༤༽ སྒྲ་གཅན་འཛིན་བཟང་པོས་རྒྱས་པར་མཛད་ཚུལ།
དེ་ཡང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ (1870/1871-1921/1922) མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་རྣམ་པར་ཐར་པ་ལ་བསྔགས་པ་བརྗོད་པའི་ཚིགས་སུ་བཅད་པ་ཨེ་ཝཾ་ཕྱག་རྒྱའི་ཟློས་གར་བདེ་ཆེན་བཞད་པའི་གླུ་དབྱངས་ལས[1]། འཇིག་རྟེན་འདི་ན་ཟླ་བྲལ་བའི། །དམ་པ་དེ་རྣམས་འབྱུང་བའི་ཞིང་། །
ལེགས་བཤད་སྨྲ་བས་གང་བ་ཡི། །འཕགས་ཡུལ་ཞེས་བྱའི་གྲོང་གི་ཆ། །དེ་ལས་ལྷོ་ཕྱོགས་འབྱོར་ལྡན་ཞིང་། །སྐྱེ་བོ་ཤེས་རབ་བློ་གྲོས་ཅན། །རང་བཞིན་གྱིས་ནི་རྒྱུད་འཇམ་པས། །ཡོངས་སུ་གང་བར་གྱུར་པའི་གླིང་། །བཻདརྦྷ་ཞེས་གྲགས་པའི་ལྗོངས། །ཡུལ་གྱི་དགེ་ལེགས་རྣམ་བཅུ་པོ། །དུས་ཀྱིས་བོས་པའི་དབྱར་ཁའི་དཔལ། །ཉེ་བར་ལྷགས་བཞིན་རྒྱས་པ་ན། །ཡིད་འོང་བཀོད་པས་མཛེས་པའི་གྲོང་། །འབུམ་ཕྲག་དུ་མ་བརྡལ་བ་ལ། །སུམ་རྩེན་ཡུལ་གྱི་བཀོད་པ་ཡང་། །མོག་པོར་བྱེད་པའི་དཔལ་ལྡན་པར། །བསོད་ནམས་དཔུང་པ་མངོན་མཐོ་ཞིང་། །གང་གི་ཤེས་རབ་སྟོབས་རྩལ་གྱིས། །མེས་པོའི་བློ་གྲོས་ནམ་མཁའ་ཡང་། །དོག་པོར་བྱེད་པའི་མི་ཡི་བདག །མཧཱ་ཕ་ལ་ཞེས་གྲགས་པའི། །མིང་གིས་འཇིག་རྟེན་ཟིལ་གནོན་ཅིང་། །དྷ་རྨ་རཱ་ཛའི་ཕོ་ཉ་ཡང་། །འབྲོས་པར་སྙམ་པའི་གཟི་བརྗིད་ཅན། །དེ་ཡིས་ལེགས་པར་སྐྱོང་བ་ན། །གཏོང་བ་ལ་གོམས་འབྱོར་པའི་དབྱིག །ངལ་བསོས་བུས་ཀྱང་འགྲན་པ་ཡི། །ནུས་པས་དབེན་པར་བྱེད་པ་ཅན། །བང་མཛོད་དུ་མའི་དབང་ཕྱུག་ཅན། །རིགས་བཟང་བྲམ་ཟེ་ཆེན་པོ་ཡི། །ཡིད་ཀྱི་དཔལ་འཛིན་དགའ་མ་ཡི། །ལྷུམས་སུ་སྲིད་པ་ཉེར་བཟུང་ཞིང་། །བཙས་པའི་དུས་ལ་བབས་པ་ན། །ཡ་མཚན་ཆོ་འཕྲུལ་བཀོད་པའི་སྤྲིན། །ཟས་གཙང་སྲས་པོའི་རྣམ་ཐར་བཞིན། །ཡོངས་སུ་འཕེལ་བར་གྱུར་དང་བཅས། །ཞེས་སོགས་གསུངས་པ་ལྟར། རྣམ་ཐར་རྒྱས་པ་ནི། བྲམ་ཟེའི་རིགས་སཱ་ལ་ཆེན་པོ་ལྟ་བུར་སྐུ་བལྟམས་པ་དང་། རིག་པའི་གནས་ཀུན་ལ་སྦྱངས་ཤིང་མཁས་པར་གྱུར་པ། རབ་ཏུ་བྱུང་བའི་བསླབ་པ་བླངས་ནས་ཚངས་པ་མཚུངས་པར་སྤྱད་པ། ནཱ་ལེནྡྲའི་མཁན་པོ་མཛད་ཅིང་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པའི་མཛད་པ་བསྐྱངས་ཏེ་མཐར་འཕགས་པ་ཀླུ་སྒྲུབ་ལ་བསྟན་པ་གཏད་པ། ཐབས་མཆོག་རྡོ་རྗེ་ཐེག་པའི་མན་ངག་ལ་བརྟེན་ནས་མཐར་ཐུག་མཆོག་གི་དངོས་གྲུབ་བརྙེས་པ། གྲུབ་པའི་ཆོ་འཕྲུལ་གྱི་བཀོད་པ་ཆེན་པོས་རྒྱལ་པོ་དང་བྲམ་ཟེ་སོགས་དད་པ་ལ་བཀོད་པ། མི་ཡུལ་དུ་མཛད་པ་མཐར་ཕྱིན་ཏེ་དོ་ཧ་སྐོར་གསུམ་གྱིས་རྒྱལ་པོ་དང་། བཙུན་མོ། འབངས་བཅས་མཁའ་སྤྱོད་དུ་གྲོལ་བར་མཛད་ནས་མཐར་སྐྱེ་འཆི་མེད་པའི་རྡོ་རྗེའི་སྐུ་དྭངས་མའི་འོད་སྐུར་གཤེགས་པ་བཅས་སྐབས་བདུན་པ་ལས་བརྩམས་པའི་ཚིགས་སུ་བཅད་པ་བརྒྱ་དང་བཅུ་གཅིག་གི་ལམ་ནས་རྣམ་ཐར་རྒྱས་པར་མཛད་པ་ལས་རྟོགས་པར་བྱའོ།།
གཞན་ཡང་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ་ལས[2]། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དེར་སེམས་ཅན་གྱི་དོན་གྱི་ཕྱིར་ཐ་མལ་པའི་གཟུགས་བཟུང་ནས། མདའ་མཁན་གྱི་ཆ་ལུགས་ཀྱིས་ལོ་བརྒྱ་ཕྲག་འགའ་བཞུགས་ཏེ། མཚན་ནི་ས་ར་ཧ་ཞེས་གྲགས་ཏེ། ས་ར་ནི་མདའ་ཡིན་ལ། ཧ་ནི་བསྣུན་པས་ཏེ་མདའ་བསྣུན་ཞེས་བྱའོ། །དེ་ནས་ཡང་དཔལ་ན་ལེནྡྲར་འཕགས་པ་གནས་བརྟན་པའི་སྡེར་རབ་ཏུ་བྱུང་སྟེ་མཚན་ར་ཧུ་ལ་བྷ་དྲ་ཞེས་གྲགས་ཏེ། སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་སྟེ། པཎྜི་ཏའི་ཆ་ལུགས་བཟུང་ནས་མཁན་པོ་ཆེན་པོ་མཛད་ཅིང་ལོ་བརྒྱ་ཕྲག་བཞུགས་པ་ཡིན་ནོ། །དེ་ནས་རབ་ཏུ་བྱུང་བའི་རྟགས་དོར་ནས་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་ཆེན་པོར་ཁས་བླངས་ནས་སེམས་ཅན་གྱི་དོན་མཛད་ཅིང་ལོ་བརྒྱ་ཕྲག་འགའ་བཞུགས་པ་ཡིན་ནོ། །ཐམས་ཅད་བསྡོམས་པས་འཛམ་བུའི་གླིང་དུ་ལོ་བརྒྱ་ཕྲག་བཅུ་གཉིས་བཞུགས། དེ་ཕྱག་རྒྱ་ཆེན་པོར་བཞུད་དོ་གསུང་ངོ་།།
བླ་མ་ཁ་ཅིག་གིས་ཞག་གསུམ་ན་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོར་བཞུད་པ་དེའི་ཚེ། བས་མཐའ་གཅིག་ན་ཡི་དྭགས་མང་པོ་ངུ་ཞིང་འདུག་པ་གཟིགས་ཏེ། ཡི་དྭགས་རྣམས་ལ་ཅིའི་ཕྱིར་ངུ་ཞེས་དྲིས་སོ། །ཡི་དྭགས་རྣམས་ཀྱིས་བརྗོད་པ་རྣལ་འབྱོར་གྱི་དབང་ཕྱུག་ད་སྟེ་ཞག་གསུམ་ན་ཕྱག་རྒྱ་ཆེན་པོར་གཤེགས་ཏེ་ངུ་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོར་འགྲོ་བ་ལ་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། ཡི་དྭགས་རྣམས་ཀྱིས་བརྗོད་པ། ཁྱེད་ལུས་བོར་བར་གྱུར་ན། དེའི་སྤུར་སྦྱོར་བའི་དུད་པ་བདག་ཅག་ལ་ཕོག་ན་བདག་ཅག་ཡི་དྭགས་ཀྱི་འཇིག་རྟེན་ལས་ཐར་བར་འགྱུར་བ་ལས། ད་ཁྱོད་ལུས་མི་འདོར་བས་ཡི་དྭགས་ལས་མི་ཐར་བར་འགྱུར་བའི་ཕྱིར་ངུའོ་ཞེས་ཟེར་རོ། །དེ་ནས་སློབ་དཔོན་ཐུགས་རྗེ་སྐྱེས་ཏེ་སློབ་མའི་ཚོགས་རྣམས་བསྡུས་ནས། ང་ནི་ཞག་གསུམ་ན་ཕྱག་རྒྱ་ཆེན་པོར་འགྲོ་བ་ལས་ཡི་དྭགས་ཀྱི་དོན་དུ་ལུས་གཏང་སྟེ། ཁྱེད་ཀྱི་ཤིང་ཁུར་རློན་པ་དུ་མ་བསྡུས་ལ་ལུས་སྦྱོངས་ཤིག །ཅེས་གསུངས་སོ། །དེ་ནས་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་ཀྱི་ཡི་དྭགས་ཐམས་ཅད་བསྡུས་ཏེ་སྤུར་སྦྱངས་པའི་དུད་པ་ལ་སྡོད་དུ་བཅུག་པས་འཇིག་རྟེན་གྱི་ཁམས་ཀྱི་ཡི་དྭགས་ཐམས་ཅད་གྲོང་སྟོངས་ཏེ། ལྷའི་འཇིག་རྟེན་དུ་སྐྱེས་སོ་ཞེས་གྲག་གོ །དེའང་དོ་ཧའི་མཇུག་ནས། དེ་བས།
བདག་ཉིད་བོར་བར་བྱས་ན་རུང་། །
ཞེས་བྱ་བའི་དོན་ཡང་འདི་ཡིན་ཞེས་གསུངས་སོ། །སློབ་དཔོན་བྲམ་ཟེ་ས་ར་ཧ་ཆེན་པོའི་ལོ་རྒྱུས་སོ། །ཞེས་མཚན་གྱི་དོན་དང་། སྐུ་ཚེ་ཇི་ཙམ་བཞུགས་པ། མཐར་ཇི་ལྟར་གཤེགས་པ་སོགས་ཞལ་གསལ་དུ་བྱུང་ངོ་།།
བྲམ་ཟེ་སྒྲ་གཅན་འཛིན་དུས་ནམ་ཞིག་བྱོན་མིན་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[3]། གཉིས་པ་ཐེག་ཆེན་གྱི་བསྟན་པ་དར་ཚུལ་ནི། རབ་དབྱེ་ལས།
དེ་ནི་ཉན་ཐོས་རྣམས་ཀྱི་ཡིན། །ཐེག་པ་ཆེན་པོའི་བསྟན་པ་ནི། །
ཤིན་ཏུ་དར་བར་གྱུར་པའི་ཚེ། །
ཞེས་པ་ལྟར། བཀའ་བསྡུ་གསུམ་པ་ཡན་ཆད་ནི། ཉན་ཐོས་ཀྱི་བསྟན་པ་ཤིན་ཏུ་དར་བ་ཡིན་ལ། ཐེག་ཆེན་གྱི་བསྟན་པ་སྟོན་པ་འདས་ནས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་འཁྲུག་ལོང་གི་སྐབས་སུ་ནུབ་པ་ལྟ་བུར་གྱུར་པའི་ཚེ། འདས་ལོ་ནས་ལོ་སུམ་བརྒྱ་ལོན་པ་ས་ཕོ་བྱི་བའི་ལོར་ (ཕྱི་ལོའི་སྔོན་གྱི་ལོ་ 1833) བྲམ་ཟེ་ཆེན་པོ་ས་ར་ཧ་བྱོན་ཏེ། ཐེག་ཆེན་གསང་སྔགས་ཀྱི་བསྟན་པ་གཙོ་བོར་སྤེལ། ས་ར་ཧ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི་འདི་ཆེ་བ་སྟེ། གྲུབ་ཐོབ་བརྒྱད་ཅུར་གྲགས་པའི་སྤྱི་མེས་སོ། །འདིས་ལོ་སྟོང་དང་བརྒྱད་བརྒྱ་བཞུགས་པར་གྲགས་སོ། །ཞེས་དང་། དེ་བཞིན་ནཱ་ལེནྡྲར་ཇི་ལྟར་རབ་ཏུ་བྱུང་ཚུལ་སོགས་ནི། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-?) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[4]། དེའི་ཐོག་ཏུ་རྒྱལ་པོ་ཙནྡ་སྐྱོང་ཞེས་བྱ་བས་ཉི་འོག་གི་རྒྱལ་ཁམས་སྐྱོང་བ་བྱུང་སྟེ། རྒྱལ་པོ་སྲིད་ལོ་བརྒྱ་ཉི་ཤུ་ཙམ་བསྐྱངས། ལོ་ཕྱེད་དང་ཉིས་བརྒྱ་ཐུབ་པར་གྲགས། ལྷ་ཁང་དང་དགེ་འདུན་མཆོད་པ་ཙམ་ལས་གཏམ་གཞན་མི་སྣང་། རྒྱལ་པོ་དེའི་དུས་སུ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ནཱ་ལེནྡྲར་བྱོན་ཏེ། བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ནས་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་མདོ་རྒྱུད་རྣམས་གསན་ཏེ་དབུ་མའི་ཚུལ་ལུགས་དར་བར་མཛད། ཅེས་གསུངས་པ་ལྟར་བཙུན་པ་སྒྲ་གཅན་འཛིན་འོད་ལས་རབ་ཏུ་བྱུང་བ་དང་། བཙུན་པ་ནག་པོ་ལས་རབ་ཏུ་བྱུང་བ་གསུང་ཚུལ་གཉིས་བྱུང་སྟེ། ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་མཛད་པའི་སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་གྱི་རྣམ་ཐར་ལས[5]། དེ་ནས་ཡུལ་དབུས་སུ་བྱོན། གནས་བརྟན་ནག་པོ་ཞེས་པ་ལས་རབ་ཏུ་བྱུང་། མཚན་སྒྲ་གཅན་འཛིན་དུ་བཏགས། གནས་བརྟན་ནག་པོའི་མཁན་པོ་བཙུན་པ་རྟ་སྐད་དང་། དེའི་ཡང་མཁན་པོ་ཉེར་སྦས་ཡིན་ཞེས་འཕགས་ཡུལ་གྱི་སློབ་དཔོན་རྣམས་གསུངས་མོད་མཁན་བརྒྱུད་རྙིང་པ་འདི་དག་བརྟག་པར་དཀའ་ཞིང་བདག་གི་བླ་མས་རྒྱ་ཡུལ་དུ་ཧྭ་ཤང་མཁས་པ་རྣམས་ལ་མཁན་བརྒྱུད་དྲིས་པར་ཡང་དེ་བཞིན་ཞུས་འདུག །གང་ལྟར་ཡང་། བོད་རྣམས་ཀྱིས་སྒྲ་གཅན་འཛིན་གཉིས་ཞེས་སྨྲ་བ་ལས་ནི་འདི་རང་དྲག་པར་མངོན། ནཱ་ལནྡའི་མཁན་པོ་མཛད། དུས་འདིར་ཐེག་ཆེན་གྱི་མདོ་རྣམས་དར་རྒྱས་སུ་གྱུར། ཞེས་གསུངས་པ་ལྟར། མཚན་འདོགས་ལུགས་ཀྱི་ཆ་ནས་སྒྲ་གཅན་འཛིན་འོད་ལས་རབ་ཏུ་བྱུང་བས། སྒྲ་གཅན་འཛིན་བཟང་པོ་ཞེས་མཚན་གསོལ་བ་འདི་ཉིད་དག་པར་སེམས་སོ།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་དམར་མཆན་འགྲེལ་ལས[6]། མཁན་པོ་སྒྲ་གཅན་འཛིན་བཟང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་བསྙེན་རྫོགས་མཁན་པོ་རྒྱ་གར་སྐད་དུ་ར་ཧཱུ་ལ་ཤྲཱི་བྷ་དྲ་ཞེས་ཞུ་བ་དེ་ཡིན། སྤྱིར་རྒྱ་གར་དུ་མཚན་དེ་འདྲ་ཐོགས་པའི་སློབ་དཔོན་འགའ་ཞིག་བྱུང་ཡོད་ཅེས་དང་། ཡང་དེ་ཉིད་ལས[7]། སློབ་དཔོན་ས་ར་ཧ། སློབ་དཔོན་སྒྲ་གཅན་འཛིན་ཡང་ཟེར། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བའི་བླ་མ་ཡིན་པས་དུས་རབས་དང་པོའི་གོང་ཙམ་དུ་བྱུང་བ་ཡིན་འདྲ། སློབ་དཔོན་འདིའི་འཁྲུངས་ཡུལ་ནི། ལོ་རྒྱུས་འགའ་ཞིག་ན། རྒྱ་གར་ལྷོ་ཕྱོགས་བེ་རྡབྷ་ཡིན་ཟེར་བ་དང༌། འགའ་ཞིག་གིས་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་ར་དྷི་ཞེས་བྱ་བ་ཡིན་ཟེར། གང་ལྟར་ཕ་མ་གཉིས་ཀ་བྲམ་ཟེའི་ཆོས་ལུགས་པ་ཡིན་ཀྱང་། རང་ཉིད་སངས་རྒྱས་ཆོས་ལུགས་ལ་དད་པ་སྐྱེས་ནས་ཉིན་མོ་བྲམ་ཟེའི་ཆོས་ལུགས་དང༌། མཚན་མོ་སངས་རྒྱས་ཆོས་ལུགས་བྱས། སྐབས་རེར་ཆང་ཡང་འཐུང་བས་བྲམ་ཟེ་རྣམས་ཆོས་ལུགས་དང་འགལ་བར་བརྩིས་ནས་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་གནས་ནས་བསྐྲད། དེ་ནས་སངས་རྒྱས་ཆོས་ལུགས་ལ་རབ་ཏུ་བྱུང་ནས་ནཱ་ལེན་དྲ་དགོན་པར་བྱོན། སློབ་དཔོན་སྒྲ་གཅན་འཛིན་འོད་བྱ་བ་སོགས་སློབ་དཔོན་མཁས་པ་མང་པོ་བསྟེན་ནས་ཐེག་པ་ཆེ་ཆུང་གི་ཆོས་དང༌། གཙོ་བོར་གསང་སྔགས་ཀྱི་ཆོས་གསན། དེ་ནས་གསང་སྔགས་ཀྱི་ལམ་ལ་བསྟེན་ནས་རྟོགས་པ་མཐོན་པོར་སོང་སྟེ་མདའ་མཁན་གྱི་བུ་མོ་ཕྱག་རྒྱར་བསྟེན་ཏེ་སྤྱོད་པ་ལ་གཤེགས། སྐུ་ཚེའི་སྨད་དུ་ལྷོ་ཕྱོགས་དཔལ་གྱི་རིར་བྱོན་ནས། དེར་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ནས་སློབ་དཔོན་ཀླུ་སྒྲུབ་སོགས་སློབ་མ་འགའ་ཞིག་བྱུང་། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རིན་པོ་ཆེའི་འབྱུང་གནས་སུ་གསལ་ལོ།།

༼གྲུབ་ཆེན་ས་ར་ཧ་སྟེ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཆེ་བ།༽
དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[8]། དེ་ཡང་སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་ཞེས་བྱ་བ་ཡུལ་ཨོ་ཌི་བི་ཤར་འཁྲུངས། རིགས་ནི་བྲམ་ཟེ། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང་། རིག་པའི་གནས་བཅོ་བརྒྱད། བརྟག་པ་བརྒྱད་ལ་སོགས་པ་ཐམས་ཅད་ལ་མཁས་པར་གྱུར། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་གསང་ཚིག་ཀློག་པར་བྱེད་ཅིང་ཡོད་པ་ལས། རྡོ་རྗེ་རྣལ་འབྱོར་མ་ཆང་འཚོང་མའི་གཟུགས་ཀྱིས་འོངས་ནས། སློབ་དཔོན་ལ་དོན་དམ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་མྱོས་བྱེད་དུ་སྣང་བ་དག་ཡང་དང་ཡང་དུ་སྩལ་བས་རྣམ་པར་རྟོག་པ་མེད་པར་གསོལ་བ་ན། ནང་དུ་ཏིང་ངེ་འཛིན་མཆོག་བརྙེས་ཀྱང་བྲམ་ཟེའི་རིགས་ཉམས་པར་བྱས་ཞེས་གྲགས་པ་ངན་པ་བྱུང་། དེར་བྲམ་ཟེ་རྣམས་ཀྱིས་དམའ་དབབ་པར་འདོད་པ་ལ། སློབ་དཔོན་ནི་ནང་གི་རྣལ་འབྱོར་གྱི་མཐུས་ནུས་པ་རྙེད་པ་ཡིན་པས་བྲམ་ཟེ་རྣམས་ལ་ཆང་སྐྱུག་པའི་སྦྱོར་བ་མཛད། རྡོ་ཆེན་པོ་མཚོའི་སྟེང་དུ་འཕངས་ཏེ། གལ་ཏེ་ངས་ཆང་འཐུངས་ན་རྡོ་འདི་བྱིང་བར་གྱུར་ཅིག །ཅི་སྟེ་ཁྱེད་རྣམས་ཀྱིས་འཐུངས་ལ་ངས་མ་འཐུངས་ན་འཕྱོ་བར་གྱུར་ཅིག །ཅེས་གསུངས་པས་ཆུའི་སྟེང་དུ་འཕྱོ་བར་གྱུར་ཏོ། །དེར་བྲམ་ཟེ་རྣམས་ནུས་པས་ཚར་བཅད། ཡུལ་དབུས་སུ་སོང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་། རིམ་གྱིས་དགེ་སློང་སྡེ་སྣོད་གསུམ་པ་ཆེས་མཆོག་ཏུ་གྱུར་ཏོ། །སློབ་དཔོན་འདིའི་མཁན་པོ་ནི་གནས་བརྟན་ནག་པོ་ཞེས་བྱ་བ་ཡིན། དེའི་མཁན་པོ་བཙུན་པ་རྟ་སྐད་ཅེས་བྱ། དེའི་ཡང་མཁན་པོ་ཉེར་སྦས་ཡིན་ཞེས་བླ་མ་གསུངས་ཀྱང་མཁན་བརྒྱུད་རྙིང་པ་འདི་དག་བརྟག་པར་དཀའ་འོ། །བོད་ཀྱི་སྡོམ་རྒྱུན་ལ་ནི་སྲས་སྒྲ་གཅན་འཛིན་གྱི་དངོས་ཀྱི་སློབ་མ་ཡིན་པར་གྲགས་ནའང་། དཔྱད་པ་མེད་པར་བཞག་ན་ལེགས་སོ།།
དེ་ནས་ནཱ་ལནྡཱའི་མཁན་པོར་གྱུར། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་ཐེག་པ་ཆེན་པོའི་མདོ་སྡེ་ཆེས་དར་རྒྱས་སུ་བྱུང་བ་ཡང་སློབ་དཔོན་འདིའི་དུས་ཡིན་པར་གྲགས། དེ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བར་དགོངས་ཏེ། ཐུགས་མཚན་མ་མེད་པའི་ཏིང་ངེ་འཛིན་ལས་མ་གཡོས་བཞིན་དུ་ཡུལ་སྣ་ཚོགས་སུ་རྒྱུ་བ་ན་མཐར་གྱིས་ལྷོ་ཕྱོགས་མ་ར་ཧ་ཊ་ཞེས་བྱ་བར་བདག་ཉིད་ཀྱི་རྒྱུད་གྲོལ་བར་བྱེད་པ་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་ཅན་ཞིག་གཟིགས་ཏེ། དེའི་མདའ་སྲོང་བ་ལ་སོགས་པས་ཀྱང་གནས་ལུགས་ཀྱི་དོན་བརྡ་ཐབས་ཀྱིས་མཚོན་ནས་ངོ་སྤྲད་པ་བཞིན་དུ་གྱུར་ཏེ་ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་། མདའ་མཁན་གྱི་བུ་མོ་དེ་ཉིད་ཕྱག་རྒྱར་ཁྲིད་ནས་ཡུལ་སྣ་ཚོགས་སུ་སྤྱོད་ཅིང་མདའ་བཟོ་བའི་བྱ་བ་མཛད། ཡེ་ཤེས་གོང་ནས་གོང་དུ་འཕེལ་བས་མཚན་ཡང་ས་ར་ཧ་སྟེ་མདའ་བསྣུན་ཞེས་གྲགས། སྔོན་དགེ་འདུན་ཐམས་ཅད་ཀྱི་གནས་བརྟན་ཡིན་པས་ཧ་ཅང་ཡང་མ་རིགས་ཏེ། རྒྱལ་པོ་ལ་སོགས་པ་སྐྱེ་བོ་མཐའ་ཡས་པ་ཞིག་གིས་བལྟ་བར་འོངས་ཤིང་འཕྱས་པས། སློབ་དཔོན་མདའ་སྲོང་བཞིན་དུ། ཀྱེ་ལགས་ང་ནི་བྲམ་ཟེ་སྟེ། །སྨིག་མཁན་མོ་དང་ལྷན་ཅིག་སྤྱོད། །རིགས་དང་རིགས་མིན་ངས་མ་མཐོང༌། །དགེ་སློང་མགོ་བྲེག་བརྟུལ་ཞུགས་འཛིན། །ཆུང་མར་བཅས་ཏེ་ལྷན་ཅིག་རྒྱུ། །ཆགས་དང་ཆགས་བྲལ་དབྱེར་ཡོད་མིན། །མི་གཙང་འདིར་ནི་རྣམ་རྟོག་སྟེ། །འདི་ལྟ་གཞན་གྱིས་མི་ཤེས་སོ། །སྦྲུལ་གདུག་ལྟ་བུའི་སྐྱེ་བོ་ནི། །ཞེས་སོགས་དོ་ཧ་རྡོ་རྗེའི་གླུ་མང་དུ་བླངས་པས་རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔ་ནི་གནས་ལུགས་ཀྱི་དོན་མངོན་སུམ་དུ་མཐོང་། ལུས་ཀྱང་རིག་པ་འཛིན་པར་གྱུར་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་མཐར་གྱིས་མི་སྣང་བར་གྱུར་སྐད། གཞན་ཡང་ཕྱག་རྒྱ་ཆེན་པོ་སེམས་རྣལ་དུ་མཚོན་པ་ནི་བརྒྱ་སྟོང་དུ་མ་ཞིག་བྱུང་བས་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་པར་གྱུར། འགྲོ་བ་མང་པོའི་དོན་མཛད་ནས་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་གསུང་། འདི་ནི་བོད་རྣམས་དང་མཐུན་པར་བྱས་པ་ཡིན། ཕྱིས་སངས་རྒྱས་ཐོད་པའི་ཟིན་བྲིས་རྒྱ་དཔེ་འཐོར་བ་གཅིག་ན། བར་དུ་རབ་ཏུ་བྱུང་བའི་སྐོར་དེ་མེད་ཅིང་། བྲམ་ཟེ་སྒྲ་གཅན་འཛིན་དང་། གནས་བརྟན་སྒྲ་གཅན་འཛིན་ཐ་དད་པར་འདོད་པའང་སྣང་[9]། མི་ཉག་ལོ་ཙཱ་བའང་དེ་བཞིན་འདོད་པར་མངོན་ཏེ་དེ་དངོས་མི་འཐད་རྒྱུའང་མེད་དོ། །ཞེས་གསལ་བ་ལྟར་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་སོ།།
དེ་བཞིན་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ (1870/1871-1921/1922) མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་རྣམ་པར་ཐར་པ་ལ་བསྔགས་པ་བརྗོད་པའི་ཚིགས་སུ་བཅད་པ་ཨེ་ཝཾ་ཕྱག་རྒྱའི་ཟློས་གར་བདེ་ཆེན་བཞད་པའི་གླུ་དབྱངས་ལས[10]། ལམ་གྱི་ཐེམ་སྐས་ལ་འཛེགས་ཏེ། །ཐར་མཆོག་རྩེ་མོར་འགྲོ་བའི་སླད། །བཅུ་ཕྲག་རིག་པ་སྨྲ་རྣམས་དང་། །མཚམས་སྤྲིན་གསར་པའི་དཔལ་འགོང་བའི། །འཕགས་མཆོག་འདུས་པས་གང་བ་ཡི། །ནཱ་ལེནྡྲ་ཡི་གཙུག་ལག་ཏུ། །མཁན་པོ་སྒྲ་གཅན་འཛིན་བཟང་པོའི། །སྤྱན་སྔར་གང་གི་ལན་བུ་ཡང་། །མིག་སྨན་ཚོན་གྱིས་བྱུག་པ་བཞིན། །སྣུམ་ཞིང་རིང་པོར་འཕྱང་བ་ཅན། །གསེར་གྱི་སྤུ་གྲིས་བཅད་པར་བྱས། །དེ་བཞིན་དཀར་བའི་རས་ཀྱི་གོས། །ཞེས་སོགས་གསུངས་པ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[11]ཀྱང་། རྒྱལ་པོ་ (ཙནྡན་སྐྱོང་) དེ་རྒྱལ་སྲིད་དུ་འཁོད་པའི་དུས་ཙམ་ན། སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ན་ལེནྡྲར་བྱོན་ཏེ། དེ་ཡང་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན། ཁ་ཅིག་ཏུ་བཙུན་པ་སྒྲ་གཅན་འཛིན་འོད་བྱ་བ་ལས་བསྙེན་པར་རྫོགས། དེའི་མཁན་པོ་ནག་པོ་ཡིན་ཡང་ཟེར་ཏེ། འདིའི་ནག་པོ་ནི་གཏད་རབས་[12]ཀྱི་དེ་མིན་ནོ། །སློབ་དཔོན་རྣམ་པར་མི་རྟོག་པ་ལ་སོགས་པ་སློབ་དཔོན་འགའ་ལས་ཐེག་པ་ཆེན་པོའི་ཆོས་ཀྱང་གསན་མོད་ཀྱི། གཙོ་བོར་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་གསན་ཏེ། དབུ་མའི་ཚུལ་ལུགས་དར་བར་མཛད་དོ། །ཞེས་དང་། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (1002/1012-1097/1100) མཆོག་གིས་མཛད་པའི་བཀའ་བབས་བྱིན་བརྒྱུད་ལས[13]། གྲུབ་བརྒྱའི་སྤྱི་མེས་ས་ར་ཧ་པ་ནི། ཡང་དེའི་ཚེ་ཡུལ་རཱ་དྷཱ་ན། བྲམ་ཟེ་ཞིག་ལ་སྲས་སྒྲའི་བསྟན་བཅོས་དང་རིག་པའི་གནས་མང་པོ་ལ་ལེགས་པར་སྦྱངས་ཤིང་མཁས་པ་བཞི་ཡོད་པ་ལས། དེའི་ནང་ནས་སློབ་དཔོན་འདི་ནི་མཁའ་འགྲོའི་སྲས་ཡིན་པས་དཔའ་བོ་ཡིན་ཏེ། བསྟན་པ་ལ་དད་ནས་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་། མཚན་ཡང་སྒྲ་གཅན་འཛིན་བཟང་པོར་གསོལ། མཚན་ཉིད་ཀྱི་སྡེ་སྣོད་ལ་ལེགས་པར་སྦྱངས་པའི་པཎྜི་ཏ་མཁས་པ་ཆེན་པོར་གྱུར། དཔལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་མཁན་པོ་མཛད། ཅེས་རིང་བརྒྱུད་བཀའ་བཞི་བླ་མའི་རྣམ་ཐར་ལས། ཆོས་རྒྱལ་ཨིནྡྲ་བོ་དྷི་དང་། རྒྱལ་པོ་བྷི་སུ་ཀལྤ། གྲུབ་བརྒྱའི་སྤྱི་མེས་ས་ར་ཧ་པའི་རྣམ་ཐར་བཅས་གོ་རིམ་བཞིན་བཀོད་པ་བཅས་ལ་གཞིགས་ན་བཞེད་པ་མི་མཐུན་པ་དང་། དཔྱད་དགོས་པའི་གནད་འགའ་ཞིག་སྣང་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[14]། དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེའི་རིང་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་སོ། །ཞེས་གསལ་བ་ལྟར་ཐེག་པ་ཆེན་པོའི་སྙན་པ་འཕེལ་བའི་སྐབས་དེར་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་པོ་རྣམས་ཀྱིས་ཐེག་པ་ཆེན་པོའི་བསྟན་པ་རྒྱ་ཆེར་སྤེལ་བའོ།།
དེ་བཞིན་བསྟན་འཛིན་ལུང་རྟོགས་ཉི་མ་ (1974-?) མཆོག་གིས་བརྩམས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་[15]ཀྱང་། དེའི་མཁན་བུ་[16]བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨོ་ཊི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང་། རིག་པའི་གནས་བཅོ་བརྒྱད་སོགས་ལ་མཁས་པས་བྲམ་ཟེའི་ཁྱེའུ་རྣམས་ལ་གསང་ཚིག་ཀློག་ཅིང་གནས་པ་ལས། ནམ་ཞིག་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ནང་གི་ནུས་པ་རྙེད། དེའི་ཚེ་བྲམ་ཟེ་རྣམས་ཀྱིས་མྱོས་བྱེད་གསོལ་བ་ལ་བརྟེན་ནས་དམའ་དབབ་པར་འདོད་པ་ཐམས་ཅད་ཚར་བཅད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིང་པོར་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་སར་གཙུག་ལག་ཁང་བརྩིགས་པ་ནཱ་ལེནྡྲར་གྲགས་པའི་ཆོས་སྡེ་ཆེན་པོའི་མཁན་པོ་མཛད་ནས་བསྟན་པ་ཆེས་ཆེར་རྒྱས་པར་མཛད། ཅེས་གསལ་བ་ལྟར་བྲམ་ཟེ་སྒྲ་གཅན་འཛིན་གྱིས་དཔལ་ནཱ་ལེནྡྲའི་ཆོས་སྡེ་ཆེན་པོའི་མཁན་པོའི་མཛད་འཁུར་ཡང་བཞེས་ཏེ་བསྟན་པ་གསལ་བར་མཛད་ཚུལ་གསུངས་པས་ན་དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནི་གྲུབ་ཆེན་འདི་ཉིད་ཀྱི་སྐུ་དུས་ནས་ཆོས་སྡེ་ཆེན་པོར་གྱུར་ཟིན་པ་ཞིག་གོ །དེ་ལྟར་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་ནཱ་ལེནྡྲ་རྒྱས་པར་མཛད་ཚུལ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[17]།
གྲུབ་པའི་སྤྱི་མེས་སྒྲ་གཅན་འཛིན་ཞབས་ཀྱིས། །
ཐེག་མཆོག་དབུ་མའི་ཚུལ་ལུགས་ཐོག་མར་གསལ། །
དེ་ཙམ་ན་གྲུབ་པ་ཡོངས་ཀྱི་སྤྱི་མེས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་བཙུན་པ་ནག་པོ་བྱ་བ་ཞིག་ལས་བསྙེན་པར་རྫོགས། རྣམ་པར་མི་རྟོག་པ་སོགས་སློབ་དཔོན་མང་པོ་དང༌། གསང་བའི་བདག་པོ་སོགས་ལྷག་པའི་ལྷ་མང་པོ་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསན་ནས་ནཱ་ལནྡར་ཆོས་བསྟན་ཏེ་ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་ཐོག་མར་ཡོངས་སུ་གསལ་བར་མཛད། འདི་སྐབས་བཙུན་པ་ཀ་མ་ལ་གརྦྷ་སོགས་དབུ་མའི་སྲོལ་འཛིན་པའི་སློབ་དཔོན་བརྒྱད་ཙམ་བྱུང་བ་ལས། བཙུན་པ་ཆེན་པོ་པྲ་ཀཱ་ཤ་དྷརྨ་མ་ཎི་ཞེས་བྱ་བ་འཕགས་པ་སྒྲིབ་སེལ་ལས་དངོས་སུ་ཆོས་མནོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེས་ས་འོག་གི་འཇིག་རྟེན་ནས་འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལེའུ་སྟོང་ཡོད་པ་སྤྱན་དྲངས་སོ། །ཞེས་གསུངས་ལ། དེ་བཞིན་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[18]།
མདའ་བསྣུན་ཞབས་སོགས་གྲུབ་པ་ཆེ་རྣམས་ཀྱིས། །
ཡོངས་སུ་བསྟེན་པའི་གནས་དེ་ལ་ཕྱག་འཚལ། །
ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་རྟོགས་པ་བརྗོད་པ་ལས[19]། འཕགས་པ་ཤཱ་རིའི་བུ་གང་དུ་འཁྲུངས་པའི་ཡུལ་ནི་གྲོང་ན་ལ་ད་ཞེས་བྱ་བ་ཡིན་ལ། བྲམ་ཟེའི་ཡུལ་གྲོང་ན་ལ་ད་ཞེས་བྱ་བ་དེར་དགེ་འདུན་གྱི་སྡེ་ཆགས་ནས་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བཟང་པོ་དང་། བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་མཁས་གྲུབ་བགྲང་བ་ལས་འདས་པ་བྱོན་པས་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ནཱ་ལེནྡྲ་ཞེས་གྲགས་པ་དེ་བྱུང་བར་སྔོན་གྱི་ཆོས་འབྱུང་ཡིག་རྙིང་དག་ལས་འབྱུང་ངོ་། །ཞེས་གསལ་བར་བྱུང་ངོ་།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[20]ཀྱང་། རྗེ་བཙུན་ས་ར་ཧ། གྲུབ་ཆེན་ས་ར་ཧ་པའམ་མདའ་བསྣུན་པ་ནི་རྒྱ་གར་གྲུབ་ཐོབ་ཐམས་ཅད་ཀྱི་བགྲེས་ཤོས་གྲུབ་ཆེན་སྤྱིའི་མེས་པོ་ལྟ་བུ་ཡིན། དོ་ཧ་སྐོར་གསུམ་[21]མགུར་དུ་བཞེས་ཏེ་རྒྱལ་པོ་རཏྣ་པ་ལ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། སྐུ་ལུས་དེ་ཉིད་མཆལ་སྤྱིལ་དུ་གཤེགས་པ་རེད་ཅེས་ཤོད་སྲོལ་སྣང་། ཞེས་གསུངས་པ་ལྟར། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱིའི་རྣམ་གཞག་ལས་འཕྲོས་པའི་དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་ལས་[22]ཀྱང་། སངས་རྒྱས་མྱ་ངན་ལས་འདས་ནས་མི་རིང་བར་དཔལ་ས་ར་ཧ་ཆེན་པོས་ཐོག་མར་ཨེནྡྲའི་ (ན་ལེནྡྲའི་) དགེ་འདུན་གྱི་སྡེ་སྐྱོང་བར་མཛད། ཕྱིས་རིམ་གཉིས་ལ་བརྟན་པ་ཐོབ། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ནས་ངེས་དོན་གྱི་ཆོས་འཁོར་བསྐོར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་རྗེས་སུ་བཟུང་སྟེ། རྡོ་རྗེ་ཐེག་པའི་བསྟན་པ་དར་བའི་འགོ་བརྩམས། ཞེས་དཔལ་ས་ར་ཧའམ་གྲུབ་ཆེན་མདའ་སྣུན་ཞེས་སུ་གྲགས་པ་གང་གི་སྐུ་དུས་ནས་དཔལ་ནཱ་ལེནྡྲར་དགེ་འདུན་སྡེ་ཚུགས་ཟིན་པར་གསུངས་ཏེ། རིག་འཛིན་འཇིགས་མེད་གླིང་པས་ (1729/1730-1798) མཛད་པའི་རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག་ལས་[23]ཀྱང་། དེ་ནས་རབ་ཏུ་བྱུང་བ་ནི་བསྟན་པ་ཐམས་ཅད་ཀྱི་རྩ་བའོ་སྙམ་དུ་ཤྲཱི་ནཱ་ལེནྡྲར་བྱོན། འཕགས་པ་གནས་བརྟན་པའི་སྡེ་ལས་རབ་ཏུ་བྱུང་། དགེ་སློང་གི་དངོས་པོར་བསྒྲུབས་ནས་སྡེ་སྣོད་གསུམ་ལ་ཆེས་མཆོག་ཏུ་གྱུར། གནས་དེ་ཉིད་དུ་དམ་པའི་ཆོས་འདུལ་བ་སྨྲ་བའི་མཁན་པོར་གྱུར་པར་གྲགས་ནའང་། ཐེག་པ་ཆེན་པོའི་མདོ་སྡེ་དར་རྒྱས་སུ་གྱུར་ཅིང་། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། གྲུབ་ཆེན་ས་ར་ཧ་ཉིད་རབ་ཏུ་བྱུང་ཡུལ་ཡང་ནཱ་ལེནྡྲར་ཡིན་པར་གསུངས་སོ།།
ལྷག་པར་རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[24]། དེའི་འོག་ཏུ་རྒྱལ་པོ་ཙན་དན་སྐྱོང་གིས་ལྷ་ཁང་བཞེངས་ནས་དགེ་འདུན་གྱི་སྡེ་ལ་མཆོད། དེ་ནས་ས་ར་ཧའམ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཡང་ནཱ་ལནྡ་རར་བྱོན་ཏེ། གསང་སྔགས་ཀྱི་སློབ་དཔོན་འགའ་དང༌། གསང་བའི་བདག་པོ་སོགས་ལྷག་པའི་ལྷ་ལ་མདོ་སྔགས་ཐམས་ཅད་གསན་ཅིང༌། རྡོ་རྗེ་རྣལ་འབྱོར་མས་ཀྱང་རྗེས་སུ་བཟུང་སྟེ་གྲུབ་པ་བརྙེས་ཤིང༌། དབུ་མའི་ལུགས་དར་བར་མཛད་དོ།།
འདི་དང་དུས་མཉམ་དུ་ཀ་མ་ལ་གརྦྷ་སོགས་དབུ་མའི་ཚུལ་སྟོན་པའི་སློབ་དཔོན་བརྒྱད་བྱུང༌། དེའི་ཚེ་སྒྲིབ་སེལ་གྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཞིག་གིས་འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འབུམ་ཡོད་པ་སྤྱན་དྲངས། སྔར་གྱི་སློབ་དཔོན་ལྔ་བརྒྱའི་སློབ་མ་མང་པོས་རྒྱུད་སྡེ་བཞི་ཅི་རིགས་སྤྱན་དྲངས། གཞན་ཡང་དགེ་སློང་བརྩོན་འགྲུས་ཆེན་པོ་དང༌། སངས་རྒྱས་ལྷ་དང༌། དཔལ་ལེན་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དར་བར་བྱས་ཤིང༌། ཆོས་སྐྱོང་དང༌། དབྱངས་སྒྲོགས་དང༌། དབྱིག་བཤེས་དང༌། སངས་རྒྱས་ལྷ་བཞི་སློབ་མ་དང་བཅས་པས་ཀྱང་བྱེ་སྨྲ་བའི་ལུགས་དར་བར་མཛད། དུས་འདི་ཙམ་ནས་རྒྱལ་པོ་བི་སུ་ཀལྤ་ཞེས་པ་བྱུང་སྟེ་འདུས་པ་བསྟན། བྲམ་ཟེ་ཆོས་ལྡན་ཞེས་བྱ་བས་ཀྱང་ལྷ་ཁང་བརྒྱ་རྩ་དང༌། འདུལ་བ་སྟོན་པའི་ཆོས་གཞི་བརྒྱ་རྩ་བརྒྱད་བྱས། དེའི་དུས་སུ་རྒྱལ་པོ་ཧ་ར་ཙནྡྲས་སྔགས་ལམ་ལ་བརྟེན་ནས་རིག་འཛིན་ཐོབ་བོ། །ཞེས་གསུངས་པ་ལྟར་དུང་དཀར་བློ་བཟང་འཕྲིན་ལས་དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། བསྟན་འཛིན་ལུང་རྟོགས་ཉི་མ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། རིག་འཛིན་འཇིགས་མེད་གླིང་པ། ཅོ་ནེ་གྲགས་པ་བཤད་སྒྲུབ་སོགས་བོད་ཀྱི་མཁས་གྲུབ་སྙན་གྲགས་ཅན་རྣམས་ཀྱིས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དཔལ་ནཱ་ལེནྡྲར་བྱོན་ཏེ་རབ་ཏུ་བྱུང་ཞིང་། དབུ་མའི་ཚུལ་ལུགས་ཐོག་མར་གསལ་བར་མཛད་པར་མ་ཟད། མཁན་པོ་ཡང་མཛད་པར་གསུངས་སོ།།
སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། བོད་དུ་འགྱུར་ཞིང་གྲགས་ཆེ་བ་ནི་དོ་ཧ་མཛོད། སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ། མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ། རང་བྱིན་གྱིས་བརླབས་པའི་རིམ་པ་བཅས། ལོ་ཙཱ་བ་བཻ་རོ་ཙ་ན་དང་། རྨ་བན་ཆོས་འབར་གྱིས་བསྒྱུར་བ། བསྟན་འགྱུར་སྔགས་ཕྱོགས་པོད་ ༼ཙི༽ པར་བཞུགས་པ་བཅས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མཁའ་ཁྱབ་རྡོ་རྗེའི་གསུང་འབུམ། ༼ཀ༽ དཔལ་སྤུངས་པར་མ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣ན༥
[2] གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ། པོད། ༼༡༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༤བ༣
[3] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༠༠
[4] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཇི༽ དབུ་མེད་བྲིས་མ། ཤོག་གྲངས་ ༧༧བ༦
[5] སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༨༤༠
[6] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༤༢༦
[7] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༩༥
[8] བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༨
[9] སུམ་པ་ཆོས་འབྱུང་། པོད། ༼༢༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ ༡༡༦ ཐོག་སྒྲ་གཅན་འཛིན་དང་བྲམ་ཟེ་ཆེན་པོ་ས་ར་ཧ་གཉིས་རྒྱུད་ཐ་དད་དུ་གསུངས། ཡང་མཁས་པ་ལ་ལས་མཁན་པོ་སྒྲ་གཅན་འཛིན་དེ་ཉིད་ཕྱིས་སུ་སྔགས་ཀྱི་སྤྱོད་པ་ལ་གཤེགས་པའི་སྐབས་མཚན་ལ་ས་ར་ཧ་ཞེས་ཐོགས་པས། རྒྱུད་གཅིག་པ་ལ་འགལ་བ་མེད་པར་གསུངས་སོ།།
[10] མཁའ་ཁྱབ་རྡོ་རྗེའི་གསུང་འབུམ། ༼ཀ༽ དཔལ་སྤུངས་པར་མ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༥བ༣
[11] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༨
[12] ཤེས་བྱ་ཀུན་ཁྱབ་ལས། རྒྱལ་བའི་ཚབ། །འོད་སྲུང་ཀུན་དགའ་བོ་དང་ཤ་ནའི་གོས། །ཉེར་སྦས་དྷཱི་ཏི་ཀ་དང་ནག་པོའི་ཞབས། །ལེགས་མཐོང་ཉི་མ་གུང་བསྣན་གཏད་རབས་བརྒྱད། །དགེ་སློང་སེངྒེའི་བར་དུ་བྱུང་བའང་བཤད། །ཅེས་གསལ་ལོ།།
[13] ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༠༩ ལོ། ཤོག་ ༩
[14] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༩༡
[15] སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༠༠
[16] མཁན་བུ། རང་ལ་སྡོམ་པ་གནང་མཁན་དེ་ནི་མཁན་པོ་ཡིན་ཅིང་། མཁན་པོ་དེ་ནས་བརྒྱུད་པའི་མཁན་ཐོག་གཉིས་པ་དེ་མཁན་པོ་དེའི་བརྒྱུད་འཛིན་བུ་སློབ་ཡིན་པས་མཁན་བུ་ཞེས་ཐོགས་པ་ཡིན། (ཚིག་མཛོད་མུན་སེལ་སྒྲོན་མེ། ཐེ་ཝན་དེབ་གཟུགས། ༢༠༠༩ ལོ། ཤོག་གྲངས་ ༩༣)
[17] ཤེས་བྱ་ཀུན་ཁྱབ། ༼ཨོཾ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༤
[18] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།
[19] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༥
[20] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༠༨
[21] དོ་ཧ་གསུམ་ནི། གྲུབ་ཆེན་ས་ར་ཧ་པ་དགྱེས་པའི་གླུ་སྟེ། རྒྱལ་པོ་དོ་ཧ་དང་། བློན་པོ་དོ་ཧ། དམངས་དོ་ཧ་བཅས་སོ།།
[22] ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༡༣
[23] རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༦
[24] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༤༧
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༤༣ ནས་ ༡༥༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།