ལྷན་ཐབས། རྒྱ་དཀར་ནག་དང་བོད་ཀྱི་ཡིག་ཆར་ཇི་ལྟར་གསལ་ཚུལ།
༡) ཐོག་མའི་ངོ་སྤྲོད།
དེ་ཡང་རྒྱ་དཀར་ནག་བོད་དང་བཅས་པའི་ཡིག་ཆ་སོ་སོར་གསལ་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས། དང་པོ། འཕགས་མཆོག་ཀླུ་སྒྲུབ་ཞབས་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༤༠ ཙམ་ལ་ཕེབས་པ་སྟེ་ཕྱི་ལོ་ ༤༩༠ ནས་ ༥༧༠ བར་དུ་ཕེབས་པའི་སློབ་དཔོན་ལེགས་ལྡན་འབྱེད་དང་། འཕགས་མཆོག་ཀླུ་སྒྲུབ་ཞབས་འདས་ནས་ལོ་ ༣༥༠ ཙམ་ལ་ཕེབས་པ་སྟེ། ཕྱི་ལོ་ ༦༠༠ ནས་ ༦༥༠ བར་དུ་ཕེབས་པའི་དཔལ་ལྡན་ཟླ་བ་གྲགས་པ།
དུས་རབས་བདུན་པ་སྟེ་ཕྱི་ལོ་ ༦༨༠ ཡས་མས་ཙམ་ལ་ཕེབས་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས། ཕྱི་ལོ་ ༩༨༢ ནས་ ༡༠༥༤ བར་དུ་བྱོན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྒྱ་གར་འཕགས་ཡུལ་གྱི་བླ་མ་མི་འཇིགས་པ་སྦྱིན་པ་དཔལ་ (Abhayadatta) གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་བཅས་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་སྐུ་དུས་སུ་ཇི་ལྟར་གྲགས་པའི་སྐོར་རྒྱ་གཞུང་གི་རྣམ་ཐར་ཁག་ལྔ་དང་།
གཉིས་པ། འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་བརྒྱ་ཙམ་ལ་ཕེབས་པ་སྟེ་ཕྱི་ལོ་ ༣༤༤ ནས་ ༤༡༣ བར་དུ་ཕེབས་པའི་པཎྜི་ཏ་གཞོན་ནུ་སྲོག་གིས་བསྒྱུར་བའི་འཕགས་པ་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ་དང་། དེ་རྒྱས་པར་བསྒྱུར་བ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར། ཕྱི་ལོ་ ༦༠༢ ནས་ ༦༦༤ བར་དུ་ཕེབས་པའི་ལོ་ཆེན་ཞོན་ཙང་གིས་བརྩམས་པའི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐན་སན་ལམ་ཡིག་ཏུ་ཇི་ལྟར་གསལ་བ། དེ་ཉིད་གསར་དུ་བསྒྱུར་བའི་ཐང་སན་ལམ་ཡིག་རྒྱས་པ་དང་། རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་བཅས་རྒྱའི་བཙུན་པ་དང་སྡེ་སྣོད་འཛིན་པ་དག་གི་གནས་སྐོར་ལམ་ཡིག་དང་། འཕགས་པའི་རྣམ་ཐར་ཁག་ཏུ་ཇི་ལྟར་གསལ་བའི་རྣམ་ཐར་ཁག་ལྔ།
གསུམ་པ། ཕྱི་ལོ་ ༡༠༥༥ ལོར་སྐུ་འཁྲུངས་པའི་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་མཛད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་། ཕྱི་ལོ་ ༡༢༩༠ ནས་ ༡༣༦༤ བར་དུ་ཕེབས་པའི་ལོ་ཙཱ་བ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བུ་སྟོན་ཆོས་འབྱུང་དང་། ཕྱི་ལོ་ ༡༣༢༣ ལོར་སྐུ་འཁྲུངས་པའི་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས་བྱུང་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར། ཕྱི་ལོ་ ༡༥༧༥ ནས་ ༡༦༣༤ བར་དུ་ཕེབས་པའི་ལོ་ཙཱ་བ་ཇོ་ནང་ཏཱ་ར་ནཱ་ཐས་བོད་ཡིག་ཏུ་བསྒྱུར་ནས་རང་ཉིད་ཀྱི་གཞུང་རྣམས་སུ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཇི་ལྟར་བཀོད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་དང་། རྒྱ་གར་ཆོས་འབྱུང་གཉིས། ཕྱི་ལོ་ ༡༧༡༣ ནས་ ༡༧༩༣ བར་བྱོན་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བཅས་དྲུག་སྟེ། རྒྱ་དཀར་ནག་བོད་དང་བཅས་པའི་རྣམ་ཐར་བཅུ་དྲུག་ཏུ་གསལ་བའི་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་གཏམ་རྒྱུད་སོགས་ཇི་ལྟར་གསལ་བ་རྣམས་མཉམ་བསྲེས་མིན་པར་སྔ་ཕྱི་གོ་རིམ་ལྟར་སོ་སོར་བཀོད་ན། རྣམ་ཐར་རྣམས་གཅིག་གི་གསལ་བྱེད་དུ་ཅིག་ཤོས་སོང་བ་དང༌། རྒྱ་དཀར་ནག་བོད་བཅས་ཀྱི་ཡིག་ཆར་གསལ་བའི་རྣམ་ཐར་ཁག་ཏུ་གསུང་ཚུལ་མི་འདྲ་ཞིང༌། རྣམ་ཐར་གཅིག་ཏུ་གསལ་ལ་ཅིག་ཤོས་སུ་གཏན་ནས་མ་གསལ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་ཀྱང་མང་དུ་མཆིས་སོ།།
དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་གྱི་ཡིག་ཆ་ཁག་མང་དུ་ཡོད་པ་ལས་རེ་ཟུང་ལས་ཐམས་ཅད་སྔོན་རྒྱ་གར་སྐད་དུ་བཞུགས་པའི་སློབ་དཔོན་གྱི་རྣམ་ཐར་བསྒྱུར་བའམ། ཡིག་ཆ་ཁག་ལ་ཁུངས་བཅོལ་བ་ཤ་སྟག་ཏུ་བཤད་ཀྱང་། ལོ་རྒྱུས་ཀྱི་བྱུང་བའི་གཞི་མི་མཐུན་པ་དང་། ཡང་སྤྱི་ཙམ་མཐུན་པ་ལ་ཞིབ་ཕྲ་ཕན་ཚུན་མི་མཐུན་པ་མང་བས། ཇི་ཡིན་བརྗོད་པར་དཀའ་བའི་གནས་སུ་གྱུར་པ་ནི། གནའ་བོའི་དུས་སུ་རྒྱ་གར་ནང་གཞུང་དོན་ལ་སློབ་གཉེར་རྒྱུན་འཛིན་གནང་བའི་ལམ་སྲོལ་མེད་པར་སྙན་བརྒྱུད་དུ་གང་བྱུང་བ་ཡིག་ཐོག་ཏུ་འཁོད་པའང་ཡོད་ཚོད་ལ། དེའི་རྐྱེན་གྱིས་ལོ་རྒྱུས་འདྲ་མིན་བྱུང་བ་མིན་ནམ་སྙམ། དེ་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[1]། དེའི་ཕྱིར་བདེན་རྫུན་ཇི་ལྟར་བས་ཀྱང་རུང་གི་ངོ་མཚར་ཧ་ཅང་ཐལ་ཆེ་བའི་གཏམ་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིགས་པ་དང་། བླུན་པོ་སྨྲ་མཁས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས་སོ། །ཞེས་གསུངས་པ་ལྟར་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེ་ཡང་། དེ་ལྟར་བྱ་རྒྱུ་ཡང་ལས་སླ་པོ་ཞིག་མིན་པས་སྔོན་བྱུང་ཡིག་ཆར་ཇི་གསལ་རིམ་འགོད་ཞུ་རྒྱུར་རྣམ་དཔྱོད་དང་ལྡན་པ་དག་གིས་རྣམ་དབྱེ་འབྱེད་པར་འཚལ་ལོ།།
གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་རྣམ་པར་ཐར་པ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀུན་མཁྱེན་པདྨ་དཀར་པོ། སུམ་པ་མཁན་པོ་རྣམས་ཀྱིས་གཙོས་པའི་བོད་ཀྱི་མཁས་པ་རྣམས་[2]ཀྱི་གསུང་ལ་ཕན་ཚུན་མི་མཐུན་པ་ཆེར་མེད་ཀྱང་། རྒྱ་ནག་གི་སྐད་དུ་བཞུགས་པའི་སློབ་དཔོན་གྱི་རྣམ་ཐར་དེ་ནི་གཞན་ལས་ཐ་དད་པ་ཞིག་ཏུ་སྣང་ལ། གཞན་ཡང་ཞོར་འཕྲོས་སུ་རྒྱ་གར་གྱི་ལོ་རྒྱུས་ཁག་[3]དང་། རྒྱ་ནག་གི་གནས་སྐོར་བ་རྣམས་ཀྱི་ལམ་ཡིག་ཁག་ནས་ཀྱང་སློབ་དཔོན་དང་འབྲེལ་བའི་གཏམ་ཐོར་བུ་འབྱུང་ཞིང་། བསྟན་འགྱུར་དུ་བཞུགས་པའི་སློབ་དཔོན་གྱི་དགོངས་པ་འགྲེལ་བར་མཛད་པ་རྣམས་ཀྱི་གཞུང་རྣམས་སུ་སློབ་དཔོན་གྱི་སྐོར་གང་བྱུང་བ་རྣམས་ནི། བོད་ཀྱི་མཁས་པ་རྣམས་ཀྱི་མ་ཕྱིར་མཛད་པར་སྣང་ལ། བསྟན་འགྱུར་ནང་ཙམ་པ་རིའི་བླ་མ་ཆེན་པོ་མི་འཇིགས་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དུ་གསལ་བའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་དེར་ནཱ་ལེནྡྲར་བྱོན་པ་དང་། རི་གསེར་དུ་བསྒྱུར་བར་བརྩམས་པ། རྒྱལ་པོ་བདེ་སྤྱོད་དང་འབྲེལ་བ། མཐར་དབུ་བྱིན་པ་བཅས་ཀྱི་ལོ་རྒྱུས་ལ་ཡང་ཞིབ་ཕྲ་གཞན་དང་མི་མཐུན། པདྨ་བཀའ་ཐང་དུ་ཡོད་པ་ནི་སྒོ་ཀུན་ནས་གང་དང་ཡང་མི་མཐུན། དེ་བཞིན་བལ་ཡུལ་ནས་ཐོབ་པའི་གྲུབ་ཐོབ་རྣམས་ཀྱི་བརྒྱུད་པ། ཞེས་པའི་ཡིག་རྙིང་[4]མཛད་པ་པོ་གསལ་ཁ་མེད་པ་ཞིག་འདུག་པ་དེའི་ནང་སློབ་དཔོན་ལུང་བསྟན་པ་བཤད་ཚུལ་ལ་གཞིགས་ན་སློབ་དཔོན་ཀླུ་སྒྲུབ་དང་འབྲེལ་བར་སྣང་ཡང་། མཛད་པ་པོས་སློབ་དཔོན་ཀླུ་སྒྲུབ་ལ་བསམས་ནས་ལོ་རྒྱུས་ནོར་ཏེ་བྲིས་པའམ། ཡང་ན་ཀླུ་སྒྲུབ་མཚན་ཅན་གྱི་ཕྱིས་ཀྱི་སློབ་དཔོན་གཞན་ཞིག་དང་འབྲེལ་བ་མིན་ནམ་སྙམ།
དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་པ་ཚབ་ལོ་ཙཱ་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་བཅས་ཀྱི་གསུང་རྒྱུན་གཞི་སྒྲོམ་མཐུན་ལ་གོ་རིམ་བཞིན་བཀོད་ཅིང་། དེ་ལས་གཞན་པ་གྲུབ་ཐོབ་རྣམ་ཐར་དང་། པ་ཚབ་ཀྱིས་མཛད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར། གཞོན་ནུ་སྲོག་གིས་བསྒྱུར་བར་གྲགས་པ་དང་། པདྨ་བཀའ་ཐང་དུ་བཀོད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་བཅས་ལས། གྲུབ་ཐོབ་རྣམ་ཐར་དུ་གསལ་བ་དེ་བུ་སྟོན་སོགས་དང་མཐུན་ཤས་ཆེ་བ་ཙམ་ལས། ལྷག་མ་གཞན་རྣམས་རྣམ་པ་ཀུན་ཏུ་ཐ་དད་པར་འདུག་པས་ཕན་ཚུན་ཁ་སྐོང་དུ་ཡང་མི་འགྱུར་ཞིང་། བསྲེས་ན་འཁྲུག་གཞིར་འགྱུར་བས་ན། རྒྱ་དཀར་ནག་དང་བོད་དང་བཅས་པའི་ཡིག་ཆའི་ཁུངས་སོ་སོ་ནས་བྱུང་བ་ལྟར་ཅུང་ཟད་རེ་ཉིས་ཟློས་དང་ཡིག་ཚོགས་ལ་མ་འཛེམས་པར་ལོགས་སུ་བཀོད་པའོ།།
རྒྱ་ནག་གི་སྐད་དུ་ཡོད་པའི་རྣམ་ཐར་ལས་སློབ་དཔོན་དམ་པའི་ཆོས་ལ་ཞུགས་པའི་སྔ་རོལ་ཏུ་རྐུན་པོའི་གྲོགས་བཅས་རྒྱལ་པོའི་ཕོ་བྲང་དུ་ཞུགས་པའི་ལོ་རྒྱུས་དང་། གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར་ལས་འཕྲོག་བཅོམ་གྱི་ལས་ལ་ཞུགས་པ་གཉིས་མཐུན་པས། ལོ་རྒྱུས་ཀྱི་བྱུང་བ་བྱེ་བྲག་པ་དེ་ལྟ་བུའང་མཐའ་གཅིག་ཏུ་འགོག་མི་ནུས། ཡང་དབུ་བྱིན་པའི་བྱུང་བ་ལྟ་བུ་ནི་རྒྱ་ནག་གི་རྣམ་ཐར་ཙམ་ལས་གཞན་ལོ་རྒྱུས་ཁག་དང་། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་གསུངས་པས་དེ་ལ་དོགས་པའི་གནས་མེད་པར་མངོན།
དེ་ལྟར་ན་ཡིག་ཆ་ཕན་ཚུན་བྱུང་བའི་ཞིབ་ཕྲ་ཙམ་ལ་མཐུན་མི་མཐུན་དང་། གསལ་ཁ་ཡོད་མེད་ཇི་ལྟར་ཡང་སྤྱི་བྱིངས་སུ་སློབ་དཔོན་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་པ་དང་། ནཱ་ལེནྡྲར་བྱོན་ཏེ་མཁས་པར་གྱུར་པ། ཐེག་པ་ཆེན་པོའི་བསྟན་བཅོས་མཛད་པ། དངོས་གྲུབ་དུ་མ་ཐོབ་པ། གསེར་འགྱུར་གྱི་རྩི་ལ་མཁས་པ། ཀླུ་ཡུལ་ནས་ཤེར་ཕྱིན་སྤྱན་དྲངས་པ། ལྷོ་ཕྱོགས་སུ་བྱོན་ཏེ་རྒྱལ་པོ་བདེ་སྤྱོད་ཀྱིས་བླ་མར་བཀུར་བ། ལོ་བརྒྱ་ཕྲག་རིང་སྐུ་འཚོ་ཞིང་བཞུགས་པ། མཐར་དབུ་བྱིན་པ་བཅས་ཀྱི་བྱུང་བ་རགས་རིམ་རྣམས་ཕལ་ཆེར་མཐུན་པར་སྣང་ངོ་།།[5]
དེ་ལྟར་སྤྱིར་བདག་ཉིད་ཆེན་པོ་འདིའི་བསམ་གྱིས་མི་ཁྱབ་པའི་མཛད་པ་རྣམ་ཐར་རྣམས་ཤིན་ཏུ་རྒྱ་ཆེ་ཞིང་རྣམ་གྲངས་མང་བའི་དབང་གིས། དེ་དག་ཡོངས་སུ་རྫོགས་པ་གནས་དུས་གང་དུ། རྣམ་པ་ཇི་ལྟར་མཛད་ཚུལ་སོགས་ཀྱི་ངོ་བོ་མ་ནོར་བ། གོ་རིམ་མ་འཆོལ་བ། གྲངས་མ་ཆད་པར་ཇི་ལྟ་བ་བཞིན་རྫོགས་པར་འཁོད་པའི་རྣམ་ཐར་གྱི་ཡིག་ཆ་ཀུན་གྱི་ཚད་མར་གཟུང་འོས་པ་གཅིག་ཆོག་ཀུན་འདུས་དེ་ལྟ་བུ་ཞིག་གཏན་ནས་མེད་པར། དཔེར་ན། ཡིག་ཆ་མང་པོར་རྣམ་ཐར་གྱི་ཆ་ཤས་གལ་ཆེ་ཡོངས་རྫོགས་འཁོད་མ་འཁོད་ཅི་རིགས་དང་། འཁོད་པ་ལ་ཡང་གོ་རིམ་སོགས་ལ་ངེས་གཏན་མེད་པར། ཡིག་འཇོག་འགའ་རེའི་ནང་དོན་གནད་གང་ཞིག་སྔོན་ལ་བཀོད་པ་དེ། ཅིག་ཤོས་ཀྱི་ནང་རྗེས་ལ་བཀོད་པ་དང་། ཆ་ཤས་གལ་ཆེ་མང་པོ་ཞིག་གཅིག་ལ་བཀོད་ལ་ཅིག་ཤོས་ལ་མ་བཀོད་པ་དང་། འབྲེལ་ཡོད་ཀྱི་གང་ཟག་གི་མཚན་དང་། ས་གནས་ཀྱི་མིང་དང་། གྲངས་ཚད་སོགས་ལ་མི་མཐུན་པ་ཆེས་མང་བ་སོགས་ཀྱི་ཁྱད་པར་མཐའ་ཡས་པས། ཆ་ཤས་མང་པོ་ཞིག་སྤྱི་སྤོམ་ཙམ་དུ་འགོད་རྒྱུ་ལས། མཐའ་དག་པ་ལ་ངེས་གཏན་རྫོགས་པར་འཁེལ་བའི་སྒོ་ནས་འགོད་རྒྱུ་དེ་ནི་འདས་པའི་གནས་ཚུལ་ལ་མཁྱེན་པའི་འཇུག་པ་མི་འཁྲུལ་བའི་མངོན་ཤེས་དང་ལྡན་པ་དག་གིས་གནང་འོས་ལས། སོ་སྐྱེ་ཚུར་མཐོང་དག་གི་སྤྱོད་ཡུལ་གཏན་ནས་མིན་པར་སེམས་སོ།།
འདིར་ཁྱད་པར་ཆེན་པོ་ཡོད་པར་བརྗོད་རྒྱུའི་ཁྱད་པར་ནི། རྣམ་ཐར་རྒྱས་བསྡུས་ལ་བརྟེན་པའི་ཚིག་སྦྱོར་མ་འདྲ་བ་སོགས་ཀྱི་ཁྱད་པར་ཕལ་པ་ཡོངས་གྲགས་དེ་ཙམ་ལ་མི་བྱེད་པར། གོང་དུ་སྨོས་པ་ལྟར་གྱི་ཁྱད་པར་མང་པོ་དེ་འདྲ་འབྱུང་དགོས་དོན་ནི། ཕྱོགས་གཅིག་ནས་ཐུན་མོང་གི་སྣང་ཚོད་ལྟར་བྱས་ན། རྣམ་ཐར་གྱི་ཆ་ཤས་མང་པོ་ཞིག་སྙན་ནས་སྙན་དུ་བརྒྱུད་ཅིང་ངག་རྒྱུན་དུ་བཞུགས་པ་དེ་དག་གང་ཟག་འདྲ་མིན་གྱིས་ཕྱིས་སུ་ཡིག་ཐོག་ཏུ་བཀོད་པ་དང་། ཡིག་ཐོག་ཏུ་བཀོད་ཚུལ་ལ་ཡང་རྒྱས་བསྡུས་དང་། གོ་རིམ་སོགས་ལ་ངེས་གཏན་དེ་ཙམ་མེད་པར་བཀོད་པ་སོགས་ཆེས་སྣ་ཚོགས་ཤིག་བྱུང་ཡོད་པ་ནི། ད་ལྟ་རང་རེ་ཚོའི་མཐོང་ཡུལ་དུ་གྱུར་པའི་རྣམ་ཐར་གྱི་ཡིག་ཆ་དག་ལ་གཟིགས་ན་ལེགས་པར་མཁྱེན་རྟོགས་ཐུབ་ངེས་ཡིན།
འདིར་ཁྱད་པར་ཆེ་གྲས་རེ་ཟུང་དཔེ་མཚོན་ཙམ་དུ་བཀོད་ན། སྡིག་སྦྱོང་གི་ཕྱིར་མཁན་པོས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་དང་། ལྷ་ཁང་སྟོང་། མཆོད་རྟེན་ཁྲི་ཕྲག་བཞེངས་དགོས་སྐོར་གསུངས་པ་དང་། ཡང་ཡིག་འཇོག་མང་པོ་ཞིག་ཏུ། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བྱེ་བའི་གྲངས་བཀོད་པ་དང་། ཡང་དགེ་སློང་བདེ་བྱེད་ཅེས་པ་དེས་གཞུང་འབུམ་ཕྲག་བཅུ་གཉིས་བྱས་ཞེས་པ་དང་། ཡང་ཕལ་ཆེ་བར་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་བྱས་ཞེས་གསལ་ཡོད། ཡང་སློབ་དཔོན་དགུང་ལོ་དྲུག་བརྒྱ་བཞུགས་ཞེས་པ་དང་། ཡང་རེ་འགས་ཉིས་བརྒྱ་ལྷག་བཞུགས་པར་འདོད་པ་དང་། དྲུག་བརྒྱ་ཞེས་པ་ཕྱེད་ལོར་བརྩིས་པ་ཡིན་ཞེས་སོགས་གྲངས་ལ་བརྟེན་པའི་མི་མཐུན་པ་དང་། ཡང་ཆོས་འབྱུང་རེ་འགར་ཡུལ་ལ་མུ་གེ་ལོ་བཅུ་གཉིས་བར་བྱུང་བ་དེ་མཁན་པོ་སྒྲ་གཅན་འཛིན་གྱིས་སྔོན་ནས་མཁྱེན་བཞིན་དུ་ལུང་བསྟན་གྱི་ཚུལ་དུ་གསུངས་པ་དང་། ཡང་མང་པོ་ཞིག་ཏུ་ཕྱིས་སུ་མ་གཏོགས་མཁྱེན་མེད་སྐོར་སོགས་དང་། ཡང་སློབ་དཔོན་གྱིས་བྱང་སེམས་བློ་གྲོས་རིན་ཆེན་ལས་ཆོས་གསན་པའི་སྐོར་དེ་མང་པོ་ཞིག་ཏུ་མ་འཁོད་པ་དང་། ལོ་ཙཱ་བ་གཞོན་ནུ་སྲོག་གིས་བརྩམས་པའི་རྒྱ་ནག་གི་སྐད་དུ་ཡོད་པའི་རྣམ་ཐར་དང་། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གྱི་ནང་ཡོད་སློབ་དཔོན་གྱི་རྣམ་ཐར་དང་། པདྨ་བཀའ་ཐང་ལས་བྱུང་བ་བཅས་ནི། རྣམ་ཐར་གྱི་གཞི་རྩའི་སྒྲོམ་གཞི་ཉིད་ཆོས་འབྱུང་གཞན་རྣམས་ལས་རྣམ་པ་ཤིན་ཏུ་ཐ་དད་པའི་ཚུལ་དུ་བཞུགས་པ་ལ་བརྟགས་ན། སློབ་དཔོན་གྱིས་དུས་གཅིག་ལ། ཡུལ་ཐ་དད་དང་གང་ཟག་མི་འདྲ་བའི་མོས་ངོ་དང་བསྟུན་ནས་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པའི་སྒོ་ནས་རྣམ་པ་མང་པོ་བསྟན་པ་དག་གདུལ་བྱ་སོ་སོའི་སྣང་ཚུལ་ལྟར་དུ་ངག་རྒྱུན་དང་། ཕྱིས་སུ་ཡིག་ཐོག་ལ་བཀོད་པ་ཅི་རིགས་ལ་བརྟེན་ནས་རྣམ་ཐར་གྱི་སྒྲོམ་གཞི་མ་འདྲ་བ་ཇི་སྙེད་ཅིག་བྱུང་མེད་དམ་སྙམ། གཞན་དུ་ན་རྒྱས་བསྡུས་དང་། ཚིག་སྦྱོར་མི་འདྲ་བ། གོ་རིམ་མི་མཐུན་པ་སོགས་འབྱུང་སྲིད་ཀྱང་། གཅིག་གི་ཁ་སྐོང་དུ་ཅིག་ཤོས་འཁྱེར་དུ་མེད་པ་རྣམ་པ་ཐམས་ཅད་ནས་ཐ་དད་པ་དེ་འདྲ་མི་འབྱུང་བར་མངོན་ནོ།།
མདོར་ན་གྲུབ་བརྙེས་ཀྱི་སྐྱེས་མཆོག་ཆེན་པོ་འདི་འདྲ་བའི་རྣམ་པར་ཐར་པ་ནི་ཕལ་དང་ཕལ་གྱི་སྤྱོད་ཡུལ་མ་ཡིན་པས། ཁ་ཚོན་གཅོད་སླ་བའི་གནས་ཤིག་གཏན་ནས་མིན་པས་དོན་གྱི་གནད་འདི་འདྲ་བ་ལ་དགོངས་ནས། མཁན་པོ་གཞན་དགས་མཛད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་ལས[6]། མདོར་ན་སློབ་དཔོན་འདིའི་རྣམ་པར་ཐར་པ་ནི། རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ལྟར་དཔག་པར་དཀའ་ཞིང་། སྔོན་དགེ་བའི་རྩ་བ་རླབས་པོ་ཆེ་མ་བསྐྱེད་པ་དག་གིས་ཡིད་ཆེས་པར་མི་ནུས་སོ། །ཞེས་ཇི་སྐད་གསུངས་པ་བཞིན་ནོ།།
དེ་ལྟར་གོང་དུ་ཕྱོགས་ཙམ་བཀོད་པ་ལྟར་བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམ་ཐར་ལ་ཕྲ་ཞིང་མཛངས་ལ་རྒྱ་ཆེ་བའི་རྣམ་དཔྱོད་ཀྱིས། ཕྱི་ནང་གསང་གསུམ་གྱི་གནད་དོན་ཀུན་ལ་ཞིབ་དཔྱོད་དང་། ཞིབ་ཏིག་དང་། ཞིབ་བལྟ་བྱེད་དུ་མེད་པ་ཞིག་གཏན་ནས་མིན་པས། དེ་ལྟའི་རྣམ་དཔྱོད་དང་བྲལ་བ་བདག་ལྟ་བུས་ཀྱང་། རང་གི་བློ་ནུས་དང་བསྟུན་ནས་བརྟག་པ་བྱེད་སྐབས། གོང་སྨོས་ལྟར་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་འབྱེད་དགོས་པ་དང་། དགག་དགོས་དམིགས་བསལ་ལ་བརྟེན་པའི་ཚུལ་བསྟན་གྱི་མཛད་སྤྱོད་དང་། སེམས་ཅན་གྱི་ལས་ཚུལ་དབང་བཙན་པ་ལ་བརྟེན་པའི་རང་བཞིན་དངོས་རྗེན་གྱི་མཛད་སྤྱོད་སོགས་དཔག་པར་དཀའ་བ་དུ་མ་ཞིག་ཡོད་པ་ནི་ལོང་བས་བལྟས་པའི་ཁམས་གསུམ་གྱི་དཔེ་ལྟར་དུ་མངོན་ནོ།།[7]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༩༠
[2] བོད་ཀྱི་མཁས་པ་རྣམས་ཀྱིས་སློབ་དཔོན་གྱི་རྣམ་ཐར་གཙོ་བོ་བུ་སྟོན་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་གང་རུང་ལ་གཞི་བྱས་ཤིང་། གྲུབ་ཐོབ་ཀྱི་རྣམ་ཐར་སོགས་ནས་ཀྱང་ཁ་སྐོང་མཛད་པར་སྣང་ངོ་།།
[3] ཀྵེམེནྡྲས་བརྒྱ་ཕྲག་བཅུ་གཅིག་ནང་བརྩམས་པའི་རྒྱ་གར་ལོ་རྒྱུས་བྲིཧཏཀཐཱམཉྫརཱི་ (གཏམ་གྱི་སྙེ་མ་ཆེན་པོ།) ཞེས་པ་དང་། བརྒྱ་ཕྲག་དེ་ཉིད་ནང་ཁ་ཆེའི་ཡུལ་གྱི་ལོ་རྒྱུས་སྨྲ་བ་སོམནཱཐ་ (ཟླ་བའི་ལྷ་) ཟེར་བས་བརྩམས་པའི་ཀཐཱསརིཏསཱགར་ (གཏམ་གྱི་ཆུ་རྒྱུན་རྒྱ་མཚོ།) ཞེས་པའི་ལོ་རྒྱུས་བཅས་ལའང་སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་སྨན་སྦྱོར་དང་། རྫས་སྦྱོར་སོགས་ལ་མཁས་པ་ཡིན་པའི་སྐོར་གསལ། དེ་བཞིན་ཀལཧན་གྱིས་བརྩམས་པའི་རཱཇཏརངྒིནཱི་ (རྒྱལ་པོའི་རླབས་རྒྱུན་) ཞེས་པའི་ལོ་རྒྱུས་ནང་རྒྱལ་པོ་ཀནིཥྐའི་དུས་སུ་སའི་དབང་ཕྱུག་དཔལ་ལྡན་ཀླུ་སྒྲུབ་བྱུང་བར་བཤད་ (ལེའུ་དང་པོ་ཤོ་ལོ་ཀ་ ༡༦༨-༡༧༣) ཀྱང་རྒྱལ་པོ་ཀནིཥྐའི་དུས་ཚིགས་ལ་འདོད་ཚུལ་མང་དུ་ཡོད་ཅིང་། ཀནིཥྐ་སྔ་ཕྱི་གསུམ་ཙམ་ཡོད་པས་སློབ་དཔོན་ཀླུ་སྒྲུབ་དང་དུས་མཉམ་པ་དེ་ཀནོཥྐ་གཉིས་པ་ཡིན་པར་འདོད་པ་མང་ངོ་། །ཡང་ཡ་མཚན་པ་ཞིག་ལ་རྟག་ཞི་བའི་སྔགས་ཀྱི་བསྟན་བཅོས་ཤབརཏནྟྲ་ (ཞི་བའི་རྒྱུད་) ཅེས་པའི་ནང་སློབ་དཔོན་ཀླུ་སྒྲུབ་ཆོས་ལུགས་དེ་ཉིད་ཀྱི་གྲུབ་ཐོབ་ཀྱི་རྒྱུད་པའི་ཁོངས་སུ་བརྩིས་སོ།།
[4] བལ་ཡུལ་ནས་ཡིག་རྙིང་ཚིགས་བཅད་དུ་བཞུགས་པ་ཞིག་འདུག་པ་དེར་ཡབ་ཀྱི་མཚན་ཏྲིཝིཀྲམ་དང་། ཡུམ་གྱི་མཚན་སཱཝིཏྲཱི་ཞེས་དང་། སྐུ་འཁྲུངས་པའི་ཡུམ་ཀརཧཱཊ་ཞེས་གསལ། ཡིག་ཆ་འདི་ཕྱི་ལོ་ ༡༩༣༠ ལོར་དུས་དེབ་ནང་དཔར་དུ་ཐོན། G. Tucci. A Sanskrit biography of the Siddhas and some questions connected with Nagarjuna, Jasb, 1930, p.138-155. ཉེ་བའི་ཆར་ཝཱ་ར་ན་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དུས་དེབ་ཅིག་ཏུ་ཐོན། DHIH X 1990, pp.8-10.
[5] འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་ ༢༧ ནས་ ༧༧ བར།
[6] སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས། དཔེ་རིང་། ཤོག་གྲངས་ ༣ན༡
[7] འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་ ༢༧ ནས་ ༧༧ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༩ ནས་ ༤༠༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།