ཙ༽ བསྟན་བཅོས་གཞན་རྣམས་ཀྱི་ངོ་སྤྲོད་མཚམས་སྦྱོར།

ཙ༽ བསྟན་བཅོས་གཞན་རྣམས་ཀྱི་ངོ་སྤྲོད་མཚམས་སྦྱོར།

 

༡༽ མྱ་ངན་ལས་འདས་པར་བསྟོད་པ།

 

དེ་ཡང་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ་ནི། དེ་ཉིད་ལས།[1]

གང་ཞིག་སེར་སྐྱའི་གཞིར་ནི་ཤཱཀྱའི་རིགས་སུ་འཁྲུངས། །

གང་གིས་མཉམ་དགར་བྱང་ཆུབ་དམ་པ་ཐུགས་སུ་ཆུད། །

གང་གིས་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །

སཱ་ལའི་ཚལ་དུ་མྱ་ངན་འདས་གྱུར་དེ་བསྟོད་པ། །

ཞེས་སོགས་བསྟོད་པ་འདིར་ཡིག་འབྲུ་བཅུ་གཅིག་ཅན་གྱི་ཤླཽ་ཀ་བཅུ་གཅིག་དང་། རྐང་པ་གསུམ་སྟེ་ཚིག་རྐང་ ༤༧ ཅན་ཞིག་ཡིན་ལ། བསྟོད་པ་འདི་ཉིད་ཅོ་ནེ་བསྟན་འགྱུར་དུ་མི་བཞུགས་ཤིང་། པར་མ་གཞན་གསུམ་ནང་བཞུགས་ཀྱང་འགྱུར་བྱང་མི་གསལ་ལ། ལེགས་སྦྱར་གྱི་མ་དཔེ་ཡང་ཉམས་བརླག་ཏུ་སོང་ཟིན་པའོ།།   །།

 

༢༽ དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད།

 

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་འདིར་བརྟག་པ་གཉིས་དང་ལེའུ་ཉེར་གསུམ་སྟེ། བརྟག་པ་དང་པོའི་དཀའ་འགྲེལ། དང་པོ། རྡོ་རྗེའི་རིགས་བཤད་པའི་ལེའུ་དང་། གཉིས་པ། སྔགས་ཀྱི་ལེའུ། གསུམ་པ། ལྷའི་ལེའུ། བཞི་པ། ལྷ་དབང་བསྐུར་བའི་ལེའུ། ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུ། དྲུག་པ། སྤྱོད་པའི་ལེའུ། བདུན་པ། བརྡ་དང་གནས་གཏན་ལ་འབེབས་པའི་ལེའུ། བརྒྱད་པ། བསྐྱེད་རྫོགས་ཀྱི་རིམ་པ་མངོན་པར་བརྗོད་པའི་ལེའུ། དགུ་པ། རྣམ་པར་དག་པའི་ལེའུ། བཅུ་པ། དབང་གི་ལེའུ། བཅུ་གཅིག་པ། ལྟ་སྟངས་བཤད་པའི་ལེའུ་བཅས་བརྟག་པ་དང་པོའི་དཀའ་འགྲེལ་ལ་ལེའུ་བཅུ་གཅིག་དང་། བརྟག་པ་གཉིས་པའི་དཀའ་འགྲེལ། དང་པོ། རབ་ཏུ་གནས་པ་བཤད་པའི་ལེའུ། གཉིས་པ། དངོས་གྲུབ་གཏན་ལ་དབབ་པའི་ལེའུ། གསུམ་པ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུ། བཞི་པ། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ། ལྔ་པ། ཧེ་རུ་ཀ་བཞེངས་པའི་ལེའུ། དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ། བདུན་པ། བཟའ་བའི་ལེའུ། བརྒྱད་པ། གདུལ་བར་དཀའ་བ་འདུལ་བའི་ལེའུ། དགུ་པ། སྔགས་བཏུ་བའི་ལེའུ། བཅུ་པ། བཟླས་པའི་ལེའུ། བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་ལེའུ། བཅུ་གཉིས་པ། དབང་བསྐུར་བ་བཞི་བཤད་པ་བཅས་བརྟག་པ་གཉིས་པའི་དཀའ་འགྲེལ་ལ་ལེའུ་བཅུ་གཉིས་བཅས་ཁྱོན་བསྡོམས་དཀའ་འགྲེལ་སྤྱན་འབྱེད་འདིར་བརྟག་པ་གཉིས་དང་། ལེའུ་ཉེར་གསུམ་གྱི་བདག་ཉིད་ཅན་ནོ།།

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཀྱི་མཇུག་བྱང་ལས[2]། བླ་མ་དམ་པས་རྐྱེན་བྱས་སོ་སོར་རྟོག་པའི་ཉེར་ལེན་གྱིས། །སློབ་མ་དམ་པ་འགའ་ཡིས་ཡང་དང་ཡང་དུ་གསོལ་བཏབ་ནས། །རྒྱུད་ཀྱི་འགྲེལ་པ་དཀའ་དོན་སྤྱན་འབྱེད་བདག་གིས་བྱས། །འདི་ལས་བསོད་ནམས་ཀྱིས་ནི་རྗེས་སུ་འབྲང་དང་སེམས་ཅན་རྡོ་རྗེ་འཛིན་ཐོབ་ཤོག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ་སློབ་དཔོན་ཆེན་པོ་མཁས་པ་དྷརྨཱ་ཀཱིརྟིས་མཛད་པ་རྫོགས་སོ། །ཞེས་བྱུང་ལ། དཀར་ཆག་རྒྱས་པ་ཟུར་དུ་བསྒྲིགས་ཡོད་པ་དེར་གཟིགས་པར་འཚལ་ལོ།།  །།

 

༣༽ དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས།

 

དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་པ་ནི། རྟོག་གེ་པའི་ཚོགས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་མཛད་ཅིང་། རྒྱ་གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ (ཆོས་རྗེ་) དཔལ་གྱི་མཐའ་ཅན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་དང་། འདིའི་གཞུང་ཚད་ནི་བླ་མའི་ཕྱག་དཔེ་ལ་ཚིག་རྐང་པ་བཞིའི་རེ་རེའི་ནང་ཡི་གེ་སུམ་ཅུ་རྩ་དྲུག་ཏུ་གནས་ཤིང༌། རྐང་པ་བཞི་ཀ་བསྡོམས་པས་ཡི་གེ་སྟོང་སུམ་བརྒྱ་བཞི་བཅུ་རྩ་བཞི་བཞུགས་སོ།།

བོད་ཀྱི་དཔེ་ལ་ནི་ཚིག་རྐང་རེ་རེ་ལ་ཚེག་བར་ཉིས་བརྒྱ་དགུ་བཅུ་རྩ་ལྔ་ཡོད་ཅིང༌། བསྡོམས་པས་ཚེག་བར་སྟོང་བརྒྱ་བརྒྱད་ཅུ་ཡོད་དོ། །ཞེས་བྱུང་བ་ལྟར་བསྟོད་པ་འདི་ནི་ཚིགས་བཅད་གཅིག་གི་བདག་ཉིད་ཅན་དང་། ཚིག་རྐང་རེ་རེར་ཚེག་བར་ ༢༩༥ ཙམ་དང་། དཔེ་རིང་ཡིག་ཕྲེང་ ༥ ཙམ་གྱི་ཚད་ཅན་དུ་ཡོད། རྒྱུན་ཆགས་སྡེབ་སྦྱོར་གྱི་ཚིགས་བཅད་རིང་པོའི་རྩོམ་ཁྱད་པར་ཅན་འདི་ལྟར་༸རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་མཛད་པའི་འདུལ་བའི་གླེང་འབུམ་ཆེན་མོ་དང་། འདུལ་ཊཱིཀ་རིན་ཆེན་ཕྲེང་བ་བཅས་ཀྱི་མཛད་བྱང་དུ་བརྩམས་པར་མཛད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།  །།

 

༤༽ དཀྱིལ་འཁོར་གྱི་ཐིག་གི་ཆོ་ག

 

དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་ནི། སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། འདི་ལ་འགྱུར་བྱང་མི་གསལ་ལ། ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་ཤིང་། གཞུང་འདིའི་གཞུང་ཚད་ནི་ཡིག་འབྲུ་བདུན་ལྡན་གྱི་ཚིག་རྐང་ ༣༨ ཚིགས་བཅད་དགུ་དང་རྐང་པ་གཉིས་ལས་གྲུབ་པའི་རྒྱུད་ཀྱི་གཞུང་ཆུང་ངུ་ཞིག་གོ།  །།

 

༥༽ སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག

 

ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་ནི། འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་བཏུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་པཱ་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་གཏན་ལ་ཕབ་པ་ཞིག་གོ །གཞུང་འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས། གཞུང་འདི་ཚིག་ལྷུག་གི་རང་བཞིན་ལ་གཞུང་ཚད་དུ་ཚེག་ཁྱིམ་ ༡༦༤༢༡ ཅན་ཞིག་ཡིན་ནོ།།  །།

 

༦༽ སྐྱེས་རབས་ཀྱི་རྒྱ་ཆེར་བཤད་པ།

 

དེ་ཡང་འཆད་རྩོད་རྩོམ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་སྐྱེས་རབས་ཀྱི་རྒྱ་ཆེར་བཤད་པའི་བརྩམ་པར་དམ་བཅའ་ལས། ཐུབ་པའི་ལེགས་སྤྱོད་རྨད་བྱུང་དཔག་མེད་པ། །སྙན་ངག་མཁན་པོ་འཕགས་པ་དཔའ་བོས་བཀོད། །བདག་བློ་ཞན་ཡང་གུས་པས་བཤད་པ་ནི། །བློ་ཆུང་དག་ལ་ཕན་ཕྱིར་རབ་ཏུ་བརྩམས། །ཞེས་དང་། མཇུག་བྱང་ལས[3]། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛ་ནཱར་དྷ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་ཞིག་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[4]། སྐྱེས་པའི་རབས་སུམ་ཅུ་རྩ་བཞི་པའི་རྒྱ་ཆེར་བཤད་པ། ཞེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ལ། གཞུང་ཚད་ལ་ཚེག་ཁྱིམ་ ༨༤༠༥༠ ཡོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ཤོག་གྲངས་ ༦༠༠

[2]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ང༽ དེབ་ཨང་ ༣ པ། ཤོག་གྲངས་ ༨༡༧

[3]  བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼ཧུ༽ དེབ་ཨང་ ༩༤ པ། ཤོག་གྲངས་ ༨༧༣

[4]  གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༥༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༧ ནས་ ༤༧༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *