ཏ༽ བསྒྱུར་སོགས་ཀྱི་སྐྱོན་སྤོང་ཚུལ། ༡༽ སྐྱོན་ཅན་ངོས་བཟུང་བ། ༢༽ སྐྱོན་མེད་ཕྱེ་སྟེ་བསྟན་པ།

ཏ༽ བསྒྱུར་སོགས་ཀྱི་སྐྱོན་སྤོང་ཚུལ།

༡༽ སྐྱོན་ཅན་ངོས་བཟུང་བ།

 

དེ་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[1]། བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་བསྒྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད། །འགའ་ཞིག་རྣམ་གྲངས་ནོར་བ་དང་། །ལ་ལས་ས་མཚམས་འཆུགས་པ་དང་། །ལ་ལ་མུན་སྤྲུལ་གྱིས་བསླད་པས། །ལོག་པར་བསྒྱུར་བ་གོ་བ་དཀའ། །ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །

མིང་གི་རྒྱུ་མཚན་མ་རྟོགས་ནས། །ལོག་པར་བསྒྱུར་བ་ཅུང་ཟད་མཐོང་། །ཞེས་གསུངས་ཏེ། བོད་ཀྱི་སྐད་ལ་འཆད་པ་པོས་མི་ཤེས་པ་མང་ན་ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན་ཡིན། འོན་ཀྱང་བརྡ་དོན་འགའ་ཞིག་ནི་ལོ་ཙཱ་བས་བསྒྱུར་གྱི་བྱེ་བྲག་དང་། ཡང་འགའ་ཞིག་བརྡ་གསར་རྙིང་དང་། ཡུལ་སྐད་ཤན་གྱིས་བསྒྲིབས་པའང་ཡོད་དོ། །འགྲེལ་པའི་སྐབས་དཔེར་ན། ལོ་ཙཱ་བས་ཙནྡན་དང་། བཻཌཱུརྱ་ལྟ་བུ་རྒྱ་སྐད་རང་སོར་བཞག་པ་དང་། ལ་ལས་བསིལ་སྦྱིན་དང་། ཤིན་ཏུ་དྭངས་པ་སོགས་བོད་སྐད་དུ་བསྒྱུར་ཡོད་པས། དེ་གཉིས་མ་འཕྲོད་པ་དང་། ཡང་རརྣ་ཀེ་ཏུ་ནི་རིན་ཆེན་དཔལ་དང་ཏོག་གཉིས་སུ་བསྒྱུར་བ་དང་། པ་རེ་དྷ་ན་དེ་སྨོན་ལམ་དང་ཡོངས་བསྒྱུར་གཉིས་སུ་བསྒྱུར་བས་མ་ཤེས་པ་དང་། ཡང་ཁ་ཅིག་སྒྲར་བསྒྱུར་རྒྱུ་ལ་དོན་སྒྱུར་བྱས་པ་དང་། ཡང་སྒྲའི་ཁམས་གཅིག་ལ་ཉེ་སྒྱུར་དབང་གིས་ཐ་དད་དུ་སོང་བ་སོགས་དང་། དེ་བཞིན་བརྡ་རྙིང་དབང་གིས་མ་གོ་བ་དང་། ཡང་ལ་ལས་སྒྲ་བསྒྱུར་བའི་སྐབས་རྣམ་གྲངས་ནོར་ནས་བསྒྱུར་བ། དཔེར་ན། ཁཊྒ་ཞེས་པ་དེ་རལ་གྲི་དང་བསེ་རུ་གཉིས་ཀར་འཇུག་པས་ཕན་ཚུན་ནོར་ནས་བསྒྱུར་བ་དང་། དེ་བཞིན་བྱེ་མ་བྱིས་པའི་སྒྲ་ཡང་ནོར་ནས་བསྒྱུར་བ་དང་། ཡང་ཁ་ཅིག་གིས་སྒྲའི་གཅོད་མཚམས་འཆུགས་ནས་ནོར་བ། དཔེར་ན། པྲ་ཨ་ནའི་སྐབས་ཀྱི་ན་དེ་ཚིག་འོག་མའི་ན་ཉ་དགག་པའི་ཚིག་ཏུ་ནོར་ནས་སྦྱར་བ་དང་། ཡང་ཚིག་འོག་མའི་ན་དགག་ཚིག་དེ་ཚིག་གོང་མའི་རྗེས་ཀྱི་རྣམ་དབྱེ་གསུམ་པའི་ན་སྒྲར་སྦྱར་ནས་འཆུགས་པ་དང་། དེ་བཞིན་ཨེ་མཾ་ས་རཀྟ་བྷ་ལིངྟ་ཞེས་པའི་ཨ་དགག་ཚིག་དེ་རཀྟ་ཁོ་ནའི་མགོར་སྦྱར་ནས་ཁྲག་མེད་གཏོར་མ་ཤ་དང་བཅས་སུ་བསྒྱུར་བ་ལྟར་དང་། ལ་ལས་མུན་སྤྲུལ་དུ་བསྒྱུར་བ་དཔེར་ན། ཧྲི་དྷ་སྙིང་པོའི་སྒྲ་དེ་མདར་བསྒྱུར་བ་དང་། ཧ་རི་ལྗང་ཁུའི་སྒྲ་དེ་ཧ་ར་འཕྲོག་པར་བསྒྱུར་བ་སོགས་ལོག་པར་བསྒྱུར་ནས་གོ་དཀའ་བར་སོང་བའང་ཡོད་ལ། ལ་ལས་སྔོན་རབས་རྟོགས་བརྗོད་ལས་བྱུང་བའི་གཏམ་རྒྱུད་ལེགས་པར་མ་ཤེས་པས་སེམས་ཅན་གྱི་མིང་དང་། དེ་བཞིན་དངོས་པོ་དང་། ཡུལ་མིང་། སྐད་རིགས་སོགས་མིང་གི་རྒྱུ་མཚན་མ་རྟོགས་ནས་ལོག་པར་བསྒྱུར་བ་ཅུང་ཟད་མཐོང་སྟེ། དཔེར་ན། རྒྱ་སྐད་ས་ར་སྭ་ཏིའི་སྒྲ་དེ་མཚོ་འབྱུང་ཡིན་ཀྱང་དབྱངས་ཅན་དུ་བསྒྱུར་བ་དང་། དེ་བཞིན་གྷ་ཊ་གླང་ཆེན་ཡང་དེ་དང་འདྲ་ལ། སྐནྡྷའི་སྒྲ་ངུ་བ་དེ་ཡང་དོན་སྒྱུར་བྱས་ནས་ངུས་པས་ཤ་སྐེམས་སུ་འགྲོ་བས་སྐེམས་བྱེད་སོགས་སུ་བསྒྱུར་བ་ཡང་མཐོང་ངོ་།།  །།

 

༢༽ སྐྱོན་མེད་ཕྱེ་སྟེ་བསྟན་པ།

 

དེ་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[2]། འགའ་ཞིག་བོད་ལ་གོ་བདེའི་ཕྱིར། །ལེགས་པར་སྦྱར་ལ་མེད་ན་ཡང་། །ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། །དེ་ལ་མཁས་པས་བཤད་མི་དགོས། །འགའ་ཞིག་དོགས་པ་བཟློག་པའི་ཕྱིར། །རྣམ་གྲངས་བཟློས་པར་བཤད་ན་ཡང་། །དེ་དག་སྐྱོན་དུ་མི་གཟུང་སྟེ། །དགོས་པ་མཐོང་ནས་བཤད་ཕྱིར་རོ། །འགའ་ཞིག་གུས་པ་བསྐྱེད་པའི་ཕྱིར། །བཟླས་པའི་ཚིག་དོན་སྦྱོར་བར་བྱེད། །ཅེས་གསུངས་ཏེ། མིང་ཚིག་འགའ་ཞིག་ནི། བོད་ཀྱི་དངོས་པོ་དེ་ངོས་བཟུང་སླ་ཕྱིར་ལེགས་སྦྱར་སྐབས་སྒྲ་དེ་ལྟར་མེད་ཀྱང་བོད་སྐད་དུ་བསྒྱུར་ཟིན་པའི་སྐབས་ཅུང་ཟད་བསྣན་པ་ཡོད་དེ། དཔེར་ན། རིན་ཆེན་བཻཌཱུརྱ་དང་། མེ་ཏོག་པདྨ་དང་། ཤིང་ཨ་ཤྭ་ཀ་དང་། རི་དྭགས་ཨེ་ཎ་ས་རི་དང་། ཉ་ཏི་མིག་སོགས་རྒྱ་སྐད་ལ་རིན་ཆེན་དང་། མེ་ཏོག་སོགས་སྦྱར་མེད་ཀྱང་བོད་སྐད་སྐབས་སུ་བསྣན་ལ། སྤྱིར་རྒྱ་དཀར་ལ་མེ་ཏོག་དང་རིན་ཆེན་སྒྲ་མེད་པ་མིན་ཏེ། རཏྣ་དང་པུཥྤེ་སོགས་ཡོད། འོན་ཀྱང་སྐབས་འདི་ནི་མེ་ཏོག་སོགས་ཀྱི་སྒྲ་དེ་པདྨ་སོགས་ཀྱི་མགོར་སྦྱར་མེད་ཟེར་བའི་དོན་ཡིན་ནོ།།

དེས་ན་པདྨ་ཞེས་པ་དེ་མེ་ཏོག་གི་རིགས་ཤིག་ཡིན་པར་རྟོགས་ཕྱིར་བསྣན་ལ། དེ་བཞིན་ཛྙ་ན་ཤེས་པ་རྐྱང་པ་ཡིན་ཀྱང་དེར་ཡེ་སྒྲ་བསྣན་པ་དང་། མུ་དྲ་རྒྱ་ཡིན་པ་ལ་དེ་ཕྱག་སྒྲ་བསྣན་པ། པྲ་ཀྲ་མ་རིམ་པ་ལ་གོ་སྒྲ་བསྣན་པ་དང་། དེ་བཞིན་རྫས་སྒྲ་བསྣན་ནས་ལྷ་རྫས་ཀྱི་མེ་ཏོག་དང་ཞེས་སོགས་དང་། ཡང་ཟས་སུའི་སྒྲ་བསྣན་ནས་ཟས་སུ་མེ་ཏོག་ཟ་བ་དང་ཞེས་སོགས་མཁས་པ་རྣམས་ཀྱིས་འཆད་ཚེ་བསྣན་པའི་དབྱེ་བ་ཕྱེ་ནས་འཆད་དགོས་ལ། ཡང་འགའ་ཞིག་སྒྲ་དོན་ལ་དོགས་པ་བཟློག་ཕྱིར་རྣམ་གྲངས་ཀྱི་མིང་གཉིས་ཅིག་ཅར་བཤད་པ། དཔེར་ན། འདབ་ཆགས་དང་བྱ་གཉིས་དོན་གཅིག་ཀྱང་འདབ་ཆགས་བྱ་ཞེས་པ་ལྟ་བུ་ནི་སྒྲ་ལས་བྱའི་སྒྲ་ས་ཀུ་ན་ཞེས་པ་དེ་བཀྲ་ཤིས་སོགས་ལ་འཇུག་པས་དེའི་དོགས་པ་སེལ་ཕྱིར་དང་། (སྐབས་འདིར་ས་ཀུ་ན་དང་དཔེ་འགའ་ཞིག་ལས་ཤ་ཀུ་ན་ནི་ཀློག་ཐབས་ལས་ཤ་ཥ་ས་གསུམ་ཀློག་ཚུལ་འདྲ་བས་སོ།།) དེ་བཞིན་ཙ་ཀྲམ་དེ་ཀློང་འཁོར་དང་། ཆུ་ཚྭ། ལྗོན་པ་སོགས་ལ་འཇུག་པས་ཤིང་ལྗོན་པ་ཞེས་ལྟ་བུ་ལ་སྒྲ་བཟློས་པའི་སྐྱོན་དུ་མི་གཟུང་སྟེ་དགོས་པ་དང་ལྡན་ཕྱིར་ཡིན་ལ། ཚིག་འགའ་ཞིག་ནི་གུས་པ་སྐྱེས་ཕྱིར་དཔེར་ན། བྷ་ག་བཅོམ་ལྡན་ཡིན་ལ་དེར་འདས་སྒྲ་མེད་ཀྱང་བཅོམ་ལྡན་ཙམ་ནི་དྲག་པོ་སོགས་ལའང་འཇུག་པས་འདི་ནི་དེ་རྣམས་ལས་འདས་པའི་བཅོམ་ལྡན་ཡིན་པ་གོ་ཕྱིར་འདས་སྒྲ་བརྗོད་པ་དང་། ཡང་སངས་རྒྱས་ཞེས་བརྗོད་ན་གཉིད་སངས་པ་སོགས་བྱེ་བྲག་ལའང་འཇུག་པས་སངས་རྒྱས་བཅོམ་ལྡན་འདས་ཞེས་བཟློས་སྒྲ་བརྗོད་པ་སོགས་སོ[3]། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་སྔ་འགྱུར་མ་དག་པ་དང་འགྱུར་སྐྱོན་ཅན་རྣམས་བསྒྱུར་བཅོས་ཀྱིས་གཏན་འབེབས་ཇི་ལྟར་མཛད་པའི་ཚུལ་ཡང་། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[4]། བོད་ཕྲུག་བློ་རྣོ་བ་སུམ་ཅུ་ཐམ་པ་ལ་གསེར་མང་པོ་བརྫངས་ནས། དུས་ཡུན་གྱི་བདེ་བ་ནི་ལྷ་ཆོས་ལ་བཀོད་པའི་ཕྱིར། བདེ་བར་གཤེགས་པའི་བཀའ་གསུང་རབ་ཐམས་ཅད་གཟིགས་པས། ཆོས་པ་ལ་ལ་ནི་རྒྱ་དཀར་པོའི་སྐད། ལ་ལ་ནི་རྒྱ་ནག་པོའི་སྐད། ལ་ལ་ནི་བལ་པོའི་སྐད། ལ་ལ་ནི་ཨོ་རྒྱན་གྱི་སྐད་དུ་ཆོས་སྨྲ་བ། མེས་ཀྱི་ལྷ་དང་ཆོས་སྐད་སྣ་ཚོགས་སུ་འབྱུང་བ་འདི་སློབ་དཀའ་བས་མ་ལེགས་པས། སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་རྒྱ་གར་དུ་གསུངས་པ་ཡིན་པས། ད་ཡང་རྒྱ་གར་གྱི་སྐད་དུ། གཞན་གྱི་སྐད་རིགས་ཀུན་བསྒྱུར་ནས་རྒྱ་གར་གྱི་སྐད་ཡུག་གཅིག་ཏུ་འགྱུར་བ་བྱེད་ཅེས་བཀའ་སྩལ་ནས། བོད་ཕྲུག་བློ་རྣོ་བ་སུམ་ཅུ་ཐམ་པ་ལ་གསེར་མང་པོ་བརྫངས་ནས། རྒྱ་གར་དུ་ལོ་ཙཱ་སློབ་ཏུ་བཏང་བས་ལ་ལ་སྒྲ་མ་ཤེས། ལ་ལ་ཚད་པས་གུམ་སྟེ་དོན་མ་འགྲུབ་བོ། །དེ་ནས་བཙན་པོ། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་སྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང་མ་གྲགས་པ་གཉིས། འགྱུར་ཆད་པ་དང་ལྷག་པ་གཉིས། འགྱུར་ལོག་པ་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོན་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས། རྒྱ་གར་ཉི་འོག་གི་མཁན་པོ་ཨ་ཙཱརྱ། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཊ་དང་། སུ་ཏེནྡྲ་བོ་དྷི་དང་། བཱིརྱ་ཀ་ར་སྲ་བྷ་དེ་དང་། དཱ་ན་ཤཱི་ལ་བཞི། (སྤྱན་དྲངས་) གཏན་ལ་ཕབ་ནས། སྔར་གྱི་བསྒྱུར་བ་རྣམས་ནི་མི་ཉམས་པར་བྱ་བ་དང་། ཕྱིར་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། ཐིག་པར་རྟ་ཆེ་ཆུང་དང་། བཀའ་བཅད་དང་། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ། །ལོ་པཎ་བགྲེས་པོ་དེ་རྣམས་ལ་སྒྲ་སྒྱུར་རྒྱ་གར་གྱི་གླིང་དུ་ཆ་རྐྱེན་བླ་ནས་སྦྱར་ཏེ། མེས་ཀྱི་ལྷ་ཁང་ན་བཞུགས་པ་དང༌། བོད་ཡུལ་ན་བཞུགས་པའི་གསུང་རབ་མ་ལུས་པ་རྣམས་སྤྱན་དྲངས་ཏེ། སྔར་འགྱུར་བ་རྣམས་ལ་ཡང༌། སྟོན་པ་དང་འཁོར་གྱི་ཚོགས་ལ་ཞེ་ས་གཞུག་པར་འོས་པ་དང༌། མི་འོས་པའི་ཁྱད་པར་བཅུག་སྟེ། ཐེག་པ་ཆེ་ཆུང་གི་སྔར་མདོ་སྡེ་སོ་སོར་ཡོད་པ་རྣམས་ནི་མདོ་མང་སྟབས་གཅིག་ཏུ་བྱས། ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] མཁས་འཇུག །མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༩༤

[2] མཁས་འཇུག །མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༩༥

[3] མཁས་འཇུག་གི་དོགས་གཅོད་ཟིན་བྲིས། སྟོང་རྭ་བ་ཐུབ་བསྟན་སྨོན་ལམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༣

[4] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༤༢༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༡ ནས་ ༤༡༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *