླ་གྲགས། ཀླུ་སྒྲུབ་ཀྱི་ཞབས་ཟིན་མ་ཡིན་ཏེ། ཀླུ་སྒྲུབ་སྟོན་པའི་འདས་ལོ་ནས་ལོ་བཞི་བརྒྱ་ནས་བྱོན་ནས་ལོ་དྲུག་བརྒྱ་བཞུགས། ཐོགས་མེད་ལོ་དགུ་བརྒྱ་ནས་བྱོན་ནས་ལོ་བརྒྱ་དང་ལྔ་བཅུ་བཞུགས། དེའི་སྐུ་ཚེ་སྨད་ཀྱི་སློབ་མ་དབྱིག་གཉེན་ཡིན་པ་ལས། ཟླ་གྲགས་ཀྱི་དུས་དབྱིག་གཉེན་ལ་སོགས་པ་ཡང་འདས་ཟིན་ནས་མི་བཞུགས་པར་བཤད་པ་ལས་ཤེས་པའི་ཕྱིར་ཏེ། འཇུག་པ་རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིན་གཉེན་དང་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཞེས་སོགས་བྱུང་བའི་གཏན་ཚིགས་ཀྱིས་ཀླུ་སྒྲུབ་ནི་སྟོན་པ་འདས་ནས་ལོ་བཞི་བརྒྱ་ནས་བྱོན་ཏེ་ལོ་དྲུག་བརྒྱར་བཞུགས་པ་དང་། ཐོགས་མེད་དགུ་བརྒྱ་ནས་བྱོན་ཏེ་ལོ་བརྒྱ་དང་ལྔ་བཅུར་བཞུགས་པར་བཤད་པ་ལྟར་ན། དེའི་སྐུ་ཚེའི་སྨད་ཀྱི་སློབ་མ་དབྱིག་གཉེན་ཡིན་པས། ཟླ་བ་གྲགས་པའི་དུས་སུ་དབྱིག་གཉེན་ལ་སོགས་པའང་མི་བཞུགས་པ་གྲུབ་པའི་ཕྱིར་རོ། །ཞེས་དཔལ་ལྡན་ཟླ་བ་གྲགས་པ་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་རྗེས་སུ་བྱོན་པའི་མཁས་པའི་གྲས་ཡིན་པས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་འདོད་དོ།།
གཞན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[9]། ཇོ་བོ་རྗེས་ཟླ་བ་གྲགས་པས་ཀླུ་སྒྲུབ་ཀྱི་ཞབས་ཟིན་པ་གསུངས་པར་རྒྱུ་མཚན་ཡང་དག་པ་ཞིག་གང་ཡང་བཀོད་ཐུབ་མེད་པར་མ་ཟད། ཇོ་བོ་རྗེ་ནང་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་སྨོས་མེད་ལས། ཁོང་ལོ་རྒྱུས་སྨྲ་བ་ཞིག་དང་། ལོ་རྒྱུས་ཉམས་ཞིབ་པ་ཞིག་དེ་བས་ཀྱང་མིན་སྟབས། ཁོང་གིས་བཤད་པའི་ལོ་རྒྱུས་དེ་ཚོར་ཞིབ་ཚགས་མིན་པ་དང༌། ལོ་རྒྱུས་ཀྱི་དངོས་དོན་དང་འགལ་བ་སོགས་ཀྱི་གནད་དོན་འབྱུང་མི་སྲིད་པ་མིན་སྟབས། ཁོང་གིས་བཤད་པའི་ལོ་རྒྱུས་དེ་དག་མཐའ་གཅིག་ཏུ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཏུ་བརྩི་རུང་མིན་ཐད་ནན་གྱིས་ལྟ་ཞིབ་བྱ་དགོས་པ་ཞིག་མིན་ནམ་སྙམ། ཞེས་གསུངས་སོ།།
དེས་ན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་ཚེའི་སྟོད་ཀྱི་སློབ་མ་དང༌། ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང༌། རྩོད་པ་བྱས་སྐད་པ་དང༌། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་བཞེས་ཟེར་བ་སོགས་རིག་པས་དྲས་པའི་བཅོལ་བགྲོས་ཙམ་དུ་སྣང༌། ཁ་ཅིག་དེ་དག་བཀག་ནས། དཔྱོད་པ་དག་དག་མོར་བྱས་ནས། དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན། ལེགས་ལྡན་གྱི་བསྙེན་རྫོགས་མཁན་པོའང་ཀླུ་སྒྲུབ་ཡིན། ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་ཟེར་ཏེ། འཕགས་པ་ལྷ་ལྟ་བུ་གཉིས་ཀའི་ཁུངས་སུ་བྱེད་པ་དེ་བཞུགས་བཞིན་དུ། དེ་གཉིས་གྲུབ་མཐའ་ཐ་དད་དུ་གྱེས་དོན་ག་ལ་ཡོད། དཔྱོད་ལྡན་ཡོད་ན་དེ་འདྲ་ལ་སུ་ཞིག་ཡིད་ཆེས་བྱ། ཞེས་གསུངས་པ་ལྟར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ན་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་དགག་པ་མཛད་དགོས་དོན་མེད་ལ། ཟླ་གྲགས་ཀྱིས་ལེགས་ལྡན་ལའང་དགག་པ་མཛད་དོན་མེད་པར་ཀླུ་སྒྲུབ་ཞལ་བཞུགས་ཡོད་མུས་ལགས་པས་སློབ་དཔོན་ཉིད་ལ་བཀའ་འདྲི་ཞུས་ན་འགྲིག་པར་གསུངས་པས་དངོས་སློབ་མིན་པར་བཞེད་དོ།།
འོ་ན་ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་པར་འདོད་མཁན་སུ་ཡིན་སྙམ་ན། རྟ་ནག་མཁན་ཆེན་ཆོས་རྣམ་རྒྱལ་[11]གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[12]། ཐལ་འགྱུར་བ་ནི་ཨཱརྱ་དེ་བའི་སློབ་མ་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་སྲོལ་དབྱེ། གཞན་ཡང་ཨཱརྱ་དེ་བའི་སློབ་མ་སློབ་དཔོན་ཟླ་བ་གྲགས་པ་དང་། ཟླ་གྲགས་ཀྱི་སློབ་མ་རིགས་པའི་ཁུ་བྱུག་ཆེ་བ། དེའི་སློབ་མ་རིགས་པའི་ཁུ་བྱུག་ཆུང་བ། དེ་གཉིས་ཀའི་སློབ་མ་ཇོ་བོ་དཔལ་ལྡན་མར་མེ་མཛད་སོགས་པ་འཕགས་ཡུལ་ན་བཟང་ལ་མང་བ་བྱུང་། རང་རྒྱུད་པ་ནི། ཐོག་མར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྲོལ་ཕྱེ། དེའི་སློབ་མ་དཔལ་སྦས་དང་། དེ་ནས་སློབ་དཔོན་ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཀཱ་མ་ལ་ཤཱི་ལའམ། བོད་སྐད་དུ་པདྨའི་ངང་ཚུལ་དུ་གྲགས་པ་གསུམ་གྱིས་རྒྱ་གར་ཤར་ཕྱོགས་སུ་རང་རྒྱུད་ཀྱི་སྲོལ་བསྐྱངས་པས་རང་རྒྱུད་ཤར་གསུམ་དུ་གྲགས། ཞེས་བྱུང་བ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པ་གཉིས་སློབ་དཔོན་ཨཱརྱ་དེ་ཝའི་སློབ་མ་ཡིན་པར་གསུངས་པ་ལས། མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་མ་གསུངས་སོ།།
གཞན་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[13]། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པ་བྱུང༌། དེ་ལས་ཟླ་གྲགས་ནི། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཞིག་ལས་ཀླུ་སྒྲུབ་ཀྱི་གཞུང་མཐའ་དག་གསན་པས། མདོ་སྔགས་ཐམས་ཅད་དང་འཕགས་པའི་ལུགས་ལ་མཁས་པའི་ཕུལ་བྱུང་དུ་བྱུང་། ནཱ་ལནྡའི་མཁན་པོ་མཛད། ཅེས་དང་། དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[14]། འདིས་འཇུག་པ་རྩོམ་དུས་ཐོགས་མེད་ཕྱོགས་གླང་སོགས་ཀྱང་བྱུང་ཟིན་པ་ནི་དེས་ཤེས་སླའོ། །ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་གསུངས་སོ།།
ཡང་འབེ་ལོ་ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས་པའི་ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་ལས[15]། དཔལ་ལྡན་ཟླ་བ་གྲགས་པ་ནི། ཡུལ་དབུས་སུ་རྒྱལ་པོ་གསལ་བའི་སྐབས་ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས། རིག་གནས་ཀུན་ལ་མཁས། རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་འཛིན་པའི་མཁས་པ་ཆེན་པོར་གྱུར། ལེགས་ལྡན་གྱི་སློབ་མ་རྣམས་དང་། བུདྡྷ་པཱ་ལི་ཏའི་སློབ་མ་ཀ་མ་ལ་བུདྡྷི་ལཱ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཐམས་ཅད་གསན། ནཱ་ལནྡའི་མཁན་པོ་མཛད། རྩ་བཞི་རིགས་གསུམ་སོགས་ཀྱི་འགྲེལ་པ་དང་། འཇུག་པ་སོགས་བརྩམས། སངས་རྒྱས་བསྐྱངས་ཀྱི་ལུགས་དེ་དར་བར་མཛད། རི་མོར་བྲིས་པའི་བ་ལས་འོ་མ་བཞོ་བ་དང་། རྡོའི་ཀ་བ་ལ་ཕྱག་ཟངས་ཐལ་དང་། རྩིག་པ་ལ་ཟངས་ཐལ་སོགས་མཛད། མ་ནུ་བྷ་གའི་རི་ལ་སྔགས་ལམ་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཅིང་། སློབ་དཔོན་འདི་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པ་ནི་རྒྱ་གཞུང་རྣམས་ནས་ཀྱང་གསལ་ལ། འདུས་པ་སོགས་སྔགས་གཞུང་རྣམས་ནི་འཕགས་པའི་ཡེ་ཤེས་ཀྱི་སྐུ་ལས་ནོས་པ་ཡིན་པར་བྱེད་དགོས་སོ། །འདུས་པའི་འགྲེལ་པ་སྒྲོན་གསལ་སོགས་མཛད་དོ། །དུས་ཕྱིས་གདོལ་པའི་བུ་མ་ཏངྒི་པས་འཕགས་པ་མཇལ་ཏེ་གསང་བ་འདུས་པ་སོགས་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་རྣམས་མནོས་ནས་དུས་དེར་འདུས་པ་འཕགས་སྐོར་ཐོག་མར་དར་བ་ཡིན་ཅིང་། དབུ་མ་ཚོགས་གསུམ་སོགས་བཞིན་དུ་འཕགས་པ་ཡབ་སྲས་སྐུ་བཞུགས་པའི་དུས་ནས་ཐུན་མོང་དུ་དར་བ་ནི་མ་ཡིན་ནོ། །སྒྲོན་གསལ་ལས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སྩལ་བ་སྟེ། གཏེར་དང་འདྲ་བར་སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་བླ་མའི་ཞལ་ནས་ཞེས་གསུངས་པ་ལྟར་རོ།།
དེ་བཞིན་དུ་ཀོངྐ་ནའི་སློབ་དཔོན་སྲུང་བའི་ཞབས་ཀྱིས་དུས་ཕྱིས་དཔལ་ལྡན་ཟླ་བ་གྲགས་པ་མཇལ་ནས་སྒྲོན་གསལ་གྱི་གླེགས་བམ་རྙེད་པ་ཡིན་པ་དང་། པཎྜི་ཏ་སྒྲ་གཅན་འཛིན་ཟེར་བ་ཞིག་གིས་གླུས་བྱས་དང་མཇལ་ནས་འཕགས་སྐོར་གྱི་དཔེ་རྣམས་རྙེད་པ་སྟེ། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། ཟླ་གྲགས། མ་ཏངྒི་ཞེས་འདྲེན་པའང་དོན་ལ་ནི་ལོས་རུང་ངོ་། །རྒྱ་ནག་ཏུ་རྒྱལ་བསྟན་སྤེལ་མཛད་དགྲ་བཅོམ་པ་མ་ཏངྒི་ཞེས་པའང་འདི་ཡིན་པར་མངོན་ཞིང་། འདིས་འདུས་པ་འཕགས་སྐོར་སོགས་ཏཻ་ལོ་པ་ལ་གནང་བ་ཡིན་ནོ། །ཞེས་བྱུང་ངོ་།།
དེ་ལྟར་ཟླ་གྲགས་ (600-650) རང་ཉིད་ཀྱིས་མཛད་པའི་འཇུག་པ་རང་འགྲེལ་གྱི་མཇུག་བྱང་ལས[16]། གལ་ཏེ་གནས་བརྟན་དབྱིག་གཉེན་དང་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཞེས་སོགས་གསུངས་པར་གཞིགས་ནས་དཔལ་ལྡན་ཟླ་བ་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཙམ་མ་ཟད། སློབ་དཔོན་དབྱིག་གཉེན་དང་། དཔལ་ལྡན་ཆོས་སྐྱོང་གི་ཡང་རྗེས་སུ་བྱོན་པར་བསྟན་པ་དང་གཅིག །གཉིས་ནས་བྱུང་རབས་ཀྱི་དེབ་ཐེར་དུ་མར་དཔལ་ལྡན་ཟླ་བ་གྲགས་པའི་སློབ་དཔོན་ཁ་ཆེ་ཟླ་བ་མགོན་པོ་དང་། དཔལ་ལྡན་ཆོས་སྐྱོང་ཡིན་པ་ནི་ཟླ་གྲགས་ཞེས་པའི་མཚན་གྱི་ཆ་ནས་གསལ་བར་སྣང་ལ། དཔལ་ལྡན་ཟླ་བ་གྲགས་པའི་སློབ་མ་རིགས་པའི་ཁུ་བྱུག་ཆེ་བ་དང་། དེའི་སློབ་མ་རིགས་པའི་ཁུ་བྱུག་ཆུང་བ་སྟེ་བླ་མ་བྱམས་པའི་རྣལ་འབྱོར་པ། དེའི་སློབ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཡིན་ཚུལ་སོགས་ལ་གཞིགས་ཚེ་དེ་མཚུངས་ཀྱི་སྒྲུབ་བྱེད་མང་དུ་ཡོད་པར་སྣང་ལ། ཆོས་འབྱུང་ཁག་ཏུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད་གཉིས་ཀ་སློབ་དཔོན་དགེ་འདུན་སྲུང་བའི་སློབ་མ་ཡིན་པར་གསལ་བར་མ་ཟད། རྒྱ་གར་ཆོས་འབྱུང་དུ་སློབ་དཔོན་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་ཚེའི་སྟོད་ཀྱི་སློབ་མ་དང༌། སློབ་དཔོན་ལེགས་ལྡན་འབྱེད་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པར་གསུངས་པས། སངས་རྒྱས་བསྐྱངས་སྐུ་ན་བགྲེས་ཤིང་། ལེགས་ལྡན་སྐུ་ན་གཞོན་པ་ཡིན་སྟབས། དཔལ་ལྡན་ཟླ་གྲགས་ནི་དེ་གཉིས་ཀྱིའང་རྗེས་སུ་བྱོན་པ་སྟེ། དེ་ཡང་སངས་རྒྱས་བསྐྱངས་དང་། ལེགས་ལྡན་རྣམ་གཉིས་ཀྱི་སློབ་མ་ཀ་མ་ལ་བོ་དྷི་ལས་ཀླུ་སྒྲུབ་ཀྱི་མན་ངག་གསན་པར་གསལ་བས་ཡང་སློབ་ཡིན་པ་ལས་དངོས་སློབ་ཡིན་པར་མི་གསལ་ལོ།།
ཡང་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ (1382-1456) གསུང་རྒྱུན་གུང་རུས་འབྲི་བར་མཛད་པའི་གསང་འདུས་རྣམ་བཤད་ལས[17]། འོ་ན་ཟླ་བ་གྲགས་པ་འདི་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ནམ་ཞེ་ན། འཕགས་པས་རྒྱལ་བུ་ལ་དབུ་སྦྱིན་པར་བཏང་རྗེས་ཞལ་མཇལ་བ་ལྟ་བུ་ལ་ནི་འགལ་བ་མེད་དེ། སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས་སུ་ཞལ་མཇལ་བ་དང་། གྲུབ་ཆེན་ཀླུ་བྱང་[18]ལྷོ་ཕྱོགས་དཔལ་གྱི་རི་ལ་ད་དུང་ཡང་ཚེའི་རིག་འཛིན་བརྙེས་ནས་བཞུགས་པ་སྐལ་ལྡན་རྣམས་དེང་སང་ཡང་ཞལ་མཇལ་བ་ཡིན་ནོ། །འཕགས་པས་དབུ་སྦྱིན་པར་མ་བཏང་གོང་དུ་དཔོན་སློབ་ཏུ་བྱས་ནས་འཆད་ཉན་བྱས་པའི་དཔོན་སློབ་ནི་མིན་ཏེ། ཟླ་གྲགས་འདི་ནཱ་རོ་པའི་བླ་མ་ཙནྡྲ་གོ་མི་དང་དུས་མཚུངས་སུ་བཤད་པ་དང་། ཟླ་གྲགས་ཀྱི་དུས་ན་ཨཱརྻ་དེ་བའི་སློབ་མ་གནས་བརྟན་ཆོས་སྐྱོང་སྟེ་བིརྺ་པ་ཡང་བྱོན་ཟིན་པར་བཤད་པ་དང་། ཀླུ་སྒྲུབ་དང་དེའི་དངོས་སློབ་ཕལ་ཆེར་ཡང་འདས་ཟིན་པར་ཟླ་གྲགས་རང་ཉིད་ཀྱིས་གསུངས་ཏེ་ཞེས་གསུངས་ནས། འཇུག་པ་རང་འགྲེལ་ནས་ལུང་འདྲེན་ཡང་མཛད་ཅིང་། སྲད་བུ་ཀུན་བློའི་གསང་འདུས་རྒྱུད་བཤད་སྔོན་འགྲོ་ཟིན་བྲིས་ལས། དངོས་སློབ་ཏུ་འདོད་པ་ལ་ལུང་རིགས་ཀྱི་གནོད་བྱེད་མང་དུ་བརྗོད་ནས་རང་གི་བཞེད་པ་ལ། དེས་ན་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་ཞབས་དུས་ཀྱི་དབང་དུ་བྱས་ན་མ་ཟིན་པ་ཡིན་ལ། ཕྱིས་ཞལ་བསྟན་ནས་བྱིན་གྱིས་བརླབས་པ་ནི་མ་བཀག་གོ་ཞེས་གསུངས་པས། རྗེ་བཙུན་ཀུན་དགའ་བཟང་པོ་ཡབ་སྲས་རྣམས་ནི་དངོས་སློབ་མིན་པར་བཞེད་དོ།།
དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་གསུངས་པ་ནི། དང་པོ་དུས་རབས་ཀྱི་ཆ་ནས་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ་དང་། དེའི་སློབ་མ་སྒྲ་གཅན་འཛིན་བཟང་པོ་ཆུང་བ། དེའི་སློབ་མ་སྐུ་ཚེ་རིང་པོར་བཞུགས་པའི་སློབ་དཔོན་ཀླུའི་བཤེས་གཉེན། དེའི་སློབ་མ་སློབ་དཔོན་དགེ་འདུན་སྲུང་བ་དང་། དེའི་སློབ་མ་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་རྣམ་གཉིས་ཡིན་ཅིང་། དེ་དག་བྱོན་རྗེས་སུ་ཟླ་བ་གྲགས་པ་བྱོན་པས་ན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡོང་ཐབས་མེད་པ་དང་གཅིག །གཞན་ཡང་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་པར་གསུངས་པ་ལྟར་ན། ཀླུ་སྒྲུབ་སྐུ་ཚེ་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པས། དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་ནང་ལྷོ་ཕྱོགས་ཀྱི་ཀོང་ཀཱ་ནའི་ཡུལ་དུ་བྱོན་པར་གསལ་བ་ལས། དཔལ་གྱི་རི་ལ་བྱོན་པའི་རྣམ་ཐར་མེད་པ་དང་གཉིས།

དེ་མིན་དཔལ་ལྡན་ཟླ་བ་གྲགས་པ་རབ་ཏུ་བྱུང་ས་དང་། སྡེ་སྣོད་གསུམ་ལ་སྦྱངས་ནས་མཁས་པ་ཆེན་པོར་གྱུར་ཡུལ་ནི་ལྷོ་ཕྱོགས་སུ་ཡིན་ལ། དེ་རྗེས་ནཱ་ལེནྡྲར་ཕེབས་ཤིང་། དཔལ་ནཱ་ལེནྡྲར་མཁན་པོ་གནང་སྐབས་རྩ་འཇུག་བཞི་གསུམ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་སོགས་མཛད་པར་མ་ཟད། རྫུ་འཕྲུལ་གྱི་མཛད་པ་ཁག་ཀྱང་བསྟན་ལ། མཐར་ལྷོ་ཕྱོགས་ཀོང་ཀཱ་ནར་ཕེབས་ཤིང་། དེར་མུ་སྟེགས་པ་མང་པོ་ཚར་བཅད་པ་དང་། དངོས་གྲུབ་མཆོག་ཐོབ་ཡུལ་ཡང་ཡུལ་དེ་ཉིད་དུ་ཡིན་ཚུལ་རྒྱ་གར་ཆོས་འབྱུང་ནང་གསལ་བ་ལྟར་ན་དངོས་སློབ་མིན་པར་གསུངས། འོན་ཀྱང་དངོས་སློབ་ཡིན་པར་འདོད་མཁན་དག་གིས་གོང་གསལ་རྣམ་ཐར་ལྟར་འདོད་མིན་དང་། དང་པོ་ལྟར་ན་ཀླུ་སྒྲུབ་སྐུ་འཚོ་བཞུགས་ཡོད་བཞིན་དུ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་གསུམ་གྱི་བར་རྩོད་པ་བྱུང་དགོས་དོན་མེད་པར་འདོད་ལ། གལ་ཏེ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ན། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སྔོན་ལ་མ་བྱོན་ནའང་། རྗེས་སུ་མིན་པ་ཞིག་ཐལ་རང་གི་ལྟ་བའི་ཆ་བཅས་ལའང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
ཀོང་ཀ་ནཱ་ཞེས་པ་དེང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་མིལ་ན་དྷུའི་ནང་དུ་ཡོད་པར་འདོད་ལ། དེ་བཞིན་བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[19]། ཡུལ་དེའི་ནུབ་ཕྱོགས་ཀྱི་རྒྱ་མཚོའི་ནང་ན་ལཱ་ཁ་དེ་བ་སོགས་གླིང་ཕྲན་འགའ་རེ་དང་། ཡུལ་དེའི་བྱང་དཔལ་གྱི་རིའི་ནུབ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་དུ་ཀི་ནཱ་ར་ཟེར་བའི་ཡུལ་ཡོད་པ་དེར་མོངྒ་ལོ་ར་ཟེར་བའི་མཁར་ཆེན་པོ་དང་། དེ་ལླེ་དང་། དྷོ་ཁཱ་ལ་དང་། བྲ་བཻ་ཊྒུརྱ་དང་། པཀྵེཾ་ཁོ་ལ་དང་། མྲེ་ཡོད་ཝ་དང་། ཁ་རྭ་ར་སོགས་གྲོང་ཁྱེར་དང་ཚོང་འདུས་ཆེན་པོ་མང་པོ་དང་། དེ་ནས་བྱང་དུ་ཀུངྐུ་ན་ཟེར་བའི་ཡུལ་ཡོད་པ་དེར་དཔལ་ལྡན་ཟླ་བ་གྲགས་པ་བཞུགས་པའི་གནས། ཞེས་བྱུང་ངོ་།།
དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་བཞུགས་མྱོང་བའི་ཀོངྐུ་ནའི་ཡུལ་གྱི་རྒྱ་ཁྱོན་དང་ཐོན་ཁུངས། ཡུལ་མིའི་གཤིས་སྤྱོད། ནང་པའི་གཙུག་ལག་ཁང་དང་དགེ་འདུན། བྱིན་ཅན་གྱི་ནང་རྟེན་ཇི་ལྟ་བུ་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[20]ཀྱང་། ཀོངྐུ་ན། (གསེར་གྱི་ས་) རྒྱ་གར་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ་ཀོང་ཀུ་ན་པཱུ་ར་ཟེར་བའི་ཡུལ་དེ་ཡིན་ཅིང་། ཐང་སན་རང་རྣམ་བྲིས་མའི་ཤོག་གྲངས་ ༡༣༣བ༡ལས། ཀོང་ཀ་ན་པུ་རིའི་ཡུལ་དེའི་ཁོར་ཡུག་ཏུ་ལེ་དབར་ལྔ་སྟོང་ལྷག་དང་། མཁར་གྲོང་ཆེན་པོའི་མཐའ་འཁོར་དུ་ལེ་དབར་སུམ་ཅུ་ལྷག་ས་རྒྱུ་ལེགས་ཙམ་དང་། གནམ་གཤིས་དྲོད་ཤས་ཆེ་བས་འབྲུ་རིགས་གང་ཡང་འདེབས་རུང་བ། མིའི་རང་བཞིན་ཏེ་ལུས་རྩུབ་ཅིང་སྤྲོ་ཐུང་བ། སློབ་སྦྱོང་ལ་དགའ་ཞིང་ཡོན་ཏན་ཅན་ལ་བརྩི་བཀུར་ཆེ་བ། གཙུག་ལག་ཁང་བརྒྱ་ལྷག་ཙམ་གྱི་ནང་དགེ་འདུན་ཁྲི་ཚོ་ལྷག་བཞུགས་ཤིང་ཐེག་པ་ཆེ་ཆུང་མཉམ་པར་སྤྱོད་པ། མུ་སྟེགས་པའི་ལྷ་ཁང་ཡང་བརྒྱ་ཕྲག་མང་པོ་ཡོད་པའི་ནང་ཕྱི་རོལ་པའི་ལྟ་བ་སྣ་ཚོགས་འཛིན་མཁན་འདྲེས་མར་གནས་པ་དང་། རྒྱལ་པོའི་ཁང་ཁྱིམ་གྱི་ཉེ་ལོགས་སུ་གཙུག་ལག་ཁང་ཆེན་པོ་ཞིག་ལ་དགེ་འདུན་སུམ་བརྒྱ་ལྷག་ཙམ་བཞུགས་པ་རྣམས་འདུལ་ཁྲིམས་དང་ཀུན་སྤྱོད་གཙང་བར་སྐྱོང་བ་ཡོད། གཙུག་ལག་ཁང་དེའི་གཙང་ཁང་ཆེན་པོ་རྒྱ་ཁྱོན་ཁྲུ་བརྒྱ་ (འདོམ་ཉི་ཤུ་རྩ་ལྔ་) ཙམ་ཡོད་པའི་ནང་སྟོན་པ་སངས་རྒྱས་སྐུ་གཞོན་ནུའི་སྐབས་དབུ་ལ་བཞེས་པའི་སྤྲོག་ཞུ་མཐོ་ཚད་ཁྲུ་དོ་ཙམ་ལ་རིན་པོ་ཆེའི་ཁྲ་རྒྱན་མང་པོས་བཏབ་པ་ཞིག་རིན་པོ་ཆེའི་སྒྲོམ་གྱི་ནང་དུ་བཅུག་པ་ཡོད།
གྲོང་ཁྱེར་གྱི་ཉེ་འདབས་སུ་གཙང་ཁང་ཞིག་ན་གྲོ་བཞིན་སྐྱེས་སྣ་བ་བྱེ་བ་རིས་བཞེངས་པའི་ཙནྡ་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་ཡོད་པ་དང་། གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཤིང་ཏཱ་ལའི་ནགས་ཚལ་རྒྱ་ཁྱོན་རྒྱང་གྲགས་སུམ་ཅུ་ (འདོམ་ཆིག་ཁྲི་ལྔ་སྟོང་) ཙམ་གྱིས་ཁྱབ་ནས་ཡོད་པ་སོགས་གོང་གསལ་གྱི་རྣམ་ཐར་དེར་གསལ་ཞིང་། ཡུལ་འདི་དང་མགོན་པོ་ཀླུ་སྒྲུབ་ཀྱི་བཞུགས་གནས་ལྷོ་ཕྱོགས་དཔལ་གྱི་རི་གཉིས་ཐག་ཉེ་བར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་རྒྱུད་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ལས་ཀྱང་གསུངས་སོ། །ཞེས་གསལ་ལོ།།
༢༽ དངོས་སློབ་ཡིན་པའི་བཞེད་ལུགས།
༡) རྒྱ་གར་མཁས་པའི་བཞེད་པ།
གཉིས་པ་ནི། དཔལ་ལྡན་ཟླ་བ་གྲགས་པ་ (c.600-650) རང་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས[21]། དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ཀྱི་ཤིན་ཏུ་གསལ་བར་རྣམ་ཕྱེ་ལེགས་བཤད་པ། །མཐའ་དྲུག་གི་ནི་འཆིང་བས་བཅིངས་པ་རྒྱལ་སྲས་ཡུལ་གྱུར་རྒྱལ་བའི་འདུས་གང་ཡིན། །སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བརྒྱུད་དེ་ཟླ་བ་གྲགས་པར་རིམ་བཞིན་བཤད། །ཅེས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལས་དངོས་སུ་རྙེད་པར་གསུངས་ཤིང་། པཎྜི་ཏ་སྐལ་ལྡན་གྲགས་པས་ (c.500-570) མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱིཀྐ་ལས་[22]ཀྱང་། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ། །ཞེས་བྱ་བ་སྨོས་ཏེ། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དངོས་སུ་སློབ་མ་ཉིད་སོ་སོར་བསྟན་གྱི་བརྒྱུད་པས་ནི་མ་ཡིན་ནོ། །ཞེས་དངོས་སློབ་ཡིན་པ་ལས་བརྒྱུད་པའི་སློབ་མ་མ་ཡིན་ནོ་ཞེས་གསལ་བར་གསུངས་པ་དང་། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ས་ར་ཧས་ཀླུ་སྒྲུབ་ལ་བཤད་ཅིང་། དེས་ཟླ་བ་གྲགས་པ་ལ་བཤད་ཚུལ་ཡོན་ཏན་བརྗོད་པ་དང་བཅས་པ་ཡང་སློབ་དཔོན་བྷ་བྱ་ཀཱིརྟིས་[23]མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱིཀྐ་ལས[24]།
ཀོང་ཀཱ་ན་ཡི་གྲོང་ཁྱེར་དུ། །དཔལ་གྱི་རི་བོའི་རྩེ་མོར་ནི། །
སྐྱེ་བོས་དབེན་པའི་གནས་ཉིད་དུ། །དང་པོར་དེ་ལ་གནས་བྱས་ནས། །
མི་དང་ལྷ་ཡི་བདག་པོར་མཚུངས། །མཆོག་ཏུ་གྱུར་པའི་ཆོས་གསུངས་པ། །
སྒྲ་གཅན་འཛིན་གྱི་ཞལ་སྔ་ནས། །ས་སྟེང་འདི་ལ་རྒྱལ་གྱུར་ཅིག །
མཉེས་པ་དེ་ལས་དེ་ཉིད་ནི། །ཐེག་ཆེན་རྣལ་འབྱོར་པས་ཐོབ་པས། །
ས་ཐོབ་གཞན་གྱི་དོན་ལ་བརྩོན། །དཔལ་ལྡན་ཀླུ་སྒྲུབ་རྒྱལ་གྱུར་ཅིག །
དེ་ལས་དེ་ཉིད་རིན་ཆེན་ནི། །ཐོབ་པས་འཇིག་རྟེན་གསུམ་དུ་གྲགས། །
འདུས་པའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཟླ་གྲགས་གསལ་བྱེད་རྒྱལ་གྱུར་ཅིག །
དེ་ཡིས་བྱས་པའི་འགྲེལ་པ་ནི། །མཐའ་དྲུག་བཤད་པས་ཟབ་པ་ཉིད། །
དེ་ནི་དེང་བདག་མ་ལུས་པར། །སྐལ་ལྡན་གྲགས་པས་གསལ་བཤད་བྱ། །
ཞེས་ཀླུ་སྒྲུབ་ཀྱིས་ཟླ་གྲགས་དང་། དེས་སྐལ་ལྡན་གྲགས་པ་ལ་བཤད་པར་གསུངས་ལ། པཎྜི་ཏ་མཁས་པ་ཆེན་པོ་ཀུ་མཱ་རས་མཛད་པའི་སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ལས་[25]ཀྱང་།
མཐའ་དྲུག་ཅེས་བྱའི་འགྲེལ་པ་ནི། །དཔལ་ལྡན་ཟླ་བའི་གྲགས་པས་མཛད། །
དཀའ་བའི་གནས་ལ་བདག་གིས་ནི། །རྣམ་པར་དབྱེ་བའི་རྣམ་འགྲེལ་བྱ། །
ཞེས་བརྩམ་པར་དམ་བཅའི་ཚིགས་སུ་བཅད་པའི་སྐབས་སུ། ཟླ་བའི་གྲགས་པས་ཞེས་བྱ་བ་ནི་གཞུང་བྱེད་པའི་ཚིག་གོ །འདི་དག་གི་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་སློབ་མ་ཡིན་པ་ཉིད་ཀྱིས་མན་ངག་དང་ལྡན་པ་ཉིད་དུ་རབ་ཏུ་བསྟན་ནོ། །ཞེས་བྱུང་ལ། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[26]།
དཔལ་ལྡན་ཟླ་བ་གྲགས་པ་ཡིས། །གསང་སྔགས་ཐེག་པ་ཆེན་པོ་ནི། །
མཐའ་དྲུག་ཚུལ་བཞིས་རབ་བརྟགས་ནས། །མྱུར་ལམ་བསྟན་པ་ངོ་མཚར་ཆེ། །
ཞེས་གསུངས་པ་ལྟར་རོ།།
གཞན་ཡང་སློབ་དཔོན་ཟླ་བ་གྲགས་པས་ (600-650) མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས[27]། དེ་ལ་རྡོ་རྗེ་ཐེག་པ་ལ་མངོན་པར་མོས་པ་དང་དད་པའི་རྗེས་སུ་འབྲངས་པས་དེ་ཁོ་ན་ཉིད་ཀྱི་བརྒྱུད་པ་ཐོབ་ནས། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རིམ་པས་རྟོག་པའི་ལྷའི་རྣལ་འབྱོར་ལ་གོམས་པར་བྱེད་དོ། །དོན་གྱི་དབང་འདི་དག་རྟོགས་ནས་བདག་གིས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བརྒྱུད་པ་ལས་འདུས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པའི་མཐའ་དྲུག་གི་བཤད་པའི་སྒོ་ནས་རྒྱུད་ཐོས་ཤིང་རིམ་པ་གཉིས་རྟོགས་ནས། སྣ་ཚོགས་པའི་བསྐྱེད་པའི་རིམ་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་རིམ་པ་སྒྲུབ་པའི་ཐབས་ལ་ཐེ་ཚོམ་མེད་པར་བྱ་བའི་དོན་དུ། རྡོ་རྗེ་སེམས་དཔའ་བསྐྱེད་པ་ནས་ལེའུ་བཅུ་བདུན་པ་ལ་ཐུག་པ་མདོ་རིམ་པར་བཏུས་ཤིང་བསྡུ་བར་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་ (C.500-570) མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀྐ་ལས[28]། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་ཞེས་པ་ནི་སློབ་དཔོན་ཟླ་བ་གྲགས་པས་རང་གི་བླ་མ་ལ་བསྟོད་པ་བསྟན་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་ཞེས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་སོ། །དེ་རྣམས་ཀྱི་བཀའ་དྲིན་གྱིས་ཞེས་པ་ནི་རྗེས་སུ་བཟུང་བས་སོ། །རྒྱུད་ནི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལའོ། །ཞེས་གསུངས་སོ།།
ཡང་དོ་ཧ་མཛོད་ཀྱི་ཊཱིཀ་འགའ་ཞིག་ལས་[29]ཀྱང་། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལས་མན་ངག་དངོས་སུ་ཐོབ་ཅིང་། མཐར་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས་པའི་ཚེ་ཀླུ་བྱང་དང་། ཨཱརྱ་དེ་ཝ། ཟླ་གྲགས་གསུམ་གྱིས་གསོལ་བ་བཏབ་པས། སྐུ་ཇི་འདྲ་བའི་འོད་ཀྱིས་ལུས་སྣང་བར་བྱས་ནས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་པར། །བཅས་བཅོས་མེད་པའི་རང་བཞིན་ནལ་མར་ཞོག །མ་བཅོས་སྐྱེ་མེད་རང་རིག་བྱང་ཆུབ་སེམས། །དེ་ལྟར་རྟོགས་ན་སངས་རྒྱས་དེ་རང་ཡིན། །ཞེས་གསུངས་པའི་གདམས་པ་གནང་ཞེས་སོགས་དང་། དེའི་ཚེ་ཨཱརྱ་དེ་ཝས།
འགྲོ་འོ་ཨཱརྱ་དེ་ཝ་འགྲོ། །འོད་ལུས་དག་པའི་ཞིང་དུ་འགྲོ། །
སོང་ཞིག་ནཱ་ག་བོ་དྷི་སོང་། །བྱ་རྐང་ཅན་དུ་འཕུར་ཏེ་སོང་། །
སོང་ཞིག་ཟླ་བ་གྲགས་པ་སོང་། །དཔལ་གྱི་རི་ལ་རྟོག་མེད་སོང་། །
ཞེས་སོགས་གསུངས་ཤིང་ཟླ་བ་གྲགས་པས།
ཆད་དོ་ཟླ་བ་གྲགས་པ་ཆད། །ཀླུ་སྒྲུབ་གཤེགས་པས་ལམ་མཁན་རྒྱུན་ཐག་ཆད། །
མ་བཅོས་སྐྱེ་མེད་ཆོས་ཀྱི་རྒྱུན་ཐག་ཆད། །ཡིད་ལ་མི་བྱེད་ཆོས་ཀྱི་རྒྱུན་ཐག་ཆད། །
ཅེས་སྨྲས་ནས་དཔལ་ལྡན་འབྲས་སྤུངས་ཀྱི་རི་ལ་བཞུད་ཅེས་སོགས་བཤད་པས་སོ། །ཞེས་སོགས་གསུངས་ནས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་ལྟ་བུ་ཞིག་བཞེད་མོད། འོན་ཀྱང་ཁོ་བོས་དོ་ཧ་ནི་དྷི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་དང་། དོ་ཧ་མཛོད་ཀྱི་གླུ། དོ་ཧ་མཛོད་ཀྱི་དཀའ་འགྲེལ། དོ་ཧ་མཛོད་ཀྱི་སྙིང་པོ་དོན་གྱི་གླུའི་འགྲེལ་པ། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག །དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ། དོ་ཧ་མཛོད་བཅས་དོ་ཧའི་རིགས་རྣམས་ལ་ཞིབ་ཏུ་མཇལ་ནའང་། གོང་གསལ་ལུང་ཚིག་རྣམས་རྙེད་སོན་མ་བྱུང་བས་རྩ་བའི་འབྱུང་ཁུངས་གང་ཡིན་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
འོ་ན་གོང་གི་སྒྲུབ་བྱེད་དེ་ལ་ལན་ཇི་ལྟར་སྙམ་ན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[30]། ཁོ་བོ་ནི་གོང་དུ་བཤད་པ་ལྟར། ཀླུ་སྒྲུབ་ཀྱི་དབུ་སྦྱིན་པར་གཏོང་གོང་དུ་ལོ་དྲུག་བརྒྱ་ལས་མ་བཞུགས་ཀྱང་། མཐར་དབུ་དང་སྐུ་ལུས་འབྱར་ནས་ཡུན་རིང་དུ་བཞུགས་སམ་སྙམ་སྟེ། དབུ་སྦྱིན་པར་གཏོང་བའི་ཚེ།
ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །སོང་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །
ཞེས་དབུ་བཅད་པའི་མཚམས་ནས་ཚིགས་བཅད་དེ་ལྟར་བྱུང་ཞེས་པ་ལྟར། མཐར་དབུ་དང་སྐུ་ལུས་འགྲིག་སྟེ། འགྲོ་དོན་མཛད་པ་ལས་ཤེས་པའི་ཕྱིར་རོ། །འདིའི་རྣམ་ཐར་མི་གཅིག་པ་ཁ་རེ་མཐོང་ཡང་མངས་པས་མ་བྲིས་སོ། །སློབ་དཔོན་འདི་བྱོན་ནས་ས་ཕོ་བྱི་བ་ནས། ད་ལྟའི་ཤིང་ཕོ་བྱི་ལོ་འདི་ནི། ལོ་སུམ་སྟོང་ཉིས་བརྒྱ་གོ་དྲུག་འདས་པའི་གོ་བརྒྱད་ (བདུན་) པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ།།
འོན་ཀྱང་སྒྲོན་གསལ་གྱི་དབུའི་དམ་བཅའི་ཚིག་ཟིན་དང་། མཇུག་བྱང་ལས། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ནཱག་རྫུ་ནའི་མན་ངག་ལ་བརྟེན་ནས་སློབ་དཔོན་ཟླ་གྲགས་པས་མཛད་པ་རྫོགས་སོ། །ཞེས་དང་། སློབ་དཔོན་སྙན་གྲགས་བཟང་པོས་མཛད་པའི་གསང་འདུས་རྒྱ་ཆེར་འགྲེལ་ལས་[31]ཀྱང་།
སྒྲོན་མ་གསལ་བའི་རྗེས་འབྲངས་ནས། །ཀླུ་སྒྲུབ་མན་ངག་བཤད་པ་འདི། །
གསང་བ་ཐམས་ཅད་པ་ཡི་འགྲེལ། །གསང་བའི་སྒྲོན་མ་ཞེས་བྱ་བ། །
སློབ་དཔོན་ཀླུ་སྒྲུབ་འཕགས་པའི་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱ་བཤེས། །
ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །
བདག་གིས་བྲིས་པའི་དགེ་བ་ཡིས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །
ཅེས་གསུངས་པ་ལྟར་དངོས་སློབ་ཡིན་ཚུལ་ཞལ་གསལ་མི་སྣང་ཡང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས[32]།
འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩིའི་དེས། །ཨཱརྱ་དེ་ཝ་ཟླ་གྲགས་བྷ་བྱ་དང་། །
ཞི་བ་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམ་པར་གྱུར་པ་བདག་ལའང་ཅུང་ཞིག་མཐོར། །
ཞེས་དང་། ཡང་དེ་ཉིད་ལས[33]། སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨཱརྱ་དེ་ཝ་དང་། སློབ་དཔོན་ཟླ་གྲགས་དང་། སློབ་དཔོན་བྷ་བྱ་སྣང་བྲལ་དང་། སློབ་དཔོན་ཞི་བ་ལྷ་ལ་སོགས་པའི་བསྟན་བཅོས་ཏེ། ཞེས་པའི་ལུང་གི་ཚིག་ཟིན་ལྟར་དངོས་སློབ་ཡིན་པར་ཤིན་ཏུ་གསལ་བར་གསུངས་ལ། དེ་བཞིན་སློབ་དཔོན་ཟླ་བ་གྲགས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཞལ་གྱིས་བཞེས་པ་སྟེ། ཇོ་བོས་ (982-1054) མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས[34]། སློབ་དཔོན་ཟླ་གྲགས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་བདེན་པའི་བྱིན་གྱིས་རླབས་མངའ་བ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པ་འཛམ་བུའི་གླིང་དུ་ལོ་བཞི་བརྒྱ་བཞུགས་ནས་གཞན་དོན་འབའ་ཞིག་མཛད་པ་ཡིན་ནོ། །ཞེས་དང་། ཇོ་བོས་མཛད་པའི་དབུ་མ་བདེན་པ་གཉིས་ལ་འཇུག་པ་ལས་[35]ཀྱང་།
སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཞིང་། །
ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །
དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པར་རྟོགས་པར་འགྱུར། །
ཞེས་གསུངས་པ་ཤེས་བྱེད་དུ་བྱས་ནས་བཀའ་གདམས་པ་རྣམས་དང་། ལྷག་པར་རྗེ་བདག་ཉིད་ཆེན་པོས་ཀྱང་དངོས་སློབ་ཡིན་པར་འཆད་པ་ནི། བྱང་ཆུབ་ལམ་རིམ་ཆེན་མོར་[36]ལུང་དྲངས་ནས་གསལ་བར་གསུངས་ལ། དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[37]། མཁས་པ་ལཀྵིཾ་ཀ་རའི་སློབ་མ་པཎྜི་ཏ་ཀུ་མཱ་རས་ཀྱང་འདི་དག་གིས་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་སློབ་མ་ཡིན་པ་ཉིད་ཀྱིས་མན་ངག་དང་ལྡན་པ་ཉིད་དུ་རབ་ཏུ་བསྟན་ཏོ། །ཞེས་སོ། །དེས་ན་ནཱ་རོ་པ་དང་ཨ་བྷྱཱ་ཀ་ར་དང་ཐུགས་རྗེ་དཔལ་ཞབས་དང་ཁ་ཆེ་ལག་སྨི་དང་ཐུབ་པ་དཔལ་བཟང་པོ་དང་སྐལ་ལྡན་གྲགས་པ་དང་ཀུ་མཱ་ར་དང་ཀུ་ལ་དྷ་ར་དང་ཏ་ཐཱ་ག་ཏ་རཀྴི་ཏ་དང་ལི་ལ་བཛྲ་སོགས། འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས་འདུས་པ་བཤད་པ་ཀུན་གྱིས་ཀྱང་ཟླ་བའི་ཞབས་ལ་འཕགས་པ་དང་འདྲ་བར་ཡིད་ཆེས་པའི་གནས་སུ་བྱེད་པ་ཡིན་ནོ། །ཞེས་གསུངས་སོ།།
དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་རང་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་དངོས་སློབ་ཡིན་པར་ཞལ་གྱིས་བཞེས་ལ། པཎྜི་ཏ་སྐལ་ལྡན་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱར་དངོས་སློབ་ཡིན་ཚུལ་ལན་གསུམ་གསལ་ཞིང་། དེ་བཞིན་པཎྜི་ཏ་མཁས་པ་ཆེན་པོ་ཀུ་མཱ་རས་མཛད་པའི་སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་དང་། དོ་ཧ་མཛོད་ཀྱི་ཊཱིཀ་འགའ་ཞིག་ཏུ་དངོས་སློབ་ཡིན་པར་གསུངས་པར་མ་ཟད། གཞན་ཡང་སློབ་དཔོན་སྙན་གྲགས་བཟང་པོས་མཛད་པའི་གསང་འདུས་རྒྱ་ཆེར་འགྲེལ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ལམ་སྒྲོན་དཀའ་འགྲེལ་ལས་ལན་གསུམ་དང་། དབུ་མ་བདེན་པ་གཉིས་ལ་འཇུག་པ་བཅས་རྒྱ་གར་འཕགས་ཡུལ་གྱི་པཎྜི་ཏ་ཉི་ཟླ་དང་མཚུངས་པ་དེ་དག་གིས་མཛད་པའི་རྒྱ་གཞུང་ཁག་ལས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་ལ་དེ་ལྟར་ཡིན་པའི་ཁུངས་ཡང་ཤིན་ཏུ་མང་ངོ་།།
༢) བོད་ཀྱི་མཁས་པའི་བཞེད་པ།
དེ་ལྟར་རྒྱ་གཞུང་ཚད་ཐུབ་ཁག་ཏུ་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པ་ལྟར་སྙན་གྲགས་ཅན་གྱི་པཎ་གྲུབ་དེ་དག་གི་རྗེས་སུ་འབྲངས་ནས་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་སྐྱེས་ཆེན་དམ་པ་ཕལ་མོ་ཆེས་ཀྱང་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་ཞལ་གྱིས་བཞེས་པ་སྟེ། དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[38]།
འཕགས་པའི་སློབ་མ་ཟླ་བ་གྲགས། །དེ་སྲས་རིགས་པའི་ཁུ་བྱུག་གིས། །
ཨ་ཏི་ཤ་ལ་དབུ་མ་བཤད། །
ཅེས་དང་། དེ་བཞིན་རོང་སྟོན་ཤེས་བྱ་ཀུན་གཟིགས་ (1367-1449) ཀྱིས་མཛད་པའི་དབུ་མ་ལ་འཇུག་པའི་སྒོམ་རིམ་རིན་ཆེན་སྒྲོན་མེ་ལས[39]།
ཐེག་ཆེན་དབུ་མ་བསྒོམ་པའི་རིམ་པ་འདི། །སློབ་དཔོན་ཀླུ་སྒྲུབ་ཞལ་ནས་གསུངས་པ་དག །
ཟླ་བ་གྲགས་པས་བསྡུས་ནས་འདིར་བཤད་པ། །ལེགས་པར་རྟོགས་ནས་བདག་གིས་འདི་སྦྱར་རོ། །
ཞེས་གསུངས་པ་ལྟར་རོང་ཆེན་ཐམས་ཅད་མཁྱེན་པས་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་ཞལ་གསལ་དུ་གསུངས་ལ། དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[40]། ཟླ་བ་གྲགས་པ་ནི་ཡུལ་ལྷོ་ཕྱོགས་ས་མ་ནར་འཁྲུངས་ཏེ། མདོ་རྒྱུད་ཀྱི་དོན་ལ་སྦྱངས་པས། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་མཁས་པ་ཆེན་པོར་གྱུར། ཞེས་དང་། ཚིག་གསལ་དུ། ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་དང་བཅས་ལྷས་ཀྱང་གསུང་རྗེས་སུ། །འབྲངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པར་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །ཅེས་གསུངས་པ་ལྟར་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཛད་པའི་གསུང་རབ་ལ་སློབ་གཉེར་གནང་སྟེ་མཁས་པ་ཆེན་པོར་གྱུར་ཚུལ་གསུངས་ལ། དེ་བཞིན་དུ་བུ་སྟོན་རིན་པོ་ཆེས་གསང་འདུས་རྒྱུད་ཀྱི་བཤད་ཐབས་གསང་བའི་སྒོ་འབྱེད་ལས། སློབ་དཔོན་དེ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ཟེར་བ་ནི་མི་འཐད་དེ་ཇོ་བོས་མཛད་པའི་བདེན་གཉིས་ལས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་ཡོད། །ཅེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། སློབ་མའི་ཐ་མ་ཟླ་གྲགས་ལ། །ཆོས་ཀྱི་ཐ་མ་སྐྱེ་མེད་བསྟན། །ཞེས་གསུངས་པས་སོ་ཞེས་གསུངས་ནས། ཟླ་གྲགས་དངོས་སློབ་ཡིན་པར་བཞེད་པར་མ་ཟད། སློབ་དཔོན་པདྨས་མཛད་ཅིང་ཨོ་རྒྱན་གླིང་པས་ (1323-) ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཞེས་པའི་བཀའ་སྡེ་ལྔ་ལས[41]། དེ་སྲས་ཨཱརྱ་དེ་བ་དང་། །ཟླ་གྲགས་ཤཱཀྱ་བཤེས་གཉེན་དང་། །ཀླུ་ཡི་བྱང་ཆུབ་ལ་སོགས་པས། །ས་ཐོབ་བདེན་མཐོང་ལུང་བསྟན་ནས། །བྱང་སེམས་བསྟན་བཅོས་མང་དུ་མཛད། །ཅེས་པ་ལྟར་དངོས་སློབ་ཡིན་པར་གསལ་ལ། དེ་བཞིན་འཇམ་དབྱངས་ཆོས་རྗེས་ (1379-1449) མཛད་པའི་རྗེའི་གསང་བའི་རྣམ་ཐར་ལས[42]།
རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ། །ཟབ་མོ་རྟེན་འབྱུང་གཏམ་གྱི་བགྲོ་བ་མཛད། །
དེ་ཡི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས། །རྒྱ་དཔེས་བྱིན་བརླབས་འཕགས་པའི་དགོངས་པ་འཁྲུངས། །
ཞེས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཀླུའི་བྱང་ཆུབ། དཔལ་ལྡན་ཟླ་བ་གྲགས་པ་བཅས་ནི་ཡབ་སྲས་ཡིན་པར་གསུངས་པ་ལྟར། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[43]། དེ་ལ་འཕགས་པ་ལྷ་དང་ཀླུ་བྱང་དང་ཤཱཀྱ་བཤེས་གཉེན་གསུམ་འཕགས་པའི་སློབ་མར་གྲགས་ཆེ་ལ། མ་ཏཾ་གི་ནི་གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བྱེད་དོ། །ཟླ་བ་གྲགས་པ་ནི་རྗེ་འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་འཕགས་པའི་སློབ་མར་མཛད་དོ། །བོད་ཀྱི་དབུ་མ་པ་ཁ་ཅིག་ཚིག་གསལ་གྱི་མཇུག་ཏུ་འཕགས་པས་མཛད་པའི་གཞུང་དང་སློབ་མ་རྣམས་དུས་མང་ཞིག་ན་ཉམས་པས། དེང་སང་གཞུང་ལུགས་གསལ་པོ་མེད་ཅེས་གསུངས་པས་ཟླ་བ་གྲགས་པས་འཕགས་པའི་ཞབས་མ་ཟིན་ནོ་ཞེས་སྨྲའོ། །རྒྱུ་མཚན་དེ་ནི་མ་ངེས་ཏེ། ཟླ་བ་གྲགས་པས་རིག་འཛིན་བརྙེས་ནས་ཡུན་རིང་དུ་བཞུགས་པར་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙྪ་བའི་གཏམ་རྒྱུད་ལས་བྱུང་བ་ལྟར་ཡིན་པས། དེའི་སྐུ་ཚེའི་སྨད་ལ་ཀླུ་སྒྲུབ་ཀྱི་སློབ་གཞུང་བཟང་པོ་རྣམས་ཉམས་པ་དང༌། དེས་ཀླུ་སྒྲུབ་ལ་ཟིན་པ་གཉིས་མི་འགལ་བའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་དག་དཔལ་ལྡན་ཨ་ཏི་ཤས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་སུ་བཤད་པ་ལྟར་འཕགས་པའི་སློབ་མ་ཡིན་ནོ་གསུངས་པ་ལྟར་ཁས་བླང་ངོ༌། །ཞེས་གསུངས་པ་ལྟར་དངོས་སློབ་ཡིན་པར་གསུངས་ལ། དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་དཀའ་བའི་གནས་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལས་[44]ཀྱང་དེ་བཞིན་དུ་བྱུང་བས། དུས་རབས་ཐ་དད་པའི་བྱུང་བ་དང་མི་མཐུན་པས་ཀླུ་སྒྲུབ་ཀྱི་དངོས་སློབ་མ་ཡིན་པར་སྒྲུབ་མི་ནུས་ཏེ། ཉེ་བརྒྱུད་ཐུན་མོང་མ་ཡིན་པ་དེ་ལྟར་ཡོད་པའི་ཕྱིར་ཏེ། དཔེར་ན། རྗེ་བདག་ཉིད་ཆེན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དངོས་སློབ་ཡིན་པ་བཞིན་ནོ། །དེས་ན་ཐུན་མོང་བའི་བྱུང་བ་ལོ་རྒྱུས་ལ་ཡང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
དེ་དང་ཕྱོགས་མཚུངས་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[45]།
གཞན་ཡང་སྤྲུལ་པ་ལྔ་ཡིས་ཅིག་ཅར་དུ། །ནུབ་ཕྱོགས་ཨུ་རྒྱན་གླིང་གི་མཚོ་འགྲམ་དུ། །
ནཱ་ག་བོ་དྷིར་རྡོར་དབྱིངས་དཀྱིལ་འཁོར་གྱི། །སྤྲུལ་པའི་བཀོད་པ་བསྟན་ལ་གསོལ་བ་འདེབས། །
རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ། །ཟླ་གྲགས་སོགས་ལ་ཕ་རྒྱུད་འདུས་པ་དང་། །
བྱང་དུ་ཕར་ཕྱིན་གསུངས་ཤིང་ནུབ་ཕྱོགས་སུ། །དབུ་མའི་གཞུང་རྣམས་གསུངས་ལ་གསོལ་བ་འདེབས། །
ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཤར་ཕྱོགས་སུ་དཔལ་ལྡན་ཟླ་གྲགས་སོགས་ལ་ཕ་རྒྱུད་གསང་འདུས་གསུངས་པར་གསལ་ལ། མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས་[46]ཀྱང་། ཟླ་བ་གྲགས་པ་ནི་བོད་ཀྱི་དབུ་མ་པ་ཁ་ཅིག་གིས་འཕགས་པའི་དངོས་སློབ་མ་ཡིན་པར་འདོད་ཀྱང་། འདུས་པའི་བླ་མ་དག་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཞེད་ཅིང་། ལུང་རིགས་ཀྱི་སྒྲུབ་བྱེད་ཀྱང་མང་ལ། མར་ལུགས་པ་དག་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་བརྙེས་པར་བཞེད་ཅིང་། དགུང་ལོ་བཞི་བརྒྱ་བཞུགས་པ་སོགས་ཀྱིས་རྣམ་ཐར་མང་པོ་བླ་མ་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙྪ་བས་བསྒྱུར་བ་ན་ཡོད་དོ། །ཞེས་བྱུང་ཡང་པ་ཚབ་ལོ་ཙཱ་བས་བསྒྱུར་བའི་གཞུང་དེ་ཉིད་མ་རྙེད་དོ།།
ཡང་དཔའ་རིས་བློ་བཟང་རབ་གསལ་ (1840-1910) གྱིས་མཛད་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་བའི་ཆོ་ག་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ལས[47]།
ཀླུ་སྒྲུབ་གཞུང་ལུགས་ཤེལ་གྱི་ཨཱ་དརྴཿ། །ཟླ་བྲལ་ལུང་རིགས་བྱི་དོར་གྱིས་སྦྱངས་ཏེ། །
མདོ་སྔགས་ལམ་བཟང་མ་ནོར་གསལ་མཛད་པ། །དཔལ་ལྡན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) གིས་མཛད་པའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས[48]། འོ་ན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ནམ་མ་ཡིན་ཇི་ལྟ་བུ་ཞེས་ཟེར་ན། བོད་ཀྱི་དབུ་མ་པ་ཁ་ཅིག་ལ་གྲགས་པའི་གཏམ་རྒྱུད་ལས་དངོས་སློབ་མ་ཡིན་པའི་ལུགས་སུ་བརྗོད་པ་ཡོད་ལ། དེའི་རྗེས་སུ་འབྲང་བ་དེ་ལྟར་འདོད་མོད་ཀྱི། རྗེ་རིན་པོ་ཆེ་འགོས་ལ་སོགས་པ་འདུས་པའི་བླ་མ་དག་འཕགས་པའི་དངོས་ཀྱི་སློབ་མར་བཞེད་པ་ཤིན་ཏུ་ལེགས་ཏེ། ཞེས་དང་། ཡང་དེ་ཉིད་ལས[49]། དེས་ན་གྲུབ་ཆེན་ནག་པོ་སྤྱོད་པ་པ་དང་། ནཱ་རོ་པ་དང་། མངའ་བདག་མཻ་ཏྲི་པ་དང་། ཨ་བྷྱཱ་ཀ་ར་དང་། ཐུགས་རྗེ་དཔལ་ཞབས་དང་། ཁ་ཆེ་ལག་སྨི་དང་། ཐུབ་པ་དཔལ་བཟང་པོ་དང་། སྐལ་ལྡན་གྲགས་པ་དང་། ཀུ་མཱ་ར་དང་། ཀུ་ལ་དྷ་ར་དང་། ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལི་ལ་བཛྲ་སོགས་ཀུན་གྱིས་ཀྱང་ཟླ་བའི་ཞབས་ལ་འཕགས་པ་དང་འདྲ་བར་ཡིད་ཆེས་པའི་གནས་སུ་འཛིན་ལ། ཨ་བྷྱཱ་སོགས་ལྟ་བ་ཐལ་འགྱུར་དུ་མི་བཞེད་ཀྱང་། ཟླ་བའི་ཞབས་ལ་མི་མཐུན་པའི་བསམ་པས་འགོག་པ་སོགས་ཅུང་ཟད་ཀྱང་མི་མཛད་ཅིང་། ལྟ་བ་གཏན་ལ་འབེབས་པའི་ཚེ་ཡང་འཇུག་པའི་གཞུང་ཅི་རིགས་ལ་ཁུངས་སུ་འདྲེན་པར་སྣང་ལ། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ་རྩ་འགྲེལ་ལས་ནི་ཀླུ་སྒྲུབ་དང་ཟླ་བའི་ལུགས་ལས་གཞན་གྱིས་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་པར་བཤད་དོ། །ཞེས་ཀྱང་གསུངས་སོ།།
གཞན་ཡང་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[50]། དེ་ལ་བྲམ་ཟེ་ཆེན་པོ་ས་ར་ཧས་གསན་ཞིང༌། དེས་སློབ་དཔོན་ཀླུ་སྒྲུབ་ལ་གསུངས་ལ། དེ་ལ་སློབ་མ་མང་དུ་ཡོད་ཀྱང་སློབ་མའི་གཙོ་བོ་ཤཱཀྱ་བཤེས་གཉེན། ཨརྻ་དེ་བ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པས་སློབ་པའི་རྡོ་རྗེ་ལ་བཤད། དེས་ནག་པོ་བ། དེས་ས་འདྲེས་པ། དེས་མངོན་ཤེས་ཅན་ལ་བསྟན་ཏོ། །ཞེས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་ལ། ཡང་ངོར་ཆེན་ཀུན་དགའ་བཟང་པོའི་ (1382-1456) ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ནོད་པའི་ཚུལ་གསལ་བར་བཤད་པ་ཐོབ་ཡིག་རྒྱ་མཚོ་ལས[51]། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་བརྒྱུད་པའི་བཀའ་བབས་བདུན་ལྡན་དང་ལྡན་པའི་དབང་རྒྱས་པ་ཐོབ་པའི་བརྒྱུད་པའི་རིམ་པ་ལ། ཐོག་མར་རྔོག་ལུགས་ཀྱི་དབང་དང་བཤད་པའི་བཀའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱ་གར་ལྷོ་ཕྱོགས་ཨོ་ཌི་བི་ཤའི་རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ། རྒྱལ་བས་ལུང་བསྟན་པའི་དགེ་སློང་དཔལ་ལྡན། དེ་ལ་སློབ་མའི་མཆོག་བཞི་སྟེ། ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ། དེ་བཞིས་སློབ་པའི་རྡོ་རྗེ་ལ། ཞེས་སོགས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་མ་ཟད། སློབ་མའི་མཆོག་ཏུ་གྱུར་པ་བཞིའི་ཡ་གྱལ་ཡིན་པར་གསུངས་སོ།།
དེ་བཞིན་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ (1708-1757) གསན་ཡིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[52]། ནཱ་རོ་པས་ཀྱང་།
སློབ་དཔོན་ཀླུ་སྒྲུབ་འཕགས་པ་ལྷ། །ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། །
ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །
བདག་གིས་བགྱིས།
ཞེས་གསུངས་པས། ནཱ་རོ་པའང་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ཏེ་འདུས་པ་འཆད་པ་ཡིན་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་འཕགས་པ་ལྷ། ཀླུ་བྱང་། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ་བཞི་ལ་གསུངས། དེ་རྣམས་ཀྱིས་སློབ་པའི་རྡོ་རྗེ་ལ་གསུངས། ཞེས་བྱུང་ལ། ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དཔལ་བཟང་པོའི་ (1642-1715) ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་ལས[53]། རྒྱལ་བ་ཙོང་ཁ་པ་ཆེན་པོས་ ༼མཛད་པའི་རྟེན་འབྲེལ་བསྟོད་པ་ལས[54]།༽
དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་འཕྲེང་བས་གསལ་བྱས་པ། །
བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ནི་ངལ་གསོ་ཐོབ། །
ཅེས་ཆེ་བརྗོད་མཛད་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་སྐྱེ་བ་ལྔ་བརྒྱར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་སློབ་དཔོན་ཟླ་བ་གྲགས་པ་ནི། ཞེས་དངོས་སློབ་ཡིན་པར་གསལ་བར་གསུངས། དེ་ལྟར་བོད་ཀྱི་མཁས་པ་ཕལ་མོ་ཆེས་དངོས་སློབ་ཡིན་པ་དང་། དེ་ཡང་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་དངོས་སློབ་ཡིན་པར་ལུང་རིགས་དུ་མས་སྒྲུབ་པར་མཛད་པ་སྟེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[55]། འཕགས་པ་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་ལོ་དྲུག་བརྒྱ་བཞུགས་ནས་བསྟན་པའི་དོན་རྒྱ་ཆེར་མཛད་པས་སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་སློབ་མ་རིམ་པ་མང་པོ་ཡོད་པ་ལས། སྐུ་ཚེའི་སྨད་ཀྱི་སློབ་མའི་གཙོ་བོ་བསྟན་འཛིན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ནི་སློབ་དཔོན་ཟླ་བ་གྲགས་པ་སྟེ།
སློབ་མའི་ཐ་མ་ཟླ་གྲགས་ལ། །ཆོས་ཀྱི་ཐ་མ་སྐྱེ་མེད་བསྟན། །
ཅེས་འཕགས་པ་ཀླུ་སྒྲུབ་བདེ་བ་ཅན་དུ་གཤེགས་ཁར་གསུངས་ཞེས་སྔོན་གྱི་ཆོས་འབྱུང་དག་ལས་བྱུང་བ་ལྟར་རོ། །ཞེས་དང་། ཡང་དེ་ཉིད་ལས[56]། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པར་གསན། ཞེས་གསུངས་པ་ལྟར་དངོས་སློབ་ཡིན་པར་གསལ་བར་གསུངས་སོ།།
ཡང་ངག་དབང་ཀུན་དགའ་བསོད་ནམས་ (1597-1660) ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[57]། སློབ་དཔོན་འདི་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མ་ཡིན་མིན་ལ། བསྟན་པའི་བདག་པོ་རྗེ་བཙུན་ས་སྐྱ་པ་རྣམས། ཇོ་བོས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་པའི་དོན་ཀླུ་སྒྲུབ་ཀྱི་དགོངས་པ་སྐོང་བའམ། ཆོས་ཀྱི་བརྒྱུད་པ་འཛིན་པའི་མཆོག་ལ་དགོངས་ཀྱིས། དཔེར་ན་དབང་ཕྱུག་སྡེ་བར་ན་ཡོད་ཀྱང་། ཕྱོགས་གླང་ཆོས་གྲགས་ཞེས་བགྲངས་པ་དང་འདྲ་ཞེས་གསུངས་ཤིང་། བཀའ་གདམས་བརྒྱུད་པ་འདི་པའི་ལུགས་ཀྱི་དངོས་སློབ་ཏུ་བཞེད། ཅེས་གསུངས་སོ།།
དེ་བཞིན་ཀུན་མཁྱེན་ལེགས་པ་དོན་གྲུབ་ (1505-[58]) ཀྱིས་མཛད་པའི་དབུ་མའི་མཐའ་དཔྱོད་ཉི་མའི་འོད་ཟེར་ལས། དཔལ་ལྡན་ཟླ་བ་གྲགས་པ་དེ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའི་ཕྱིར་ཏེ། ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་འཆི་མེད་མཛོད་ལས[59]།
སློབ་མའི་མཐའ་མ་ཟླ་གྲགས་ལ། །ཆོས་ཀྱི་གནས་ལུགས་སྐྱེ་མེད་བསྟན། །
ཞེས་སོགས་དྲངས་ཏེ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་བསྒྲུབས་པར་མཛད་ལ། དེ་བཞིན་ཚལ་པ་ཀུན་དགའ་རྡོ་རྗེས་ (1309-1364) མཛད་པའི་དེབ་ཐེར་དམར་པོ་ལས[60]། དེ་ནས་རིམ་གྱིས་ཀླུ་སྒྲུབ་དང་། ཟླ་བ་གྲགས་པ། ཡོན་ཏན་འོད་དང་། ཤཱཀྱ་འོད་བསྣན་པས་མཆོག་བརྒྱད། པཎྜི་ཏ་དཔག་ཏུ་མེད་པ་རྣམས་དང་། རྒྱལ་པོ་ཨིན་ཏྲ་བྷུ་ཏི་དང་། ས་ར་ཧ་དང་། བིར་ཝ་པ་ལ་སོགས་པ་གྲུབ་ཆེན་བརྒྱད་ཅུ་རིམ་པར་བྱོན་པས་བསྟན་པ་རྒྱས་པར་མཛད་དོ། །
ཞེས་གསུངས་པ་ལྟར་དངོས་སློབ་ཏུ་བཞེད་པར་མ་ཟད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[61]། སློབ་དཔོན་འདི་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ། བཤད་སྲོལ་སྣ་ཚོགས་ཤིག་འདུག་ཀྱང་། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པའི་ནང་། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སློབ་དཔོན་འདི་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཞེས་གསུངས་པས་འཁྲུལ་པ་ག་ལ་ཡོད་ཅེས་གསུངས་སོ།།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་ལས[62]། དངོས་སྨྲ་བའི་གྲུབ་མཐའི་རྣམ་གཞག་ཞིབ་ཕྲ་གཏན་འབེབས་གནང་མཁན་དེ་ཐོགས་མེད་སྐུ་མཆེད་ཡིན་ལ། ཁོང་རྣམས་ཀླུ་སྒྲུབ་ཀྱི་རྗེས་སུ་ཕེབས་པ་ཡིན་ཡང༌། ཀླུ་སྒྲུབ་དགུང་ལོ་རིང་པོར་བཞུགས་པར་གསུང་སྲོལ་ཡོད་པས། རྩ་བ་ཤེས་རབ་རྩོམ་པའི་སྐབས་སུ་ཐོགས་མེད་སྐུ་མཆེད་གཉིས་ཕེབས་ཡོད་མེད་མི་ཤེས། སྤྱིར་བཏང་གསུང་རྒྱུན་ལ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལ་ཀླུ་སྒྲུབ་དང༌། ལོ་དགུ་བརྒྱ་ནས་ཐོགས་མེད་ཕེབས་པར་གསུངས། ནམ་རྒྱུན་དཔལ་ལྡན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ། ཇོ་བོ་རྗེ་ལྷ་གཅིག་སོགས་འགའ་ཞིག་གིས་དངོས་སློབ་ཡིན་པར་གསུངས། འོ་ན། ཀླུ་སྒྲུབ་དང་ཟླ་བ་གྲགས་པའི་བར་ལ་དུས་ཡུན་རིང་པོར་མ་སོང་ངམ་ཞེ་ན། ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་ཙམ་བཞུགས་པ་ཡིན་པས་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་དངོས་སློབ་ཡིན་ཆོག་ཅེས་གསུང་མཁན་ཡོད། ཅེས་གསུངས་སོ།།
གཞན་ཡང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[63]། འདི་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་དངོས་སློབ་ཏུ་ཀླུ་སྒྲུབ་ཉིད་ཀྱིས་གསུངས་ (སློབ་མའི་ཐ་མ་ཟླ་གྲགས་ལ། །ཆོས་ཀྱི་མཐའ་མ་སྐྱེ་མེད་སྟོན།།) པར་གྲགས་པ་དང་། སྒྲོན་གསལ་དང་དེའི་འགྲེལ་པ་དང་། ཇོ་བོའི་ (ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།།) གསུང་ལ་བརྟེན་ནས་ཕལ་ཆེར་གྱིས་བཞེད་ལ། འདིས་འཇུག་པ་རྩོམ་དུས་ཐོགས་མེད་སྐུ་མཆེད་ཕྱོགས་གླང་སོགས་ཀྱང་བྱུང་ཟིན་པ་ནི་དེས་ཤེས་སླའོ།།
དེ་ནས་མ་ནུ་བྷཾ་གའི་རིར་བཞུགས་ནས་མཆོག་གི་དངོས་གྲུབ་བརྙེས་ཤིང་། ལོ་སུམ་བརྒྱའམ་བཞི་བརྒྱར་བཞུགས་པར་གྲགས་ལ། ཕྱིས་འཇའ་ལུས་སུ་སོང་ནས་སླར་ཡུན་རིང་བཞུགས་པས་ཕྱིས་སུ་པ་ཚབ་ཀྱི་ཞང་ཉི་མ་གྲགས་ལོ་ཙཱས་ཀྱང་མཇལ་ཟེར། ལེགས་ལྡན་གྱིས་ཀླུ་སྒྲུབ་དང་ཟླ་བས་ཀྱང་འཕགས་པ་ལྷ་སངས་རྒྱས་བསྐྱངས་ཀྱི་ཞབས་ཟིན་ཙམ་བྱུང་ཡང་མཁས་པར་གྱུར་ནས་གཞུང་རྩོམ་དུས་དེ་རྣམས་མི་བཞུགས་པར་མངོན་ཏེ་དེ་དག་གི་དགོངས་པ་མི་མཐུན་པ་གཉིས་སུ་བཀྲལ་དོན་མེད་པས་སོ། །ལ་ལས་སངས་རྒྱས་བསྐྱངས་དང་ལེགས་ལྡན་རྩོད་པ་བྱས་ཟེར་བ་དང་། ཟླ་བ་སངས་རྒྱས་བསྐྱངས་ཀྱི་སྐྱེ་བ་ཕྱི་མ་ཡིན་ཟེར་ཡང་ཁུངས་མ་མཐོང་ཞིང་། སྡོམ་རྒྱུན་ལ་ལར་ཀླུ་སྒྲུབ་ལེགས་ལྡན་ཟེར་བའང་དཔྱད་གཞིར་སྣང་ལ་རིགས་པའི་ཁུ་བྱུག་ཟླ་བའི་སློབ་མའོ། །ཞེས་བྱུང་བ་ལྟར་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། དཔལ་ལྡན་ཟླ་གྲགས་གསུམ་བར་རྩོད་པ་བྱུང་བ་དེ་མགོན་པོ་ཀླུ་སྒྲུབ་མྱ་ངན་ལས་འདས་རྗེས་སུ་མིན་ནམ་སྙམ།
དེ་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1721) མཛད་པའི་དབུ་མ་ཆེན་པོ་སྟེ། དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས་ལས་[64]ཀྱང་། དེས་ན་ཟླ་གྲགས་ཀྱང་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་ཏེ། ཇོ་བོ་ཆེན་པོས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཀླུ་སྒྲུབ་རྗེས་སུ་ཨཱརྱ་དེ་བ་མི་རབས་གཅིག་ལ་བཞུགས་པར་བཤད་པ་མི་འཐད་པར་ཐལ། སློབ་དཔོན་དང་དེ་གཉིས་མཉམ་དུ་གཤེགས་པར་སློབ་དཔོན་བྱང་ཆུབ་བཟང་པོས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཟླ་གྲགས་སློབ་དཔོན་གྱི་དངོས་སློབ་མ་ཡིན་པར་ཐལ། འཇུག་པ་རང་འགྲེལ་རྩོམ་དུས་སློབ་དཔོན་དབྱིག་གཉེན་དང་། ཆོས་སྐྱོང་དང་། ཕྱོགས་གླང་སོགས་སྔར་ནས་མྱ་ངན་ལས་འདས་པར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། སློབ་དཔོན་གྱི་ཆོས་སྒྲ་གསུམ་པ་དང་། ཐོགས་མེད་སྐུ་མཆེད་དང་ཕྱོགས་གླང་སོགས་དུས་རགས་པ་མཉམ་ལ་ཕྱོགས་གླང་གི་སྤེལ་བསྟོད་ལན་དཔའ་བོས་བརྩམས་པ་དང་། ཟླ་བའི་ཞབས་ལོ་སུམ་བརྒྱ་བཞུགས་པར་རྡོ་རྗེ་གདན་པའི་གསུང་སྒྲོས་ལས་བྱུང་བའི་ཕྱིར་རོ། །ཞེས་གསུངས་སོ།།
ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[65]། དབུ་མའི་བརྒྱུད་ལུགས་རང་རྒྱུད་པ། ཐུབ་པ། འཇམ་དབྱངས། སྒྲ་གཅན་འཛིན། ཀླུ་སྒྲུབ། སངས་རྒྱས་བསྐྱངས། དེ་ཝ་ཤརྨ། ལེགས་ལྡན་འབྱེད། སྤྱན་རས་གཟིགས་བརྟུལ་ཞུགས། སངས་རྒྱས་ཡེ་ཤེས། ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཀ་མ་ལ་ཤཱི་ལ། བློ་གྲོས་ཆེན་པོ། མི་ཕམ་བཤེས་གཉེན། ཛ་ཡ་ཨཱནནྟ། པ་ཚབ་ཉི་མ་གྲགས། ཐལ་འགྱུར་བ། ཀླུ་སྒྲུབ་ནས་ཨཱརྱ་དེ་ཝ། ཟླ་བ་གྲགས་པ། བཙུན་པ་དེ་ཝ་ཙནྡྲ། རྒྱལ་རིགས་འཇམ་དཔལ་གྲགས་པ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་ས་རྫན། ཇོ་བོ་ཧ་སུ་མ་ཏི། པ་ཚབ་ཉི་མ་གྲགས་སོ་ཞེས་བྱུང་ཞིང་། ཨཱརྱ་དེ་ཝ་མྱ་ངན་ལས་འདའ་ཁའི་སློབ་མ་ཡིན། དེས་བསྟན་པ་རིང་དུ་བསྐྱངས་པས་ཟླ་གྲགས་ཀྱིས་དེ་ལ་དངོས་སུ་ཐུག་པར་རིགས་ལ། གཞན་དཔའ་བོ་དང་ཕྱོགས་གླང་གིས་དེ་བཞིན་གཤེགས་པ་ལ་སྤེལ་མར་བསྟོད་པ་མཛད་པས་ཐོག་མཉམ་པ་དངོས་སུ་གྲུབ། འཇུག་པ་རང་འགྲེལ་ལས། དབྱིག་གཉེན་དང་ཕྱོགས་གླང་དང་དཔལ་ལྡན་ཆོས་སྐྱོང་ལ་སོགས་པ་སྔར་བྱོན་པ་ཞེས་གསུངས་པས། དེ་དག་ཟླ་གྲགས་ལས་སྔ་བར་ཤེས། འགའ་ཞིག་ཏུ་ཀླུ་སྒྲུབ་འདས་ནས་ལོ་བཞི་བརྒྱ་ན་ཟླ་གྲགས་འཁྲུངས་བཞི་བརྒྱར་བཞུགས་ཞེས་པ་ལ་ཕྱེད་ལྷག་པ་དང་། བཀའ་གདམས་པ་ཀུན་ཀླུ་སྒྲུབ་རང་གི་སློབ་མ་ཟླ་གྲགས། དེས་ལོ་བཞི་བརྒྱ། དེའི་སློབ་མ་རིགས་པའི་ཁུ་བྱུག་དེས་ལོ་སུམ་བརྒྱ། དེའི་སློབ་མ་ཇོ་བོ་ཡིན་པར་བཞེད་དེ། ཕྱི་མ་འདི་ལ་ལོ་གྲངས་ཉིས་བརྒྱས་ཉུང་བའི་སྐྱོན་སྣང་། དེས་ན་ཟླ་གྲགས་ཀྱི་སློབ་དཔོན་ཨཱརྱ་དེ་ཝ་ཡིན་ལ། དེས་དག་སྣང་གིས་ཀླུ་སྒྲུབ་མཇལ་བས་གསང་འདུས་འཕགས་ཡུལ་པ་རྣམས་ལྟར་དེའི་དངོས་སློབ་ཀྱང་ཡིན་ནོ། །དེ་བཞིན་ལེགས་ལྡན་འབྱེད་ཀྱང་བསྙེན་པར་རྫོགས་ས་ཀླུ་སྒྲུབ་རང་ཡིན་ལ་བཤད་རྒྱུན་སྔ་མ་ཁོ་ནའོ། །སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ལ་འགའ་ཞིག་ཏུ་ཤེས་རབ་སྒྲོན་མེར་མི་འཐད་སྨོས་པ་དང་། དེ་སླར་ཟླ་བ་གྲགས་པས་འཐད་པར་བསྒྲུབས་ཤིང་། རང་རྒྱུད་ཀྱི་སྦྱོར་བ་བཀོད་པ་མི་འཐད་པ་ཙམ་བརྗོད་པ་ལ་ཐལ་རང་རྩོད་ཅེས་པར་ཟད་ལ། ཐལ་རང་དེ་ནས་གྱེས་པ་ཡིན། གཞན་སློབ་དཔོན་དེ་དག་ཐོག་སྔ་ཕྱི་ཆེན་པོ་ཡོད་པ་གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་ཞེས་གསུངས་དགོས་བྱུང་བས་ཤེས་སོ།།
གཞན་ཡང་རང་རྒྱུད་པ་དང་ཐལ་འགྱུར་བ་མི་མཐུན་པ་ཆེན་པོ་སྐད་ཟེར་བའང་རང་གིས་རང་རྒྱུད་འཇོག་ལུགས་ཀྱི་བློའི་སྐྱོན་ཡིན། ལུགས་གཉིས་བར་དུ་བདག་བཟློག་ཁྱེར་ལ་ཐལ་རང་དུ་གྱེས་པ་ཙམ་ལས་མཐར་ཐུག་ལ་མི་མཐུན་པ་མེད། དེས་ན་ཀུན་རྫོབ་ཁས་ལེན་ཚུལ་གྱིས་ཐལ་འགྱུར་བ་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པ། རང་རྒྱུད་པའི་སློབ་དཔོན་ལེགས་ལྡན་འབྱེད་ལ་མདོ་སྡེ་སྤྱོད་པ། ཡེ་ཤེས་སྙིང་པོ་དང་བོ་དྷི་ས་ཏྭ་ལ་སོགས་པ་རྣམས་ལ་རྣལ་འབྱོར་སྤྱོད་པ་ཞེས་རྣམ་པར་ཕྱེ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་པ་དང་། ཀླུ་སྒྲུབ་དག་སྣང་གིས་མཇལ་བས་སྔགས་ལུགས་སུ་དངོས་སློབ་ཡིན་པར་འཕགས་ཡུལ་པ་བཞེད་ཚུལ་གསུངས་སོ།།
ཡང་ཀུན་མཁྱེན་འཇིགས་མེད་དབང་པོས་ (1885-1958) མཛད་པའི་གསན་ཡིག་ལས[66]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔའི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷུ་ཏི། ཀླུ་ལས་སྐྱེས་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། ས་ར་ཧ་ཆེན་པོ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། དེས་སློབ་དཔོན་འཕགས་པ་ལྷ། ཤཱཀྱ་བཤེས་གཉེན། ཀླུ་བྱང་། ཟླ་གྲགས་བཞི་ལ་གནང་། ཞེས་དང་། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་མདོ་བསྲེ་སོགས་ཀྱི་བརྒྱུད་པ་དེ་བཞིན་དུ་བྱུང་བས་དེ་དག་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་སོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ (1927-1997) ལས་ཀྱིས་མཛད་པའི་གྲུབ་མཐའི་རྣམ་བཤད་དམ། ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ལས[67]། སློབ་དཔོན་ཟླ་བ་གྲགས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པས་ཁོང་རྣམ་གཉིས་བར་གྱི་འབྲེལ་བ་ནི་བླ་སློབ་བར་གྱི་འབྲེལ་བ་ཡིན། སློབ་དཔོན་ཀླུ་སྒྲུབ་དགུང་གྲངས་སུམ་བརྒྱ་ཙམ་བཞུགས་ཚུལ་བཤད་སྲོལ་ཡོད་པ་དེ་ཆོས་ཀྱི་ནང་ཁས་ལེན་གྱི་ཡོད། གང་ཞེ་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྟོད་སྨད་བར་གསུམ་ལ་སློབ་མ་ཁག་གསུམ་བྱུང་ཡོད་པ་དང༌། སྐུ་ཚེའི་སྟོད་སྨད་བར་གསུམ་སོ་སོར་བྱུང་བའི་སློབ་མ་དེ་དག་གི་ལོ་རྒྱུས་བཤད་དུས་སློབ་དཔོན་ཀླུ་སྒྲུབ་དགུང་ལོ་སུམ་བརྒྱ་ཙམ་ཞིག་མ་མཐར་ཡང་བཞུགས་ཡོད། ཅེས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་སོ།།
དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རིན་ཆེན་སྒྲོན་མར་དཔལ་ལྡན་ཟླ་བ་གྲགས་པའི་མཚན་ལན་གྲངས་བཅུ་གཉིས་སུ་གསལ་ལ། དཔལ་ལྡན་ཟླ་བས་མཛད་པའི་དབུ་མ་འཇུག་པའི་ལུང་ཡང་ཡང་དྲངས་པར་མ་ཟད། དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ་གསལ་པོར་གསུངས་པ་དང་གཅིག །གཉིས་ནས་དེ་མཚུངས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བདེན་གཉིས་ལ་འཇུག་པ་དང་། ལམ་སྒྲོན་རང་འགྲེལ་གཉིས་སུ་དཔལ་ལྡན་ཟླ་གྲགས་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་དངོས་སློབ་ཡིན་ཚུལ་གསལ་བར་བསྟན་ཡོད་པ། གསུམ་ནས་དབུ་མ་རིན་ཆེན་སྒྲོན་མ་ཁ་ཅིག་གིས་ལེགས་ལྡན་ཆུང་བས་མཛད་པར་བཞེད་ནའང་། སྤྱིར་ལེགས་ལྡན་ཆུང་བ་ཞུ་བ་ཞིག་ཡོད་མེད་རེ་ཞིག་བཞག་ནས་གཞུང་དངོས་ལ་གཟིགས་ཚེ་རྟོག་གེ་འབར་བ་མཛད་མཁན་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པར་ཐེ་ཚོམ་གཏན་ནས་མི་འདུག་པས་གཞུང་འདི་ཤེས་བྱེད་ཚད་མར་འཛིན་ཆོག་པ། བཞི་ནས་དོ་ཧ་མཛོད་ཀྱི་ཊཱིཀ་ལས་ཀྱང་། ཟླ་གྲགས་ནི་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་བསྟན་པ་དང་། དཔལ་ལྡན་ཟླ་བ་གྲགས་པ་རང་ཉིད་ཀྱིས་མཛད་པའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ནང་དུའང་ཀླུ་སྒྲུབ་ལས་དངོས་སུ་གདམས་པ་ཐོབ་ཚུལ་གསུངས་པར་འདོད་པ་བཅས་ཀྱི་ཐོག་ནས་དཔལ་ལྡན་ཟླ་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་བམ། སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པའི་སྔ་རོལ་དུ་བྱོན་པ་གསལ་བཤད་བྱས་པ་ལྟ་བུར་མངོན་ནོ།།
གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་མཁས་པའི་དགའ་སྟོན་ལས[68]། ཤཱཀྱ་བཤེས་གཉེན་གྱིས་སྤྱོད་བསྡུས་སྒྲོན་མེའི་འགྲེལ་པ་མཛད་པས་འཕགས་པ་ལྷའི་སློབ་མ་ཡིན་པ་སྙམ། སློབ་དཔོན་ཟླ་བ་གྲགས་པ་བོད་གཞན་རྣམས་འཕགས་པའི་དངོས་སློབ་ཏུ་འཆད། བཀའ་བཞི་བརྒྱུད་པའི་ལོ་རྒྱུས་ལས་ཀླུ་སྒྲུབ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ནས་འཁྲུངས་པ་དང་འཕགས་པ་ལྷའི་སློབ་མར་འཆད། ཚིག་གསལ་ལས[69]། ཀླུ་སྒྲུབ་དགྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་དང་བཅས་ལྷས་ཀྱང་གསུང་རྗེས་སུ། །འབྲངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པ་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །
ཅེས་དེའི་སློབ་མ་རྣམས་ཀྱིས་ཅེས་པ་ལས་བདག་གི་བླ་མ་ཞེས་པ་ལྟ་བུ་མི་སྣང་ངོ༌། ། ཞེས་གསུངས་མོད། འོན་ཀྱང་སློབ་མ་ལ་དངོས་སློབ་དང་། བརྒྱུད་པའི་སློབ་མ་གཉིས་ཡོད་པ་ལས། དངོས་སློབ་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[70]། དགེ་རྒན་དང་དགེ་ཕྲུག་དངོས་སུ་ཕྲད་ནས་ཡོན་ཏན་སློབ་པ་ཡིན་ན་དགེ་རྒན་དེ་དགེ་ཕྲུག་དེའི་དངོས་ཀྱི་བླ་མ་དང་། དགེ་ཕྲུག་དེ་དགེ་རྒན་དེའི་དངོས་སློབ་ཡིན། དགེ་རྒན་དེའི་དགེ་རྒན་ནི་དགེ་ཕྲུག་དེའི་བརྒྱུད་པའི་བླ་མ་དང་། དགེ་ཕྲུག་དེ་ནི་དགེ་རྒན་དེའི་དགེ་རྒན་གྱི་བརྒྱུད་པའི་སློབ་མ་ཡིན་པ་ལ་ཟེར། ཞེས་གསུངས་པ་ལྟར་ཡིན་ལ། གཞན་ཡང་གཅེས་པ་བསྡུས་པའི་འཕྲིན་ཡིག་བཙུན་པ་ཆེན་པོ་དཔལ་དབྱངས་ཀྱིས་བོད་རྗེ་འབངས་ལ་བརྫངས་པ་ལས[71]།
བཅོམ་ལྡན་ཤཱཀྱས་བཀའ་སྩལ་པ། །ང་ཡི་བསྟན་པའི་དམ་ཆོས་ནི། །
མུ་སྟེགས་ཅན་གྱིས་མི་བཤིགས་ཏེ། །སེངྒེའི་ཁོག་པ་ཇི་བཞིན་དུ། །
ང་ཡི་སློབ་མས་གཞིག་པར་འགྱུར། །
ཞེས་གསུངས་པ་ལྟར་སློབ་མ་ཞེས་པ་རྗེས་འཇུག་ལའང་འཇུག་པས་ན། སྤྱིར་བཏང་སློབ་མ་ཞེས་པའི་ཚིག་ཙམ་གྱིས་དངོས་སློབ་ཡིན་པར་སྒྲུབ་མི་ཐུབ་བོ། །དེ་ལྟར་ལ་ལས་དཔལ་ལྡན་ཟླ་བ་གྲགས་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་ཚེ་སྨད་ཀྱི་དུས་སུ་ཞབས་རྡུལ་སྤྱི་བོར་བླངས་པའམ། ལ་ལས་དེའི་སློབ་མའི་དྲུང་ནས་མདོ་རྒྱུད་ཀྱི་མན་ངག་ཡོངས་སུ་ནོད་པར་གསུངས། གང་ལྟར་ཡང་སྒོམ་སྒྲུབ་ཀྱི་གནད་ལའང་བརྩོན་པ་ལྷུར་བླངས་ཤིང་གྲུབ་པའི་ས་མཐོར་གཤེགས་པའི་མངོན་རྟགས་ཀྱི་མཚན་མ་ཅིར་ཡང་བསྒྱུར་ཐུབ་པའི་མཆོག་གི་དངོས་གྲུབ་ཟབ་མོ་དང་ལྡན་པ་ལགས་སོ།།
༣) རང་ལུགས་འཐད་ཕྱོགས་ངོས་བཟུང་བ།
ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[72]། གཉིས་པ་རང་ལུགས་འཐད་པའི་ཕྱོགས་ངོས་བཟུང་བ་ནི། དེ་ལྟར་མཁས་པའི་བཞེད་པ་མི་མཐུན་པ་མང་དུ་ཡོད་པ་དེ་དག་ལས། བཀའ་གདམས་པ་རྣམས་ཇོ་བོ་དེ་ལྟར་གསུངས་པས་དངོས་སློབ་ཡིན་གསུངས་པ་མི་རིགས་ཏེ། ཟླ་བ་གྲགས་པ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་སྐོང་བའི་བརྒྱུད་པའི་སློབ་མ་ཡིན་པ་ལ་དགོངས་ནས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་གསུངས་པ་ཡིན་གྱི། དངོས་སློབ་ཏུ་སྟོན་པ་མ་ཡིན་པའི་ཕྱིར་རོ།།
བུ་སྟོན་གྱིས་སྔར་གྱི་ཇོ་བོའི་ལུང་དེ་དང་ཀླུ་སྒྲུབ་ཀྱི་ལུང་དྲངས་ནས་དངོས་སློབ་ཏུ་བཞེད་པ་ལ་ཡང་ལེགས་པར་བརྟགས་ན་འཐད་ཕྱོགས་མ་ཡིན་ཏེ། ཇོ་བོའི་ལུང་གི་དོན་ནི་གོང་དུ་བསྟན་ཟིན་ལ། ཀླུ་སྒྲུབ་ཀྱི་ལུང་དེ་སྐྱེ་མེད་མཛོད་ནས་ཡིན་པས། སྐྱེ་མེད་མཛོད་ནི་ཀླུ་སྒྲུབ་ཀྱིས་མཛད་པ་མ་ཡིན་པར་བུ་སྟོན་རང་གི་ཆོས་འབྱུང་ལས་བཤད་ནས། རྒྱུད་བཤད་ཐབས་གསང་བའི་སྒོ་འབྱེད་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་ཞེས་གསུངས་ནས་སྐྱེ་མེད་མཛོད་ཀྱི་ལུང་དྲངས་པས། སྐྱེ་མེད་མཛོད་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་པར་བཞེད་འདུག་པས་ནང་འགལ་བས་སོ། །དེས་ན་ནང་འགལ་གྱི་གསུང་གིས་གཞན་ལུགས་འགོག་ཅིང་རང་ལུགས་བསྒྲུབ་པ་ནི་མཁས་པའི་ཞལ་ནས་བྱུང་རིགས་པའི་གཏམ་མ་ཡིན་ནོ།།
རི་བོ་དགེ་ལྡན་པའི་གསུང་དེ་ལ་ནི་རྣམ་དཔྱད་གཏན་ནས་མ་བྱུང་སྟེ། ཟླ་གྲགས་ཚེའི་རིག་འཛིན་བརྙེས་པ་ཡིན་ཀྱང་། ཟླ་གྲགས་མ་བྱོན་གོང་དུ་ཀླུ་སྒྲུབ་འདས་ཟིན་པས། ཟླ་གྲགས་ཀྱིས་ཚེའི་རིག་འཛིན་བརྙེས་པ་དེས། ཀླུ་སྒྲུབ་སྔོན་དུ་འདས་ཟིན་པའི་དངོས་སློབ་ཡིན་པ་ལ་གཅིག་ཀྱང་ཕན་རྒྱུ་མི་འདུག་པའི་ཕྱིར་རོ། །ཡང་མཁས་པའི་དབང་པོ་ཀླུ་སྒྲུབ་རྒྱ་མཚོས་ལུང་རིགས་ཀྱི་སྒྲུབ་བྱེད་གོང་དུ་བཀོད་པ་དེ་དག་དང་། ཡང་ཆོས་འབྱུང་ལྷག་བསམ་རབ་དཀར་གྱི་བསྟན་པ་ཕྱི་དར་གྱི་སྐབས་ན། འོན་ཀྱང་རིགས་པའི་ཁུ་བྱུག་ཟླ་གྲགས་ཀྱི་ཞབས་ཟིན་ཡིན་ལ། ཨ་ཏི་ཤ་རིགས་པའི་ཁུ་བྱུག་གི་དངོས་སློབ་ཡིན་ཅིང་། ནག་ཚོས་ཇོ་བོ་སྤྱན་འདྲེན་ལ་ཕྱིན་པའི་ཚེ་ཡང་། རིགས་པའི་ཁུ་བྱུག་བཞུགས་པར་རྣམ་ཐར་དང་ལམ་ཡིག་དག་ན་གསལ་བས། དེ་དག་གི་ལོ་གྲངས་བརྩིས་ན་མི་འགྲིགས་པ་ལྟར་སྣང་སྟེ། ཞེས་སོགས་གསུངས་ནས། དེས་ན་ཁོ་བོས་ལུང་རིགས་ཀྱི་ལེགས་བཤད་སྔར་བཤད་པ་ལྟར། ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱ་ལས་ཆེས་ལྷག་པ་ཞིག་བཞུགས་པའམ། ཡང་ན་དག་པའི་སྣང་བ་ཁོ་ནས་ཞལ་མཇལ་བ་གང་རུང་ལས་མ་འདས་པར་ཁས་བླང་པར་བྱ་སྟེ། ཆོས་ཀྱི་རྗེས་སུ་འབྲངས་པའི་རྣམ་དཔྱོད་ཀྱི་དཔྱད་པ་ལས་དེ་ཁོ་ན་ལྟར་མཐོང་བའི་ཕྱིར་རོ། །ཞེས་གསུངས་པ་དེ་དག་ལ་བརྟགས་ན། སྒྲོན་གསལ་སོགས་ཀྱི་ལུང་དྲངས་ནས། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་སྒྲུབ་པར་མཛད་པ་ནི་མཁས་པས་དཔྱད་དགོས་པའི་ལེགས་བཤད་དུ་སྣང་ན་ཡང་། དེའི་རྗེས་སུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་ན། རིགས་པའི་ཁུ་བྱུག་ཟླ་གྲགས་ཀྱི་ཞབས་ཟིན་ཡིན་པ་དང་། ཇོ་བོ་རྗེ་རིགས་པའི་ཁུ་བྱུག་གི་དངོས་སློབ་ཡིན་པ་རྣམས་དུས་མི་འགྲིག་ཚུལ་གསུངས་པ་རྣམས་ལ་དཔྱད་པ་འདི་ལྟར་འཇུག་སྟེ། ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་པའི་ཁ་ཚོན་ནི་མཁས་པའི་དབང་པོ་ཉིད་ཀྱིས་བཅད་ཟིན། ཟླ་གྲགས་ཀྱི་ཞབས་རིགས་པའི་ཁུ་བྱུག་གིས་ཟིན་པར་ནི་ཆོས་འབྱུང་དུ་མ་ནས་བཤད་ཅིང་ཡོངས་སུ་གྲགས་པས་འདི་ལ་སྙོན་དུ་མེད་ལ། ཇོ་བོ་ཆེན་པོ་རིགས་པའི་ཁུ་བྱུག་གི་སློབ་མ་ཡིན་པར་རྣམ་ཐར་དང་། ནག་ཚོའི་ཇོ་བོ་རྗེ་སྤྱན་འདྲེན་པར་ཕྱིན་པའི་ལམ་ཡིག་ན་གསལ་བར་བཤད་པས་དེ་ཡང་དགག་པར་མི་ནུས་ཤིང་། དེས་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་བྱོན་ནས་ལོ་དྲུག་བརྒྱ་བཞུགས་པ་ཡིན་པ་ལ་ནི་རྩོད་པ་ཆེར་མེད། ཟླ་གྲགས་ཀྱིས་ལོ་ལྔ་བརྒྱ་བཞུགས་པ་ཙམ་ཞིག་བཤད་ཀྱིས། དེ་ལས་ལྷག་པ་བཞུགས་པའི་བཤད་ཚོད་མི་སྣང་། རིགས་པའི་ཁུ་བྱུག་གིས་ལོ་སུམ་བརྒྱ་བཞུགས། དེའི་སློབ་མ་ཨ་ཏི་ཤ་ཡིན་པས། ཀླུ་སྒྲུབ་སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་འདས་པའི་ཚེ་མི་བཞུགས་པ་ནི་གོང་གི་ལོ་གྲངས་བརྩིས་པས་ཤེས། དེ་ནས་ཟླ་གྲགས་ཀྱིས་དགུང་ལོ་ལྔ་བརྒྱ། དེའི་སྟེང་དུ་རིགས་པའི་ཁུ་བྱུག་གིས་དགུང་ལོ་སུམ་བརྒྱ་བསྣན་པས་བརྒྱད་བརྒྱ་སྟེ་སྟོན་པ་འདས་ནས་ལོ་སྟོང་དང་བརྒྱད་བརྒྱ་ནས་ཇོ་བོ་རྗེ་བྱོན་པར་ཁས་ལེན་དགོས་བྱུང་ལ། དེ་ནི་མི་རུང་སྟེ། ཇོ་བོ་རྗེ་ནི་སྟོན་པ་འདས་ནས་ལོ་སུམ་སྟོང་ལྷག་ཙམ་འདས་པ་ན་བྱོན་པ་ཡིན་པར་བསྟན་རྩིས་དང་ལོ་རྒྱུས་ཚད་ལྡན་ཐམས་ཅད་ལས་བཤད་པས་སོ།།
དེ་བས་ན་ཀླུ་སྒྲུབ་ཀྱི་དངོས་སློབ་ཟླ་གྲགས། དེས་ལོ་ལྔ་བརྒྱ་བཞུགས། དེའི་སློབ་མ་རིགས་པའི་ཁུ་བྱུག །དེས་ལོ་སུམ་བརྒྱ་བཞུགས། དེའི་སློབ་མ་ཇོ་བོ་རྗེ། དེ་ཉིད་སྟོན་པ་མྱ་ངན་ལས་འདས་ནས་སྟོང་ཕྲག་གསུམ་ལྷག་པ་ཙམ་ན་བྱོན་གསུངས་པ་འདི་དུས་མི་འགྲིག་པས་འཐད་པའི་གནས་སུ་མ་མཆིས། ཅི་སྟེ་ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱ་ལྷག་བཞུགས་པས་སྐྱོན་མེད་སྙམ་ན། དེས་ཀྱང་སྐྱོན་སྤོང་མི་ཐུབ་སྟེ། ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱ་ལས་ལྷག་པ་སྟོང་ཙམ་བཞུགས་པ་ཡིན་ནའང་། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་ཞབས་ཟིན་རྒྱུ་མ་བྱུང་བས། རིགས་པའི་ཁུ་བྱུག་གི་དངོས་སློབ་མ་ཡིན་པའམ། རིགས་པའི་ཁུ་བྱུག་ལ་ཆེ་ཆུང་གཉིས་སུ་མཛད་ན་འགྲིག་ཙམ་ཡོང་ངམ་གསུངས་པ་སོགས་ཀྱི་ཐུགས་ཀྱི་ངལ་བ་དེ་ལྟ་བུ་མི་མཛད་པར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དགོངས་པ་སྐོང་བའི་སློབ་མ་ཡིན་གྱི། དུས་མཚུངས་ཀྱི་དངོས་སློབ་མ་ཡིན་ཞེས་བདག་ཉིད་ཆེན་པོ་ས་པཎ་གྱིས་གསུངས་པ་འདི་དང་རྗེས་སུ་མཐུན་པ་ཞིག་མཛད་པར་ཞུ་ཞེས་མཁས་དབང་ཁྱེད་ལ་ཐལ་མོ་སྦྱོར་རོ། །དེས་ན་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ན། ཟླ་གྲགས་ཉིད་ཀྱིས།
བདེ་བ་ཅན་དུ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་མང་དང་ནི་སློབ་མའི་ཚོགས་དེ་དག་ཀྱང་དུས་ནམ་ཞིག་ན་ཉམས་པར་འགྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས་ཟླ་གྲགས་ཀྱི་དུས་ན་ཀླུ་སྒྲུབ་ཀྱི་སློབ་མའི་ཚོགས་རྣམས་ཀྱང་ཉམས་པ་སྟེ་འདས་ཟིན་ཅིང་། དེ་ཉིད་སློབ་མ་དང་བཅས་པ་གཤེགས་པས་ཟླ་གྲགས་ཀྱི་དུས་ན་གཞུང་ལུགས་གསལ་པོ་ཡང་མེད་གསུངས་པ་དང་། གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་ཕྱེ་ལས་རྙེད་པ་གང་། །ཞེས་ཀླུ་སྒྲུབ་ལས་དངོས་སུ་མ་གསན་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་གསན་པར་བཤད་པ་སོགས་མི་འཐད་པར་འགྱུར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་པར་རྗེ་རྡོ་རྗེ་འཆང་གི་གསུང་རྒྱུན་ལས་བྱུང་བའི་ཚུལ་གོང་དུ་བཀོད་པ་དེ་དག་དང་། ཁྱད་པར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོ་ལ། འཆད་ཀ་ནམ་མཁའ་འབུམ་གྱིས་ཟླ་བ་གྲགས་པ་ཀླུ་སྒྲུབ་ལ་སླེབས་སམ་ཞེས་ཞུས་པའི་ལན་དུ། ཀླུ་སྒྲུབ་ཀྱི་དགོངས་པ་སྐོང་བའི་སློབ་མ་ཡིན་པས།
ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །
ཞེས་གསུངས་པ་ལགས་ཞེས་གསུངས་པ་ལྟར། ཟླ་གྲགས་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་སྐོང་བའི་སློབ་མ་ཡིན་གྱི། ཞབས་ཟིན་མ་ཡིན་པའི་ཕྱོགས་འདི་འཐད་ལྡན་ཡིན་པས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་བྱོན། དེས་ལོ་དྲུག་བརྒྱ་བཞུགས། དགུ་བརྒྱ་ན་ཐོགས་མེད་བྱོན་ནས་དགུང་ལོ་ལྔ་བརྒྱ་བཞུགས་པའི་སྐུ་ཚེའི་སྨད་ཀྱི་སློབ་མ་དབྱིག་གཉེན་ཡིན་པར་བཤད་ཅིང་། ཟླ་བ་གྲགས་པའི་ཚེ། སློབ་དཔོན་དབྱིག་གཉེན་དང་། ཕྱོགས་གླང་དང་། གནས་བརྟན་ཆོས་སྐྱོང་སྟེ་བིརྺ་པ་རྣམས་ཀྱང་འདས་ཟིན་པར་ཟླ་བ་གྲགས་པ་ཉིད་ཀྱིས་བཤད་པའི་ཕྱིར་ཏེ། འཇུག་པ་རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པའི་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་མཐོང་བས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན་དེ་སྐད་དུ་སྨྲའོ་ཞེས་གསུངས་པས་སོ།།
འོ་ན་གསང་འདུས་སྒྲོན་གསལ་ལས། སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱི་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཞེས་པ་དང་། དེའི་འགྲེལ་པ་པཎྜི་ཏ་སྐལ་ལྡན་གྲགས་པས་མཛད་པ་དང་། དོ་ཧ་མཛོད་ཀྱི་ཊཱིཀ་རྣམས་ལས་དངོས་སློབ་ཏུ་བཤད་པ་རྣམས་ཇི་ལྟར་ཡིན་སྙམ་ན། སྒྲོན་གསལ་ལས་དེ་ལྟར་བཤད་པ་ནི་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་རྙེད་ཅེས་པའི་དོན་ཡིན་ཏེ། དེ་ཡང་ཀླུ་སྒྲུབ་ཀྱི་ཞབས་ཟིན་ནས་འཆད་ཉན་མཛད་དེ་མན་ངག་དངོས་སུ་ཐོབ་པ་ནི་མ་ཡིན་གྱིས། ཀླུ་སྒྲུབ་ནས་ཨཱརྱ་དེ་ཝ་སོགས་བརྒྱུད་པ་ལས་རྙེད་ཅེས་པ་སྟེ། གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འོང་དང་བདག་གི་རྣམ་ཕྱེ་ལས་རྙེད་པ་གང་། །ཞེས་གསུངས་པས་སོ། །སྒྲོན་གསལ་གྱི་འགྲེལ་པ་སྐལ་ལྡན་གྲགས་པས་མཛད་པ་དེ་ལས་དངོས་སློབ་ཏུ་བཤད་མོད་ཀྱང་། འགྲེལ་པ་དེ་ནི་ཚད་མར་བུ་སྟོན་སོགས་ཀྱི་མཁས་པ་མང་པོས་མི་བཞེད་པ་ལྟར་དོན་ལ་ཡང་གནས་པས་འགལ་བ་མེད་དོ།།
གལ་ཏེ་དེ་རྒྱ་འགྲེལ་ཡོངས་གྲགས་ཡིན་པས་ཚད་མར་རིགས་སོ་སྙམ་ན། དེ་ལ་ཡང་ངེས་པ་མེད་དེ། རྒྱ་གར་གྱི་པཎྜི་ཏ་ཡིན་ཀྱང་འཁྲུལ་པ་མངའ་བ་མང་དུ་ཡོད་དེ། སློབ་དཔོན་དབང་ཕྱུག་སྡེ་ཕྱོགས་གླང་གི་དངོས་ཀྱི་སློབ་མ་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་ཡིན་ཀྱང་། ཕྱོགས་གླང་གིས་མཛད་པའི་ཚད་མ་མདོའི་དོན་ནོར་བར་བཤད་པ། དཔལ་ལྡན་ཆོས་གྲགས་ཀྱིས་ལུང་འགལ་གྱི་སྒོ་ནས་བཀག་ཅིང་། ཀླུ་སྒྲུབ་ཀྱི་རིམ་ལྔའི་རིམ་པ་གཉིས་པའི་མཇུག་ཏུ་ཤཱཀྱ་བཤེས་གཉེན་གྱི་མཛད་བྱང་བྱུང་བ་ལ་འཁྲུལ་ནས་རྒྱ་གར་བ་འགའ་ཞིག་གིས་ཤཱཀྱ་བཤེས་གཉེན་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་སུ་བཤད་པ་སོགས་རྒྱ་འགྲེལ་རྣམས་ལ་ཡང་ནོར་བ་མང་དུ་ཡོད་པའི་ཕྱིར་རོ།།
དོ་ཧ་མཛོད་ཀྱི་ཊཱིཀྐ་རྣམས་ལས་ཀྱང་དངོས་སློབ་ཡིན་པར་བཤད་ཀྱང་། དེ་ཡང་ལོ་རྒྱུས་ཚད་མ་ཡིན་པའི་ངེས་པ་མེད་ཅིང་། ཡིན་ན་ཡང་དེས་མི་གནོད་ཅིང་། དོ་ཧ་མཛོད་ཀྱི་ཊཱིཀྐར་མ་ཟད་དབུ་མའི་བརྒྱུད་རིམ་འགའ་ཞིག་ལས་ཀྱང་། ཀླུ་སྒྲུབ་ནས་ཟླ་གྲགས་ལ་བརྒྱུད་ཚུལ་ལ་ཉེ་གནས་དངོས་གྲུབ་བརྙེས་པའི་རྣལ་འབྱོར་བ་ལས་བརྒྱུད་ཚུལ། གཞུང་བཤད་རྒྱུད་ཀྱི་མཁས་པ་པཎྜི་ཏ་ལས་བརྒྱུད་ཚུལ། རྩ་བ་ཀླུ་སྒྲུབ་ཉིད་ལ་དངོས་སུ་ཐུག་ཚུལ་དང་གསུམ་དུ་བྱས་ནས། ཕྱི་མ་ལ་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལ་དངོས་སུ་ཐུག་ཚུལ་ཡང་བཤད་ཅིང་། གཞན་ཡང་བརྒྱུད་ཡིག་འགའ་ཞིག་ལས། ཀླུ་སྒྲུབ། ཟླ་གྲགས། དེས་སློབ་པའི་རྡོ་རྗེ་ལ་གདམས་ཞེས་པ་ཡང་བཤད་མོད། དེ་དག་ནི་ཕྱིས་སུ་འཕགས་པས་ཞལ་བསྟན་ནས་དག་སྣང་གི་ངང་ལ་ཆོས་གསན་པས། དེའི་དབང་དུ་མཛད་ནས་བརྒྱུད་པའི་རིམ་པ་ལ་སློབ་དཔོན་གཞན་མ་སྨོས་པར་ཟླ་གྲགས་ཉིད་ཀྱིས་འཕགས་པ་ཀླུ་སྒྲུབ་ལ་དངོས་སུ་གསན་ཚུལ་སྨོས་པ་ཡིན་པས། འདི་ལ་འགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་ས་སྐྱ་པ་ཆེན་པོ་ལ་ཞལ་དངོས་སུ་བསྟན་ནས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བཤད་བཀའ། ལྕགས་རིའི་ཁོང་ལས་མི་འདའ་བའི་ཟབ་ཆོས་བཞི་སོགས་སྩལ་བ་ལ་བརྟེན་ནས། གསུང་ངག་ཉེ་བརྒྱུད་ལ་བིརྺ་པ་ནས་གཞན་མི་དགོས་པར་ས་ཆེན་ཉིད་འདྲེན་པ་ནི། རང་གཞན་གྱི་གྲུབ་མཐའི་ཞལ་འཛིན་ཐམས་ཅད་རྩོད་མེད་དུ་བཞེད་པའི་ཕྱིར། དེ་ལས་གཞན་ས་ཆེན་དང་བིརྺ་པ་དུས་མཚུངས་ཡོང་བའི་གོ་སྐབས་མེད་དོ།།
གལ་ཏེ་དེ་དག་མི་མཚུངས་ཏེ། ས་ཆེན་ལ་བིརྺ་པས་ཞལ་བསྟན་པའི་ལོ་རྒྱུས་གསལ་བར་ཡོད། ཟླ་གྲགས་ལ་ཀླུ་སྒྲུབ་ཀྱིས་ཞལ་བསྟན་པའི་ལོ་རྒྱུས་ཁ་གསལ་མེད་པས་སོ་སྙམ་ན། དེའི་ལོ་རྒྱུས་རྒྱས་པ་ཡི་གེའི་རིགས་སུ་བྲིས་པ་ཆེར་མེད་ཀྱང་། དོན་ལ་ཀླུ་སྒྲུབ་ཀྱིས་ཟླ་གྲགས་ལ་ཞལ་བསྟན་པ་ལ་ཐེ་ཚོམ་མི་དགོས་ཏེ། ཀླུ་སྒྲུབ་ལྟ་བུའི་བླ་མས་ཟླ་གྲགས་ལྟ་བུའི་བརྒྱུད་འཛིན་གྱི་སློབ་མ་ལ་ཞལ་སྟོན་པ་ཆོས་ཉིད་ཡིན་ཏེ། བརྒྱུད་ལུགས་གཞན་ལ་ཡང་དེ་ལྟ་བུའི་ཚུལ་མང་དུ་སྣང་བའི་ཕྱིར་རོ།།
གཞན་ཡང་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། ཟླ་གྲགས་ཀླུ་སྒྲུབ་ཀྱི་དགོངས་པ་སྐོང་བའི་སློབ་མ་ཡིན་པར་གསུངས་ནས། ཡང་རྡོག་ལུགས་ཀྱི་དབང་གི་བརྒྱུད་པ་འདྲེན་པའི་ཚེ། ཀླུ་སྒྲུབ་ཀྱིས། ཨཱརྱ་དེ་བ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ་དང་བཞི་ལ་སྩལ་བར་བཤད་པས་འཐད་ལྡན་དུ་ཞལ་གྱིས་བཞེས་པས་ཀྱང་དོན་དེ་ཉིད་གྲུབ་སྟེ། ཀླུ་སྒྲུབ་ཀྱིས་ཟླ་བ་གྲགས་པ་ལ་སྩལ་ཚུལ་དེ་དག་པའི་སྣང་བ་ཙམ་གྱི་སྒོ་ནས་མ་ཡིན་པར་དངོས་སློབ་ཏུ་བྱས་ནས་གདམས་པ་སྩལ་བ་ཡིན་ན། བདག་ཉིད་ཆེན་པོ་ས་པཎ་རང་ཉིད་ཀྱིས་དགོངས་པ་སྐོང་བའི་སློབ་མར་ག་ལ་གསུངས། བརྒྱུད་རིམ་དེ་ཡང་འཐད་ལྡན་དུ་མི་བཞེད་དགོས་པའི་ཕྱིར་རོ།།
དེས་ན་ཕྱིས་ཞལ་བསྟན་ནས་དག་པའི་སྣང་བས་མཇལ་བ་ལ་ནི་ངེས་པ་མེད་ལ། དེ་ལས་གཞན་དུས་ཀྱི་དབང་དུ་བྱས་ན་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡིན་པ་ལ་ལུང་རིགས་འཐད་ལྡན་མེད་པས། དེའི་དབང་གིས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པ་འདི་དོན་ལ་གནས་སོ། །ཞེས་ཁོ་བོ་སྨྲའོ། །གལ་ཏེ་དག་པའི་སྣང་བར་མཇལ་ནས་གདམས་པ་སྩལ་བ་ཙམ་གྱིས་དངོས་སློབ་ཏུ་འགྱུར་ན། མཁན་ཆེན་གཡག་པའི་མཚན་ཅན་སངས་རྒྱས་དཔལ་བདག་ཉིད་ཆེན་པོ་ས་པཎ་གྱི་དངོས་སློབ་ཏུ་ཁས་ལེན་དགོས་ཏེ། དེ་ལ་དེས་ཞལ་བསྟན་ནས་འཇམ་དབྱངས་དང་ས་པཎ་སྦྲགས་སྒྲུབ་ཀྱི་གདམས་པ་ཟབ་མོ་འདི་སྩལ་བའི་ཕྱིར་ཏེ། དེ་ལྟར་སྩལ་བའི་གདམས་པ་དེ་མཁན་ཆེན་དེས་དངོས་སློབ་རོང་སྟོན་ཤེས་བྱ་ཀུན་རིག་ལ་གནང་། རོང་སྟོན་ནས་བརྒྱུད་པའི་གདམས་པ་དེ་ཀུན་མཁྱེན་བསོད་ནམས་སེང་གེས་ཀྱང་གསན་ཞིང་། དུས་ཤིག་ཀུན་མཁྱེན་ཆེན་པོ་རོང་ཆུང་དུ་ཆུའི་སྟེང་དུ་ལྷུང་བའི་ཚེ་ཆུར་མ་ནུབ་པ་སོགས་ངོ་མཚར་བའི་ལོ་རྒྱུས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ན་གསལ་ཞིང་། དེ་ཡང་གདམས་པ་ཟབ་མོ་ཉམས་སུ་བཞེས་པ་ལས་བྱུང་བས་ཆོས་དེ་ཚད་ལྡན་ཡིན་པར་དེང་སང་རླུང་ལྟར་གྲགས་པའི་ཕྱིར་རོ། །མཁན་ཆེན་གཡག་པ་ཆོས་རྗེ་ས་པཎ་གྱི་དངོས་སློབ་ཏུ་འདོད་པ་ནི་ཧ་ཅང་ཐལ་ལོ།།
དེ་ལྟ་བུའི་སློབ་དཔོན་ཟླ་བ་གྲགས་པས། སྔགས་ཕྱོགས་ལ་གོང་དུ་བསྟན་པ་དེ་དག་དང་། མཚན་ཉིད་ཕྱོགས་ལ་མངོན་པ་མཛོད་དང་། གྲུབ་མཐའ་རྐང་གཅིག་པའི་ཕུང་པོ་ལྔའི་རབ་བྱེད་དང་། དབུ་མ་ལ་རྩ་བ་ཤེས་རབ་ཀྱི་དོན་གྱི་འགྲེལ་པ་འཇུག་པ། ཚིག་གི་འགྲེལ་པ་ཚིག་གསལ། གཞན་ཡང་བཞི་བརྒྱ་པའི་འགྲེལ་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་རྣམས་མཛད་དོ། །ཞེས་གསུངས་པ་ལྟར་རོ།།
གཞན་ཡང་མང་ཐོས་ (མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་) སློབ་མ་བྱ་གཤོངས་མཁན་པོ་འཇམ་དབྱངས་དགེ་བའི་བཤེས་གཉེན་གྱིས་མཛད་པའི་དབུ་མའི་སྤྱི་དོན་ལུང་རིགས་མཛེས་པར་བྱེད་པའི་རྒྱན་ལས[73]། དཔལ་ལྡན་ཟླ་བ་གྲགས་པ་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཐོག་མར་འཇིག་རྟེན་འདིར་ལོ་དྲུག་བརྒྱ་བཞུགས་པའི་དུས་ཀྱི་སློབ་མ་ནི་མིན་ཏེ། འཇུག་འགྲེལ་དང་འགྲེལ་བཤད་སོགས་ཀྱི་ཚིག་རིགས་ལ་བརྟགས་པས་ཅུང་ཟད་དུས་མི་མཚུངས་པ་ཤིན་ཏུ་གསལ་བར་བཤད་པའི་ཕྱིར་དང་། ཆོས་ཀྱི་རྗེས་ས་སྐྱ་པཎྜི་ཏས་དྲིས་ལན་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། འོན་ཀྱང་ཕྱིས་དག་པའི་སྣང་བ་ལས་མཇལ་བའམ། ཐུགས་རྗེའི་དབང་གིས་དབུ་དང་། སྐུ་ལུས་ཇེ་ཉེ་ཇེ་ཉེར་སོང་བ་འབྱར་བ་ལ། ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སླར་ཡང་བཞུགས་ཏེ། འགྲོ་བའི་དོན་མཛད་པའི་སྐབས་ཀྱི་དངོས་ཀྱི་སློབ་མ་གུང་ཡིན་པར་གདོན་མི་ཟ་བ་ཡིན་ཏེ། གསང་འདུས་འཕགས་ལུགས་ཀྱི་ཆོས་སྐོར་རྣམས་དང་། དབུ་མའི་ལྟ་ཁྲིད་ཀྱི་བརྒྱུད་རིམ་སོགས་ལས། འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ་ཞེས་བརྒྱུད་པ་བར་མ་ཆད་པར་བཤད་འདུག་པའི་ཕྱིར་རོ། །བློ་གསལ་མཁས་པའི་ཚོགས་རྣམས་ཀྱིས་ལེགས་བཤད་འདི་ཉིད་སྙིང་གི་ཟེའུ་འབྲུར་བཅང་བར་བྱའོ། །ཞེས་བྱུང་ངོ་།།
༤) མཇུག་བསྡུ།
དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་ཕྱི་ལོའི་དུས་རབས་གཉིས་པ་ཡས་མས་སུ་བྱོན་པར་འདོད་པ་དང་། དུས་རབས་བདུན་པ་ཡས་མས་སུ་བྱོན་པར་འདོད་མཁན་སོ་སོར་སྒྲུབ་བྱེད་ངེས་ཅན་ཡོད་པ་ཁག་ཞིབ་ཕྲ་གོང་བཀོད་ལས་གསལ་རྟོགས་ཐུབ་པ་ཞིག་ནི། དཔལ་ལྡན་ཟླ་བ་གྲགས་པ་ལོ་མང་པོ་ཞིག་བཞུགས་པར་འདོད་ཚུལ་གཅིག་དང་། ཡང་ན་དེ་ལྟར་མིན་པར་ཟླ་གྲགས་སྔ་ཕྱི་གཉིས་བྱུང་བར་གསུངས་པ་དང་། དེ་མིན་བཟོ་བཅོས་མཁན་འགའ་ཞིག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་མཁས་པ་གཞན་ཞིག་ལ་ཟླ་གྲགས་ཀྱི་མཚན་བཏགས་པ་གང་རུང་ཡིན་ངེས་སུ་འདོད། དེ་ལྟར་ཡིད་རྟོན་རུང་བའི་སྒྲུབ་བྱེད་རྣམས་བཞེད་ལུགས་ཆེ་ཁག་གཉིས་སུ་གྱུར་ཏེ་གཅིག་གིས་དཔལ་ལྡན་ཟླ་བ་གྲགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་དུས་སྐབས་སུ་བྱོན་པར་འདོད་པ་དང་། གཅིག་ཤོས་ཀྱིས་དུས་རབས་བདུན་པ་དང་བརྒྱད་པ་ཡས་མས་སུ་བྱོན་ཚུལ་གསུངས་ཤིང་། འདི་གཉིས་ལས་གང་ལ་ཡིད་རྟོན་རུང་མིན་རྣམ་དཔྱོད་ཅན་རྣམས་ཀྱིས་ཞིབ་ཏུ་དཔྱད་དགོས་པ་ལས། གཞུང་གཅིག་ཁུངས་སུ་བྱས་ཤིང་དེས་བློ་ཡིད་ཚིམས་ནས་ཐག་གཅོད་མ་སྔ་བར་འཕགས་བོད་ཀྱི་རིས་མེད་སྐྱེས་ཆེན་དམ་པ་དུ་མའི་གཞུང་ལུགས་གུང་བསྒྲིགས་ནས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
དེ་ལྟར་ས་པཎ་ཀུན་དགའ་རྒྱལ་མཚན་དང་། ཀུན་མཁྱེན་གོ་རམས་པ། སུམ་པ་མཁན་པོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། ཅོ་ནེ་གྲགས་པ་བཤད་སྒྲུབ། རྟ་ནག་མཁན་ཆེན། ངག་དབང་ཀུན་དགའ་བསོད་ནམས་བཅས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པ་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་བཞེད་ཀྱང་། ཡོངས་གྲགས་དཔལ་ལྡན་ཟླ་བ་གྲགས་པ་རང་ཉིད་དང་། མགོན་པོ་ཀླུ་སྒྲུབ། པཎྜི་ཏ་སྐལ་ལྡན་གྲགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །པཎྜི་ཏ་ཀུ་མཱ་ར། སློབ་དཔོན་སྙན་གྲགས་བཟང་པོ། རྗེ་ཙོང་ཁ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཀུན་མཁྱེན་ལེགས་པ་དོན་གྲུབ། འགོས་ལོ་ཙཱ་བ། ཚལ་པ་ཀུན་དགའ་རྡོ་རྗེ། དཔའ་བོ་གཙུག་ལག་ཕྲེང་བ། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཀུན་མཁྱེན་པདྨ་དཀར་པོ། ཡ་ཛ་པཎྜི་ཏ་བློ་བཟང་འཕྲིན་ལས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག །དུང་དཀར་བློ་བཟང་འཕྲིན་ལས་སོགས་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་སྤྱི་ཡོངས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དངོས་སློབ་ཡིན་པར་བཞེད་དོ།།
གཞན་ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[74]། སྒྲ་པ་ཤེས་རིན་པའི་གྲུབ་མཐའ་ཤན་འབྱེད་ལས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་སྲོལ་ཕྱེ་ཡང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཐལ་འགྱུར་བ་ལ་སྐྱོན་བཟུང་བ་རྣམས་འགྲོ་བར་གྲགས་ནས་ཐལ་འགྱུར་བའི་བསྟན་པ་སྤེལ་མ་ཐུབ་སྟེ། ཕྱིས་ཟླ་གྲགས་སུ་སྐྱེ་བ་བཞེས་ནས་འཕགས་ཡུལ་དུ་ཐལ་འགྱུར་བའི་བསྟན་པ་ཅུང་ཞིག་སྤེལ་བར་མཛད། བོད་གངས་ཅན་གྱི་ལྗོངས་སུ་ཡང་། བསྟན་པ་སྔ་དར་ལ་ཡང་ཞི་འཚོ། ཡེ་ཤེས་སྙིང་པོ། པདྨའི་ངང་ཚུལ་ཏེ་རང་རྒྱུད་ཤར་གསུམ་གྱི་མཁན་པོ་རྣམས་སྤྱན་དྲངས་ཏེ་རང་རྒྱུད་པའི་བསྟན་པ་ཆེས་ཆེར་འཕེལ་མོད། ཐལ་འགྱུར་བའི་བསྟན་པ་ནི་མ་བྱུང་ལ། ཕྱི་དར་ལ་ཟླ་བ་གྲགས་པས། ཨ་ཏི་ཤར་སྐྱེ་བ་བཞེས་ནས་ཐལ་འགྱུར་བའི་བསྟན་པ་སྤེལ་བར་དགོངས་ཀྱང་ཇི་བཞིན་མ་བྱུང་ནས། ཨ་ཏི་ཤ་ཉིད་པ་ཚབ་ལོ་ཙཱ་བར་སྐུའི་སྐྱེ་བ་བཞེས། དེའི་བུ་ཆེན་ཚིག་ལ་མཁས་པ་གངས་པ་ཤེའུ། དོན་ལ་མཁས་པ་གཙང་པ་འབྲེ་སྣུར། གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། གཉིས་ཀ་ལ་མི་མཁས་པ་ཞང་ཐང་ཟག་པ་བཞིའི་སྒོ་ནས་ཐལ་འགྱུར་བའི་བསྟན་པ་དར་བར་མཛད་དོ་ཞེས་བཤད་ལ། དེ་ལྟ་བུའི་ཟླ་གྲགས་ཀླུ་སྒྲུབ་ཡབ་སྲས་ཀྱི་དངོས་སློབ་མིན་པ་ཁོ་ནའི་ལུགས་སུ་སྣང་མོད། དབུ་མའི་ཡིག་ཆ་རྙིང་མ་འགའ་ཞིག་ལས། ཀླུ་སྒྲུབ་ནས་ཟླ་གྲགས་ལ་བརྒྱུད་ཚུལ་ལ། ཉེ་གནས་དངོས་གྲུབ་བརྙེས་པ་ལས་བརྒྱུད་ཚུལ། གཞུང་བཤད་རྒྱུད་ཀྱི་མཁས་པ་པཎྜི་ཏ་ལས་བརྒྱུད་ཚུལ། རྩ་བ་ཀླུ་སྒྲུབ་ཉིད་ལ་ཐུག་ཚུལ་དང་གསུམ།
དང་པོ་ནི། ཀླུ་སྒྲུབ་ལ་ཉེ་གནས་ན་གཱ་བོ་དྷི་སྟེ་ཀླུའི་བྱང་ཆུབ། ཤནྟ་དེ་བ་སྟེ་ཞི་བ་ལྷ། ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ་དང་གསུམ་ཡོད་པའི་ཀླུ་སྒྲུབ་ཀྱིས་རིགས་ཚོགས་རྣམས་ཨཱརྱ་དེ་ཝ་ལ་བཤད། དེས་ཟླ་གྲགས་ལ་བཤད་དོ། །གཉིས་པ་ནི། ཀླུ་སྒྲུབ་ཀྱིས་ཐལ་རང་གི་སྲོལ་འབྱེད། བུདྷ་པ་ལི་ཏ་སྟེ་སངས་རྒྱས་བསྐྱངས་དང་། བེ་བྱ་ཀ་ར་སྟེ་ལེགས་ལྡན་འབྱེད་རྣམས་ལ་དངོས་སུ་བཤད། དེ་གཉིས་ཀ་ལ་ཟླ་གྲགས་ཀྱིས་ཐོས་སོ།།
གསུམ་པ་ནི། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལ་དངོས་སུ་ཐུག་སྟེ། དེ་ཡང་རྒྱ་གར་གྱི་པཎ་གྲུབ་ཧ་སུ་མ་ཏིའི་ཞལ་ནས་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལོ་བརྒྱ་ཕྱེད་བསྟེན་ཟེར་རོ། །དེ་ལྟར་ན་ཉེ་བརྒྱུད་ལ། ཀླུ་སྒྲུབ། ཟླ་གྲགས་དེས་ལོ་བཞི་བརྒྱ་བཞུགས། དེ་ལ་རིགསས་པའི་ཁུ་བྱུག་གིས་ཐུག་ལོ་སུམ་བརྒྱ་བཞུགས། དེ་ལ་ས་ར་ཧ་ཏེ། ཧ་སུ་མ་ཏི། ཀ་ན་ཀ་ཝརྨ་གསུམ་གྱིས་ཐུག་ཅིང་། དེ་གསུམ་ཀ་ལ་པ་ཚབ་ཀྱིས་ཞུས་སོ། །ཞེས་དང་། དེ་བཞིན་དུ་གསང་འདུས་ཀྱི་འཕགས་ལུགས་ཀྱི་བརྒྱུད་པའི་ལོ་རྒྱུས་དང་། དོ་ཧ་སྐོར་གསུམ་གྱི་བརྒྱུད་པའི་ལོ་རྒྱུས་རྣམས་ལས་ཀྱང་། ཟླ་གྲགས་ཀླུ་སྒྲུབ་ཀྱི་ཞབས་ཟིན་དུ་བྱས་པའི་ལོ་རྒྱུས་ཁོ་ན་སྣང་། འོན་ཀྱང་རིགས་པའི་ཁུ་བྱུག་ཟླ་གྲགས་ཀྱིས་ཞབས་ཟིན་ཡིན་ལ། ཨ་ཏི་ཤ་རིགས་པའི་ཁུ་བྱུག་གི་དངོས་སློབ་ཡིན་ཅིང་། ནག་ཚོས་ཇོ་བོ་སྤྱན་འདྲེན་ལ་ཕྱིན་པའི་ཚེ་ཡང་། རིགས་པའི་ཁུ་བྱུག་བཞུགས་པ་རྣམ་ཐར་དང་ལམ་ཡིག་དག་ན་གསལ་བས། དེ་དག་གི་ལོ་གྲངས་བརྩིས་ན་མངོན་སུམ་དུ་མི་འགྲིག་པ་ལྟར་སྣང་སྟེ། ས་ལུགས་ཀྱི་བསྟན་རྩིས་ལྟར་ན། ཨ་ཏི་ཤ་འདས་ལོ་ནས་ལོ་སུམ་སྟོང་ལྷག་ཙམ་འདས་པའི་ཚེ་བྱོན་པར་མངོན་སུམ་གྱིས་གྲུབ། ཀླུ་སྒྲུབ་འདས་ལོ་ནས་ལོ་བཞི་བརྒྱ་ལོན་པའི་ཚེ་བྱོན་ནས་ལོ་དྲུག་བརྒྱ་བཞུགས་ཟེར་བས། འདས་ལོ་ནས་ལོ་སྟོང་འདས་པའི་ཚེ་ཀླུ་སྒྲུབ་མི་བཞུགས་པར་ཁས་བླངས་པའི་རྟགས་གྲུབ། དེ་ནས་ཟླ་གྲགས་བཞུགས་ཟེར་བ་རྣམས་རྩེ་མཐུད་ནས་ཀླུ་སྒྲུབ་ཟླ་གྲགས་རིགས་པའི་ཁུ་བྱུག་གསུམ་གྱི་ལོ་གྲངས་ཀྱང་། འདས་ལོ་ནས་སུམ་སྟོང་དུ་སླེབས་པ་ལ་ལོ་སྟོང་དང་ཉིས་བརྒྱས་ཆད་པས། ཨ་ཏི་ཤ་དང་། རིགས་པའི་ཁུ་བྱུག་དུས་མི་མཚུངས་པའམ། ཟླ་གྲགས་དང་ཀླུ་སྒྲུབ་དུས་མི་མཚུངས་པས་གང་འོས་ཤིག་ཏུ་ཁས་བླང་དགོས་བྱུང་བའི་ཕྱིར་རོ།།
ཡང་རིགས་པའི་ཁུ་བྱུག་གཉིས་སུ་བྱས་པའི་ཆུང་བ་ཇོ་བོའི་བླ་མར་བྱས་ན་འགྲིག་ཙམ་ཡོང་བར་སེམས་སོ། །དེས་ན་ཁོ་བོ་ནི་ལུང་རིགས་ཀྱི་ལེགས་བཤད་སྔར་བཤད་པ་ལྟར། ཀླུ་སྒྲུབ་ཀྱི་ལོ་དྲུག་བརྒྱ་ལས་ཆེས་ལྷག་པ་ཞིག་བཞུགས་པའམ། ཡང་ན་དག་པའི་སྣང་བ་ཁོ་ནས་ཞལ་མཇལ་བ་གང་རུང་ཞིག་ལས་འདས་པར་ཁས་བླངས་པར་བྱ་སྟེ། ཆོས་ཀྱི་རྗེས་སུ་འབྲང་བའི་རྣམ་དཔྱོད་ཀྱིས་དཔྱད་པ་ལས་དེ་ཁོ་ན་ལྟར་མཐོང་བའི་ཕྱིར་རོ། །ཞེས་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡ན༦
[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༩༠༦
[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡
[4] ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། པོད། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢ན༡
[5] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། དབུ་མ། ༼༡༣༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༥༡༣
[6] ཀཾ་ཚང་བཀའ་བརྒྱུད་པ། ༼ཤྲཱི༽ ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༣
[7] ས་པཎ་གསུང་འབུམ། པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༥༦༥
[8] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༥
[9] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༣༤
[10] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༢
[11] རྟ་ནག་ཐུབ་བསྟན་རྣམ་རྒྱལ་དགོན་གྱི་གདན་རབས་བཅུ་གཉིས་པ།
[12] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༣
[13] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༦༢
[14] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༧༨
[15] ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། སྟོད་ཆ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༨༥༠
[16] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༩༠༦
[17] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༧༠
[18] སློབ་དཔོན་ཀླུའི་བློའམ་ཀླུའི་བྱང་ཆུབ་ནི། འཕགས་པ་ལྷ་དང་དུས་རགས་པ་མཉམ་པས་དུས་རབས་ ༢ མཇུག་ཏུ་བྱོན་ངེས། དེ་ཡང་ཤར་ཕྱོགས་བྷང་ག་ལའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། མཚན་གྱི་རྣམ་གྲངས་ལ་ནཱ་ག་བྷོ་དྷི་ཞེས་ཡང་ཞུ། བརྩམས་ཆོས་ནི་རྣམ་གཞག་རིམ་པ་དང་། རིམ་ལྔའི་དོན་གསལ་བྱེད་སོགས་བཞུགས་སོ།།
[19] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༠༣
[20] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༠༢
[21] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་ ༼ཧ༽ དེབ་ཨང་ ༡༥ པ། ཤོག་གྲངས་ ༨༢༩
[22] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཀི༽ དེབ་ཨང་ ༡༦ པ། ཤོག་གྲངས་ ༧༤༦
[23] པཎྜི་ཏ་སྐལ་ལྡན་གྲགས་པ་དང་། སློབ་དཔོན་བྷ་བྱ་ཀཱིརྟི་གཉིས་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ལ། འདིའི་སྐོར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་དང་། མཚན་དོན་གྱི་སྐབས་སུ་ཞིབ་ཏུ་དཔྱད་པར་གཟིགས།
[24] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨ༽ དེབ་ཨང་ ༡༦ པ། ཤོག་གྲངས་ ༥༦༤
[25] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨ༽ དེབ་ཨང་ ༡༦ པ། ཤོག་གྲངས་ ༤༤༦
[26] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡བ༢
[27] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༥༣༨
[28] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཁི༽ དེབ་ཨང་ ༡༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༥༧
[29] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༧༠
[30] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༦
[31] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་ ༡༥ པ། ཤོག་གྲངས་ ༡༤༡༥
[32] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༤༤
[33] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༤༥
[34] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༥༥
[35] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཨ༽ དེབ་ཨང་ ༦༣ པ། ཤོག་གྲངས་ ༡༠༥༡
[36] ལམ་རིམ་ཆེན་མོ། དགའ་བྱང་དཔེ་མཛོད། ༡༩༩༩ ལོ། ཐེ་ཝན་པར་མ། ཤོག་གྲངས་ ༧༩༧
[37] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༦༢
[38] འབྲི་གུང་སྐྱོབ་པའི་བཀའ་འབུམ། ༼ཀ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༠ ལོ། ཤོག་ ༦༨༥
[39] རོང་སྟོན་གསུང་འབུམ། འཐོར་བུ། ༼ཁ༽ བསྟོད་ཚོགས། དཔེ་རིང་ཤོག་གྲངས་ ༩༡བ༢
[40] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༥༡
[41] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༩༠
[42] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་གྲངས་ ༣༦༤
[43] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༦༡
[44] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཅ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༦༦
[45] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[46] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣
[47] དཔའ་རིས་བློ་བཟང་རབ་གསལ་གྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༡༩༩༡ ལོ། ཤོག་ ༡༣
[48] མཁས་གྲུབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༦
[49] མཁས་གྲུབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༦
[50] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༤༣༨
[51] ངོར་ཆེན་ཀུན་དགའ་བཟང་པོའི་གསུང་འབུམ། པོད། ༼ཀ༽ དཔེ་རིང་། ཤོག་གྲངས། གསུམ། ༩༢ན༥
[52] རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༢༠
[53] ཛ་ཡ་པཎྜི་ཏའི་གསུང་འབུམ། གླེགས་བམ་དང་པོ། དཔེ་རིང་ཤོག་གྲངས་ ༡༣༩ གོང་༢
[54] བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༢༧
[55] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༢༨
[56] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐའེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༢༩
[57] བཀའ་གདམས་ཆོས་འབྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་གྲངས་ ༡༩
[58] ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་འཁྲུངས་ལོ་ 1505 ཡིན་ཅིང་འདས་ལོ་མི་གསལ་ལ། ཤངས་སྟོན་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་འཁྲུངས་འདས་ནི་ 1479-1555 ཡིན། འོན་ཀྱང་འདི་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་དཔྱད་དགོས་པར་སྣང་ངོ་།།
[59] འགྲེལ་པ་འཆི་མེད་མཛོད་དེ་བསྟན་འགྱུར་དུ་མི་གསལ་བས་ཚིག་འདི་རྒྱ་གཞུང་གང་དུ་གསལ་མིན་དཔྱད་དགོས།
[60] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༨
[61] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡ག༩༨༡ ལོ། ཤོག་ ༡༨༣
[62] དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད། བཀའ་འབུམ་སྡུད་སྒྲིག་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༢
[63] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༧༨
[64] ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། ༼༩༽ སྒོ་མང་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་ ༢༥༧
[65] འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༦༧
[66] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ད༽ གསན་ཡིག །སྟོད་ཆ། བླ་བྲང་པར་མ། ཤོག་ ༤༦བ༣
[67] དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༡ ལོ། ཤོག་གྲངས་ ༢༧༧
[68] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༥༣
[69] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡
[70] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༧༥༨
[71] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་། ༡༡༥ པ། ༢༠༠༤ ལོ། ཤོག་གྲངས་ ༦༢༥
[72] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༧༡
[73] སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གཞུང་འགྲེལ་སྐོར། བྱ་གཤོངས་འཇུག་འགྲེལ། ༼༦༽ ཤོག་ ༡༦ན༤
[74] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༡༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༡ ནས་ ༤༨༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།