༄༅། །བསྟན་འགྱུར་པར་གཞི་ཁག་ཅིག་གི་མཚམས་སྦྱོར་མདོར་བསྡུས།
༡ པེ་ཅིན་བསྟན་འགྱུར།
བོད་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་སྟེ། ཆིང་རྒྱལ་རབས་གསུམ་པ་གོང་མ་གཡུང་ཊིས་ཁྲི་ལོ་གཉིས་པ་སྤྱི་ལོ་ ༡༧༢༤ལོར་དབུ་བརྩམས་ཤིང་། ཆིང་རྒྱལ་རབས་བཞི་པ་གོང་མ་ཆན་ལུང་ངམ་ལྷ་སྐྱོང་གིས་ཁྲི་ལོ་གསུམ་པ་སྤྱི་ལོ་ ༡༧༣༨ལོར་མཇུག་གྲུབ་པར་བགྱིས་ཏེ་པར་དུ་བསྒྲུབས་པ་པེ་ཅིན་གོང་མའི་ཕོ་བྲང་དུ་བཞུགས་སུ་གསོལ་བ་ལ་པེ་ཅིན་བསྟན་འགྱུར་ཞེས་མཚན་དུ་གསོལ་ཞིང་།
འདིའི་ཕྱི་མོ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཡོས་སྤྱི་ལོ་ ༡༦༨༧ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་བྲིས་མ་ལ་གཞི་བྱས་ཤིང་། འདིའི་དཀར་ཆག་ཀྱང་སྡེ་སྲིད་ཀྱི་དཀར་ཆག་དེ་ཉིད་སོར་བཞག་ལས་གསར་དུ་བརྩམས་མི་འདུག ཕྱི་མོ་འདི་རྒྱ་ནག་ཏུ་ཇི་ལྟར་གདན་དྲངས་པ་སོགས་ད་དུང་ཞིབ་འཇུག་བྱ་བའི་གནས་སོ། །
པེ་ཅིན་བསྟན་འགྱུར་ལ་དཀར་ཆག་བརྩིས་པའི་གླེགས་བམ་༢༢༥དང་། ཡིག་ལྡེབ་༧༧༥༡༡བཞུགས། འདི་ནི་བོད་ཡིག་གི་བསྟན་འགྱུར་པར་དུ་བསྐྲུན་པའི་ཐོག་མ་ཡིན། འོག་ཏུ་འབྱུང་བའི་སྣར་ཐང་བསྟན་འགྱུར་གྱི་ཕྱི་མོའང་སངས་རྒྱམ་པའི་བསྟན་འགྱུར་འདི་ཉིད་ཡིན་ཕྱིར། པེ་བསྟན་དང་སྣར་བསྟན་གཉིས་ཀྱི་དག་ཆ་དང་། ཚིག་སྦྱོར་ཤིན་ཏུ་འདྲ། འོན་ཀྱང་ཆོས་ཚན་ཆད་ལྷག་དང་། གྲངས་ཀ་ལ་ཁྱད་པར་མཆིས་པ་དཔེར་ན། བསྟོད་ཚོགས་ཀྱི་ནང་དུ་པེ་བསྟན་ལ་《མཁས་པ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་》ཞེས་པའི་ཆོས་ཚན་མི་བཞུགས་ལ། སྣར་བསྟན་དུ་བཞུགས་པ་དང་། ཡང་《པེ་》《སྣར་》རྒྱུད་གསར་བཅུག་སྐབས་ཨ་བྷ་ཡ་ཀ་ར་གུཔྟས་མཛད་ཅིང་། བོད་ཀྱི་ལོ་ཙཱ་བ་སིན་དྷ་སངས་རྒྱས་གྲགས་པས་བསྒྱུར་བའི་《ནག་པོ་ཆེན་པོའི་ལས་ཚོགས་ཀླུ་སྒྲུབ་ཀྱི་མན་ངག་》ཅེས་པ་པེ་བསྟན་དུ། རྡོ་རྗེ་ནག་པོ་ཆེན་པོའི་ལས་བསྐྲད་པའི་མངོན་སྤྱོད་ཞེས་བྱ་བ་བཞུགས་སོ་ཞེས་དང་། རྡོ་རྗེ་ནག་པོ་ཆེན་པོའི་ལས་དབྱེ་བའི་མངོན་སྤྱོད་ཞེས་བྱ་བ་བཞུགས་སོ་ཞེས་པ་ལྟ་བུ་ལ་ཡིག་ཆུང་གིས་མཚན་བྱང་འཕར་མ་རེ་བཀོད་ནས་ཆོས་ཚན་བརྒྱད་བྱས་པ་དང་། སྣར་བསྟན་ལ་ཆོས་ཚན་གཅིག་བྱས་པ་སོགས་ཀྱིས་མཚོན་ནོ། །
དབུ་ལྷའི་བཀོད་ཚུལ་ཡང་། གླེགས་བམ་ཐམས་ཅད་ཀྱི་དབུ་ལྡེབ་དང་པོའི་གཡས་(འདིའི་གཡས་གཡོན་ཞེས་པ་གླེགས་བམ་གྱི་གཡས་གཡོན་ལ་གོ་)ལ་སྟོན་པ་དང་། གཡོན་ལ་ཚེ་དཔག་མེད། དབུ་ལྡེབ་གཉིས་པའི་གཡས་གཡོན་གཉིས་ལ་རྣམ་བཅུ་དབང་ལྡན་རེ་རེ་དང་། མཐའ་ལྡེབ་ལ། རྣམ་ཐོས་སྲས་དང་། ལས་ཀྱི་གཤིན་རྗེ། མགོན་པོ་ཕྱག་དྲུག །དཔལ་ལྡན་ལྷ་མོ་བཅས་བཞི་བཀོད་འདུག པར་ཤིང་འདི་བཀྭང་ཤུས་ཁྲི་ལོ་ཉེར་དྲུག་པ་སྤྱི་ལོ་༡༩༠༠ལོར་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་ཀྲུང་གོར་བཙན་འཛུལ་བྱེད་སྐབས་བརླགས་ནས། གཅིག་ལས་དུ་མ་འཆར་བའི་འཕྲིན་ལས་ཀྱི་མཐའ་རེ་ཞིག་བརྟུལ་བར་གྱུར་མོད། བོད་རབ་བྱུང་བཅོ་ལྔ་པའི་མཇུག་ཏུ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དང་། ས་དབང་ཚ་རོང་པ་ཟླ་བཟང་དགྲ་འདུལ་གཉིས་ཀྱི་རོགས་རམ་འོག །པེ་ཅིན་བཀའ་འགྱུར་དང་བསྟན་འགྱུར་འདི་གཉིས་ཚར་རེ་འཇར་པན་ཏུང་ཅིན་དུ་གདན་དྲངས་ནས། ཏ་གོས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བཞུགས་སུ་གསོལ་ཞིང་། དེ་རྗེས་སྤྱི་ལོ་༡༩༥༥ལོ་ནས་༡༩༥༨ལོའི་ནང་དུ། ཏ་གོས་སློབ་གྲྭ་ཆེན་མོ་དང་། འཇར་པན་བོད་ཀྱི་བཀའ་བསྟན་ཞིབ་འཇུག་ཁང་གིས་པེ་ཅིན་བཀའ་བསྟན་པར་མ་དེ་གཉིས་བརྙན་པར་བགྱིས་ཏེ་འགྲེམས་སྤེལ་བྱས་པ་དང་། མཚན་བྱང་དུ་བོད་ཀྱི་བཀའ་བསྟན་ཞེས་རྒྱ་ཡིག་གིས་བྲིས་ཡོད་ཅིང་། དཀར་ཆག་བཅས་བསྡོམས་དེབ་གྲངས་བརྒྱ་དང་ང་གཅིག་ཡོད་ལ། དེའི་དབུའི་དེབ་ཞེ་ལྔ་བཀའ་འགྱུར་དང་། ཞེ་དྲུག་པ་མན་ཆད་བསྟན་འགྱུར་ཡིན་ནོ། །
བཀའ་བསྟན་བརྙན་པར་མ་འདི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་པོར་ཁྱབ་ནས་ཡོད་ལ། ཀྲུང་གོའི་པེ་ཅིན་དཔེ་མཛོད་ཁང་དང་། མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་སོགས་སུའང་བཞུགས་ཡོད། འདིའི་དེབ་ཀྱི་མཛེས་བཀོད་ཤིན་ཏུ་སྤུས་ལེགས་ལ། དེབ་ཤུབས་དང་། དེབ་ལྟག །སྦྱར་ཤོག །མདུན་ཤོག་ཕྱི་ནང་དང་། དཔེ་གཞིའི་ཇུས་འགོད། སྦྱོར་འཛེར་བྱེད་སྟངས། རྒྱུ་ཆ་འདེམས་སྟངས་སོགས་ཤིན་ཏུ་ལེགས་པར་མཆིས། ཐེངས་འདིའི་དཔེ་སྡུར་བྱེད་སྐབས་ཀྱང་པེ་ཅིན་བསྟན་འགྱུར་གྱི་ཚབ་ནི་བརྙན་པར་མ་འདིས་བྱས་པ་ཡིན་ནོ། །
༢ སྡེ་དགེའི་བསྟན་འགྱུར།
ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ཆེན་པོ་ལ་མངའ་གསོལ་བའི་གདན་རབས་སུམ་ཅུ་པ་འཇམ་དབྱངས་བཀྲ་ཤིས་ལྷུན་གྲུབ་གྲཊ་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་གིས་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་འཚལ་པར་དུ་བསྒྲུབ་པར་བསྐུལ་བ་ལྟར། བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་(སྤྱི་ལོ་༡༧༣༧)གྱི་ལོར་ཁམས་སྡེ་དགེའི་རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བགྱིས་ཏེ། པར་དུ་རྐོ་བའི་དབུ་བརྩམས། གླེགས་བམ་བདུན་ཙམ་ཚར་མཚམས་ཆོས་རྒྱལ་དགོངས་པ་རྫོགས་ཀྱང་། དེའི་སྲས་སྡོམ་བརྩོན་རྒྱལ་པོའི་ཚུལ་ཅན་བླ་མ་ཀུན་དགའ་འཕྲིན་ལས་རྒྱ་མཚོ་མཆོག་གིས་པར་བརྐོའི་ལས་མཇུག་བསྐྱངས་ནས་ཤིང་བྱི་(སྤྱི་ལོ་༡༧༤༤)ལོ་སྟེ་བགྲང་བྱ་བདུན་གྱི་རིང་ལ་ཞུས་དག་དང་བཅས་གྲུབ་པར་མཛད་ནས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་པ་ལ་སྡེ་དགེ་བསྟན་འགྱུར་ཞེས་མཚན་དུ་གསོལ།
བསྟན་འགྱུར་འདིའི་ཕྱི་མོ་གང་ལ་བྱས་ཚུལ་འོག་ཏུ་གསལ་ལ། འདིའི་ཡི་གེ་མཁན་དང་ཞུ་དག་མཁན་རྣམས་ཀྱི་སློབ་སྟོན་པའམ་ཞུས་ཆེན་པ་ནི། ལྔ་རིག་སྨྲ་བའི་དབང་པོ་ཞུས་ཆེན་པ་ཚུལ་ཁྲིམས་རིན་ཆེན་ཡིན་ལ། ཁོང་གིས་བསྟན་འགྱུར་པར་དུ་བསྒྲུབས་ཟིན་པ་དང་དུས་མཚུངས་སུ་སྡེ་བསྟན་དཀར་ཆག་《ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་》ཞེས་པའང་བརྩམས་གྲུབ་ཅིང་། དེའི་བརྗོད་བྱ་ནི་ཡིད་ཆེས་སྐྱེ་སླད་བསྟན་པ་གང་ལས་བྱུང་བ་བཤད་པ་དང་། སྤྲོ་བ་འཕེལ་ཕྱིར་མཁས་པ་རྣམས་ཀྱིས་བསྟན་པར་བྱ་བ་བྱས་ཚུལ། དགྲོལ་བྱ་དམ་པའི་ཆོས་ཀྱི་རྣམ་གཞག །འགྲེལ་བྱེད་བསྟན་བཅོས་ཀྱི་རྣམ་གཞག །བསྟན་པའི་ཆེད་དུ་དགོངས་འགྲེལ་པར་དུ་བསྒྲུབ་པར་བསྐུལ་བ། ཇི་ལྟར་བསྐུལ་བ་བཞིན་པར་དུ་བསྒྲུབས་ཚུལ། རྟོགས་བདེ་ཕྱིར་ཆོས་ཀྱི་བཞུགས་བྱང་བཀོད་པ། བྱ་བ་དོན་ལྡན་བྱ་ཕྱིར་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ་ས་བཅད་ཆེན་པོ་བརྒྱད་ཀྱིས་བསྟན་ཡོད་ལ། འདི་ནི་བསྟན་འགྱུར་དཀར་ཆག་རྣམས་ཀྱི་ནང་ནས་ཆེས་རྒྱས་པ་ཞིག་གོ །འདིའི་དཀར་ཆག་ཏུ་སྡེ་བསྟན་ཡོངས་རྫོགས་ལ་གླེགས་བམ་གྱི་གྲངས་བརྒྱ་ཕྲག་གཉིས་ལ་བཀྲ་ཤིས་པའི་གྲངས་ཀྱིས་བརྒྱན་པ་བཞུགས་པར་གསུངས་པ་ནི། སྣ་ཚོགས་ཀྱི་ཐོ་དང་། དོ། ནོ། པོ་དང་དཀར་ཆག་ཤྲཱིཿབཅས་ནི་དེ་སྐབས་འཁོད་མེད་པ་དང་། པོད་ལྔ་པོ་དེ་དག་ཕྱིས་སུ་བསྟན་འགྱུར་གྱི་ཁར་བསྣན་ཏེ་བརྐོས་པའོ། །དེ་ལྟར་ན་སྡེ་བསྟན་ལ་བསྡོམས་པའི་གླེགས་བམ་༢༡༣དང་། ཡིག་ལྡེབ་༦༤༥༡༢ཡོད། དེའི་ཐོག་《ཇོ་བོའི་ཆོས་ཆུང་》བསྣན་ན་གླེགས་བམ་༢༡༤དང་། ཡིག་ལྡེབ་༦༤༧༧༠ཡོད་དོ། །
གཞན་ཡང་གླེགས་བམ་རྣམས་ཀྱི་དབུ་ཁང་གཡས་གཡོན་དུ་བཞུགས་པའི་སྐུ་བརྙན་ལ། ཐོག་མར་བསྟོད་ཚོགས་ཀྱི་དབུར་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དེའི་བསྟན་པ་ལ་མཛད་རྗེས་ཅན་ས་སྐྱ་པཎྜི་ཏའི་སྐུ་བརྙན་དང་། དེ་ནས་རིམ་པར་རྒྱུད་སྡེ་གོང་འོག་གི་འགྲེལ་པ་རྣམས་ལ་རྒྱུད་སྡེ་རང་རང་ནས་འབྱུང་བའི་ཡི་དམ་ལྷའི་གཙོ་བོ་དང་། དེའི་འགྲེལ་བྱེད་ཀྱི་སློབ་དཔོན་དང་། སོ་སོའི་དབང་བཤད་ཀྱི་བརྒྱུད་པ་ནས་བྱུང་བའི་བླ་མ་འགའ་ཞིག་དང་། མཛད་པ་པོ་སོགས་སྔར་བརྐོས་ཟིན་པས་ཟློས་པར་འགྱུར་བ་ལ་འདོད་པའི་ལྷ་གཞན་དང་། འཕགས་ཡུལ་གྱི་པཎྜི་ཏ་དང་གྲུབ་ཐོབ། མཐའ་རུ་རྒྱུད་སྡེ་སོ་སོ་ནས་བཤད་པའི་ཆོས་སྐྱོང་དང་། ནོར་ལྷ་འགའ་དང་། མཚན་ཉིད་ཐེག་པའམ་མདོའི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་མངོན་རྟོགས་རྒྱན་གྱི་དབུར་སྟོན་པ་རྫོགས་པའི་སངས་རྒྱས་དང་། བསྟན་བཅོས་གསུང་པ་པོ་བྱམས་པ་དང་། དེ་ནས་རིམ་པར་《བྱང་ཆུབ་ལྟུང་བ་བཤགས་པའི་མདོ་》ལས་བྱུང་བའི་སངས་རྒྱས་སུམ་ཅུ་རྩ་ལྔ་དང་། 《དཔང་སྐོང་ཕྱག་བརྒྱ་པ་》ནས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་དང་། 《ཕྱོགས་བཅུ་མུན་སེལ་》ནས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་རེ་དང་། གཡོན་དུ་《དཔང་སྐོང་ཕྱག་བརྒྱ་པ་》ནས་བྱུང་བའི་བྱང་ཆུབ་ སེམས་དཔའ་བཅུ་དང་། དེ་ལས་གཞན་ཕལ་ཆེ་བ་ནི་《མེ་ཏོག་བཀོད་པའི་མདོ་》ལས་བྱུང་བའི་སངས་རྒྱས་བརྒྱ་ཉི་ཤུ་རྩ་གསུམ་ལས་གང་ཆུད་དང་། མངོན་པ་ལ་འཇམ་དཔལ་སོགས་བྱང་ཆུབ་སེམས་དཔའ་བརྒྱད་དང་། འདུལ་བར་ཐུབ་པ་གནས་བརྟན་བཅུ་དྲུག་དང་། ཉན་ཐོས་མཆོག་བརྒྱད། རིག་གནས་སྐོར་ལ། སྔར་གྱི་སངས་རྒྱས་རྣམས་ལས་མ་རྫོགས་པ་རྣམས་ཚང་བར་བཀོད་པ་དང་། བསྟན་བཅོས་རང་རང་གི་མཛད་པ་པོ་དང་། བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་དང་རྒྱལ་བློན་འགའ་རེ། སྡེ་དགེའི་མཆོད་ཡོན་རྣམས་དང་། ཆོས་སྤྱིའི་སྲུང་མ་རྒྱལ་པོ་ཆེན་པོ་བཞིའི་སྐུ་བརྙན་བཅས་བྲིས་ཡོད་དོ། །
བསྟན་འགྱུར་འདིའི་ཁྱད་ཆོས་གཙོ་བོ་ནི། པར་གཞི་གཞན་དག་གི་འཁྲུགས་པ་དང་། ཟློས་པ་དང་ཐེ་ཚོམ་ཅན་རྣམས་འདོར་ལེན་བྱས་པ་དང་། ཡིག་ནོར་ཤིན་ཏུ་ཉུང་བ། པར་གཞིའི་བཀོད་པ་ལེགས་ལ་དབུ་ལྷ་རྣམས་ཀྱི་བྲིས་བརྐོས་སྒྲོས་གཙང་བ། ཡིག་གཟུགས་གསལ་ཞིང་མཛེས་པས་མཇལ་བ་ཙམ་གྱིས་བོད་ཀྱི་པར་བརྐོའི་ལག་རྩལ་གྱི་ཆུ་ཚད་རྟོགས་ཐུབ་པ་མ་ཚད། ཀློག་པ་པོའི་འདྲེན་བྱེད་དབང་མེད་དུ་འཕྲོག་ནས་སྤྲོ་བ་མི་ཟད་པ་སྐྱེད་ནུས་པའི་ཁྱད་ཆོས་བཅས་ལྡན་ནོ། །
བསྟན་འགྱུར་འདི་ཐོག་མར་བཞེངས་སྐབས་མཚལ་པར་ཡིན་པར་གྲགས་ཀྱང་། ཕྱིས་སུ་མཚལ་གོང་ཆེ་བས། གླེགས་བམ་དང་པོ་བསྟོད་ཚོགས་ལས་གླེགས་བམ་ཕྱི་མ་རྣམས་སྣག་པར་དུ་བསྒྱུར་བ་དང་། ད་ལྟ་པར་ཤིང་ཡོངས་རྫོགས་མ་ཉམས་པར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་ཤིང་། རྒྱལ་ཁབ་ཕྱི་ནང་ཐམས་ཅད་དུ་འགྲེམས་སྤེལ་བྱེད་བཞིན་ཡོད།
སྤྱི་ལོ་༡༩༧༦ནས་༡༩༧༩ལོ་བར་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེས་སྡེ་དགེའི་པར་མའི་བཀའ་བསྟན་འགྱུར་ཚར་ལྔ་བརྒྱ་ཐམ་པ་པར་སློག་བརྒྱབ་སྟེ། ཕྱི་ནང་གི་མི་རིགས་དང་། རིས་མེད་གྲུབ་མཐའ་ཁག་གི་དགོན་སྡེ་དང་། དཔེ་མཛོད་ཁང་བཅས་ལ་བླུ་ཡོན་མེད་པར་འབུལ་གནང་མཛད་པ་དང་། རྗེས་སུ་ཡང་སྡེ་དགེའི་བསྟན་འགྱུར་ཚར་ཉིས་བརྒྱ་ལྔ་བཅུ་ཐམ་པ་པར་སློག་བརྒྱབ་སྟེ་འགྲེམས་སྤེལ་མཛད། དེ་རྗེས་སྤྱི་ལོ་༡༩༨༡ལོར་སྡེ་དགེ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་བུ་དགོན་མགོ་ལོག་དར་ཐང་དགོན་པའི་སྤྲུལ་སྐུ་ཀུན་དགའ་རིན་པོ་ཆེས་ཐུགས་འཁུར་གནང་བའི་འོག་ཨ་མེ་རི་ཀའི་ཁ་ལི་ཧྥུ་ཉི་ཡའི་པར་ཁང་ནས་སྡེ་དགེའི་པར་མའི་བཀའ་བསྟན་གཉིས་ཀ་གློག་ཀླད་དུ་བཅུག་ནས་དེབ་གྲངས་༡༢༠ཅན་ཚར་བརྒྱ་ཐམ་པ་པར་ནས་འགྲེམས་སྤེལ་བྱས་པ་དང་། བསྟན་བཅོས་《བྱེ་བྲག་བཤད་མཛོད་ཆེན་མོ་》དང་《ཤེར་ཕྱིན་ཆེན་མོ་》གཉིས་སྔོན་ཆད་བོད་དུ་མ་འགྱུར་བས་རྒྱ་ཡིག་གི་པར་གཞི་རེ་འདིའི་ནང་དུ་བསྣན་འདུག
དེ་ལས་《བྱེ་བྲག་བཤད་མཛོད་ཆེན་མོ་》ནི། འཕགས་པ་ཉེར་སྦས་(སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་ཡོད་པའི་དགྲ་བཅོམ་པ་ཞིག་)དང་། ཁོང་གི་སློབ་མ་ཟླ་བ་ནོར་བུ་སོགས་དགྲ་བཅོམ་པ་ལྔ་བརྒྱས་རྒྱ་གར་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་བརྩམས་ཤིང་། གཞུང་དེ་ལ་བསྡོམས་པའི་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད། འདི་ནི་བྱེ་བྲག་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་ཆ་ཚང་ཞིབ་རྒྱས་སུ་སྟོན་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་པས། སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་། པཎྜི་ཏ་ཛི་ན་མི་ཏ྄་དང་ཤཱི་ལེནྡྲ་བྷོ་དྷི། ངཱ་ན་ཤཱི་ལ། བོད་ཀྱི་ལོ་ཆེན་བཻ་རོ་ཙ་ན་རྣམས་ཀྱིས་གཞུང་འདི་བསྒྱུར་བའི་དབུ་བཙུགས་ཀྱང་། དེ་རྗེས་ལོ་པཎ་དེ་སྐབས་བཞུགས་པ་རྣམས་དང་། ཕྱི་རབས་འབྱོན་རྒྱུ་རྣམས་ཆོས་བསྒྱུར་བ་ལ་བཟང་ངན་བསྡུར་བའི་ཕྱིར་རྒྱ་དཔེ་བསྒྱུར་འཕྲོ་ཅན་དེ་ཉིད་བསམ་ཡས་དབུ་རྩེར་བཞག་ཚུལ་《པདྨ་བཀའ་ཐང་》ལས། “ཛི་ན་མི་ཏ྄་ཤཱི་ལེནྡྲ་བྷོ་དྷི༔ མཁས་པ་ཆེན་པོ་ངཱ་ན་ཤཱི་ལ་དང་༔ ཞུ་ཆེན་ལོ་ཙཱ་བཻ་རོ་ཙ་ན་ཡིས༔ བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ནི༔ སུམ་བརྒྱ་བསྒྱུར་བའི་དབུ་བཙུགས་བསྒྱུར་འཕྲོ་བཞག༔ རྒྱ་དཔེ་ཉིད་ནི་བསམ་ཡས་དབུ་རྩེར་བཞུཊ༔ ལོ་པཎ་ད་ལྟ་བཞུགས་དང་ཕྱི་རབས་འབྱོན༔ བཟང་ངན་འགྲན་ཕྱིར་བཤད་མཛོད་ཆེན་མོ་བཞག༔”ཅེས་སོ། །དེ་རྗེས་རྒྱའི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ་སློབ་དཔོན་ཧྥ་ཙུན་(法尊法师༡༩༠༢-༡༩༨༠)གྱིས་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་ལོ་དགུན་ཟླ་ར་བ་སྤྱི་ལོ་༡༩༤༥ལོ་ནས་བསྒྱུར་བའི་དབུ་བཙུགས། ས་གླང་ལོའི་སྟོན་ཟླ་ཐ་ཆུང་སྤྱི་ལོ་༡༩༤༩ལོའི་བར་ལོ་ངོ་ལྔའི་རིང་ལ་སྔོན་རྒྱའི་ལོ་ཙཱ་བ་ཆེན་པོ་ཐང་ཟན་གཙང་གིས་རྒྱ་གར་གྱི་སྐད་ཡིག་ལས་རྒྱ་ཡིག་ཏུ་བསྒྱུར་བ་ལ་གཞིར་བཟུང་ནས་བོད་སྐད་དུ་བསྟན་བཅོས་ཆེན་པོ་དེ་ཉིད་ཡོངས་སུ་རྫོཊ་པར་བསྒྱུར་ཡང་། རྐྱེན་དབང་གིས་ཤིང་པར་དུ་བརྐོ་མ་ཐུབ། ཐེངས་འདིར་བཀའ་བསྟན་དཔེ་སྡུར་ཁང་གིས་བསྟན་འགྱུར་དཔེ་བསྡུར་མའི་ནང་དུ་དེ་ཉིད་འཇུག་རྩིས་བྱས་ཏེ། འདིའི་མ་དཔེ་ག་ས་ག་ལ་འཚོལ་སྡུད་བྱས་པས། བོད་ཀྱི་མཁས་པ་ཆེན་པོ་ཐུབ་བསྟན་ཉི་མ་རིན་པོ་ཆེ་བརྒྱུད་ནས་བསྟན་བཅོས་དེ་ལས་ཡེ་ཤེས་ལ་འཇུག་པའི་གླེང་གཞི་དང་《བྱེ་བྲག་བཤད་མཛོད་ཆེན་མོ་》དེ་ཉིད་ཀྱི་འགྱུར་བྱང་དང་བཅས་ཤོག་ལྡེབ་བཅོ་ལྔ་ཕྱི་གླིང་པ་ཞིག་གི་ལག་ནས་ནོར་བུ་གླིང་ཁར་བཞུགས་པ་པར་སློག་བརྒྱབ་པ་ཞིག་ཐོབ། གཞན་རྣམས་ད་དུང་རྩད་འཚོལ་བྱེད་བཞིན་པ་ལགས་ལ། ཕྱིས་སུ་ལག་སོན་བྱུང་འཕྲལ་གསར་སྣོན་ཞུ་རྩིས་ཡོད།
གཞན་ཡང་སྤྱི་ལོ་༡༩༨༠ལོར་སླར་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་སྒོ་འབྱེད་དང་འབྲེལ་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་སེར་སྐྱ་དང་། དགོན་སྡེ་དང་དཔེ་མཛོད་ཁང་སོགས་ཀྱིས་སྡེ་དགེའི་བཀའ་བསྟན་པར་མ་འཚང་ཁའི་སྒོ་ནས་བླུ་ཉོ་བྱེད་བཞིན་མཆིས། དེ་རྗེས་རིམ་པར་ཁྲིན་ཏུའུ་གྲོང་ཁྱེར་ནས་གསར་བཙུགས་ཀྱི་པར་འདེབས་བཟོ་གྲྭ་མང་པོས་ཀརྨ་པས་སྡེ་དགེའི་བཀའ་བསྟན་པར་མ་ལ་འབྲུ་མི་གསལ་བ་རྣམས་གསལ་བར་བྱས་ཏེ་པར་སློག་གནང་བའི་པར་མ་དེ་ལ་པར་སློག་བརྒྱབ་ནས་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང་། དེ་ལས་བཀའ་འགྱུར་ལོ་རེར་ལྡེབ་རིང་ལྡེབ་འབྲིང་ལྡེབ་ཐུང་ཅན། ཚོས་དམར་དང་ཚོས་ནག་གིས་ཚར་སྟོང་ཕྲག་མང་པོ་པར་ནས་རྒྱལ་ཁབ་ཕྱི་ནང་ཐམས་ཅད་དུ་སྤེལ་བཞིན་ཡོད་པ་དང་། བོད་དུའང་དགོན་པ་ཆེ་ཆུང་ཐམས་ཅད་ལ་སྡེ་དགེའི་བཀའ་བསྟན་ཆ་ཚང་རེ་མེད་མཁན་མེད་པ་ལྟ་བུ་དང་། དེ་བཞིན་ཁྱིམ་ཚང་འབྱོར་ལྡན་རེ་ལ་བཀའ་བསྟན་ཚར་རེ་དང་ཁྱིམ་ཚང་དཀྱུས་མ་ཕལ་ཆེ་བས་ཀྱང་བཀའ་འགྱུར་ཚར་རེ་བླུ་བཞིན་ཡོད་པ་དང་། གསར་དུ་རྟེན་བཞེངས་མཛད་པའི་མཆོད་རྟེན་སོགས་ཀྱི་གཟུངས་གཞུགས་སུ་བཀའ་བསྟན་འགྱུར་ཚར་བརྒྱ་སྟོང་མང་པོ་པར་གྱིན་ཡོད་པ་སོགས་ཀྱིས་མཚོན་སྡེ་དགེའི་བཀའ་བསྟན་འགྱུར་པར་མ་འདི་ནི་བོད་ཡིག་གི་བཀའ་བསྟན་འགྱུར་པར་མ་ཐམས་ཅད་ལས་ཕྲིན་ལས་དར་ཁྱབ་ཆེ་ཤོས་ཤིག་ཏུ་གྱུར།
༣ སྣར་ཐང་བསྟན་འགྱུར།
མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་པའི་བདག་པོ་མཛད་དེ། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་(སྤྱི་ལོ་༡༧༤༡)དབུ་བརྩམས་ཤིང་། ཆུ་ཁྱི་ལོའི་(སྤྱི་ལོ་༡༧༤༢)ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་སྟེ་བགྲང་བྱ་གཅིག་དང་ཟླ་བ་བདུན་ཞག་ཉི་ཤུ་རྩ་ལྔའི་རིང་ལ། མཇུག་རྫོགས་པར་བགྱིས་ཏེ་ཤིང་པར་དུ་བསྒྲུབས་པའི་བསྟན་འགྱུར་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པ་དེ་ཡིན་ཅིང་། འདི་ནི་བོད་ཡིག་བསྟན་འགྱུར་ཤིང་པར་བརྐོ་བའི་ལས་རྒྱུན་ཐུང་ཤོས་དེ་ཡིན་ནོ། །
འདིའི་ཕྱི་མོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་ཡིན་པ་དཀར་ཆག་ཏུ་གསལ་ལ། མཇུག་ཡོངས་སུ་གྲུབ་པའི་ལོ་དེར་ཕོ་ལྷ་བའི་བཀའ་གསུང་དང་དུ་བླངས་ནས་ཕུར་བུ་ལྕོག་གི་རི་ཁྲོད་པ་ངག་དབང་བྱམས་པས་《བསྟན་བཅོས་འགྱུར་རོ་ཅོག་གསུང་པར་དུ་བསྒྲུབས་པའི་དཀར་ཆག་ཚངས་པའི་དབྱངས་》ཞེས་བྱ་བ་བརྩམས། བསྟན་འགྱུར་འདི་ལ་གླེགས་བམ་༢༢༥དང་། ཡིག་ལྡེབ་༧༦༨༨༣ཡོད་དོ། །བསྟན་འགྱུར་འདིའི་ཁྱད་ཆོས་ནི། ལྡེབ་ངོས་རྒྱ་ཆེ་ཞིང་། ཡི་གེའི་འབྲུ་རགས་པ་སོགས་ཡིན་ལ། ཡི་གེའི་དག་ཆ་སྐོར་པེ་བསྟན་དང་ཤིན་ཏུ་འདྲ། ཆོས་ཚན་ཐུང་བ་རེ་གཉིས་ཆད་ལྷག་འདུག་པ་དང་། དབུ་ལྷའི་བཀོད་ཚུལ་མི་འདྲ་བ་ལས་དེ་མིན་ཆོས་ཚན་སྒྲིག་རིམ་སོགས་པེ་བསྟན་དང་གཅིག་གྱུར་རེད་འདུག པར་ཤིང་འདི་རིག་གནས་གསར་བརྗེའི་དུས་འགྱུར་སྐབས་བརླགས་ནས་ད་ལྟ་སྣར་ཐང་དུ་པར་ལྡེབ་བརྒྱ་ཕྲག་ཙམ་ལས་ལུས་མེད་ཀྱང་། སྤྱི་ལོ་༡༩༩༥ནས་བཟུང་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་སྙེ་མོ་རྫོང་དུ་པར་ཤིང་གསར་དུ་བཞེངས་ཀྱིན་ཡོད་པར་གྲགས། ཀ༤ ཅོ་ནེའི་བསྟན་འགྱུར། ཅོ་ནེའི་མི་དབང་འཇམ་དབྱངས་ནོར་བུའི་བཙུན་མོ་རིན་ཆེན་དཔལ་འཛོམས་དང་དེའི་སྲས་ཅོ་ནེའི་དཔོན་རབས་བཅུ་བཞི་པ་བསྟན་སྲུང་ཚེ་རིང་ཡུམ་སྲས་ཟུང་གིས་སྦྱིན་བདག་བགྱིས་ཏེ། བོད་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་(སྤྱི་ལོ་༡༧༥༣)ལོར་དབུ་བརྩམས་ནས། ཆུ་འབྲུག་(སྤྱི་ལོ་༡༧༧༢)ལོའི་བར་ཏེ་བགྲང་བྱ་ཉི་ཤུ་ཙམ་གྱི་རིང་ལ་བརྩོན་པ་ཆེན་པོས་པར་དུ་བསྒྲུབས་ནས་ཅོ་ནེ་དགོན་ཆེན་དུ་བཞུགས་པ་དེ་ཡིན།
འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་ཆུ་སྦྲུལ་(སྤྱི་ལོ་༡༧༧༣)ལོར་དེའི་དཀར་ཆག་《བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་ཡིད་བཞིན་ནོར་བུའི་ཕྲེང་བ་》ཞེས་བྱ་བ་བརྩམས། དཀར་ཆག་འདིའི་ནང་དུ་སྟོན་པ་འཇིག་རྟེན་དུ་བྱོན་པ་དང་། བསྟན་པ་དམ་ཆོས་ཀྱི་རྣམ་གཞག །བསྟན་འཛིན་རྣམས་ཀྱིས་བསྟན་པ་ཇི་ལྟར་བསྐྱངས་པ། པར་དུ་ཇི་ལྟར་བསྒྲུབས་པ། བཞུགས་བྱང་དཀར་ཆག་ཏུ་བཀོད་པ། དེ་ལྟར་བཞེངས་པའི་དགོས་ཆེན་ཕན་ཡོན་བསྔོ་སྨོན་དང་བཅས་ལེའུ་དྲུག་བཞུགས། དེ་ལས་ལེའུ་ལྔ་པ་བཞུགས་བྱང་དཀར་ཆག་ནི་ཁོང་ཉིད་ཀྱི་ལྗགས་རྩོམ་དངོས་མ་ཡིན་པ་སྡེ་བསྟན་དཀར་ཆག་ལྟར་བཀོད་ཚུལ་ཡང་། དཀར་ཆག་དེ་ཉིད་ལས། “འདིར་བཀོད་པའི་གོ་རིམ་རྣམས་བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་དཀར་ཆག་དང་ཅུང་ཟད་མི་མཐུན་ཀྱང་། སྔོན་ནས་སྡེ་དགེའི་པར་མ་ཕྱི་མོར་བཟུང་སྟེ་བརྐོས་ཚར་འདུག་པ་བརྟེན། དེ་ཉིད་ཀྱི་དཀར་ཆག་ནས་བྱུང་བ་ཇི་བཞིན་བཀོད་པ་ཡིན་ནོ་”ཞེས་གསུངས་པ་ལྟར་བསྟོད་ཚོགས་སྐོར་འཁོད་མེད་པ་ཕུད། གཞན་སྣ་ཚོགས་ཐོ་སོགས་ཁ་སྐོང་གི་པོད་བཞི་ཅོ་བསྟན་དུ་མི་བཞུགས་ཀྱང་དཀར་ཆག་ཏུ་སྡེ་བསྟན་དཀར་ཆག་ཇི་བཞིན་བཀོད་འདུག །གཞན་ཡང་དཀར་ཆག་འདི་ཁོང་གི་གསུང་འབུམ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར་མ་པོད་《ཅ་》པའི་ནང་དུ་བཞུགས་པ་ལ། ལེའུ་ལྔ་པ་བཞུགས་བྱང་དཀར་ཆག་ནི་“ལྗགས་རྩོམ་དངོས་མ་ཡིན་འདུག་པས་འདིར་ཡང་པར་དུ་མ་བཀོད་”ཅེས་པར་དུ་བཀོད་མི་འདུག །
མདོར་ན་ཅོ་བསྟན་དཀར་ཆག་ཏུ་བསྟན་འགྱུར་འདིའི་ཕྱི་མོ་སྡེ་དགེའི་བསྟན་འགྱུར་གྱིས་བྱས་ཡོད་པ་གསལ་པོར་འཁོད་ཅིང་། བསྟན་འགྱུར་གྱི་དབུའི་བསྟོད་ཚོགས་ཅོ་བསྟན་དུ་སྔར་བརྐོས་མེད་ཀྱང་ཕྱིས་དཀོན་མཆོག་བསྟན་པའི་སྒྲོན་མེའི་བཀས་ཐོག་མར་བསྐུལ་ཞིང་། དབལ་མང་དཀོན་མཆོག་རྒྱལ་མཚན་པའི་ཞལ་སྔ་ནས་རྟིང་བསྐུལ་ནན་ཆེར་མཛད་པ་བཞིན་ལྕོག་རོ་པར་དཔོན་དཀོན་མཆོག་བསྟན་འཛིན་གྱིས་ཁུར་དུ་བཞེས་ཏེ། རབ་བྱུང་བཅུ་བཞི་པའི་ས་བྱ་(སྤྱི་ལོ་༡༨༤༩)ལོར་པར་གསར་དུ་བརྐོས་པའི་བསྟོད་ཚོགས་ལ་ཆོས་ཀྱི་རྣམ་གྲངས་དྲུག་ཅུ་རེ་བཞི་བཞུཊ་ཤིང་། སྡེ་བསྟན་དུ་བཞུཊ་པའི་ཆོས་ཚན་བརྒྱད་འདིར་ཆད་པ་དང་། པེ་བསྟན་དུ་མེད་པའི་《མཁས་པ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་》འདིར་བཞུགས་པས། འདིའི་ཕྱི་མོ་ནི་སྣར་ཐང་པར་མའི་བསྟོད་ཚོགས་ཀྱིས་བྱས་པ་གྲུབ་བོ། །སྡེ་བསྟན་གྱི་མཚན་ཉིད་ཐེག་པའི་མཇུག་ཏུ་རྗེས་སུ་བསྣན་པའི་གླེགས་བམ་ཐོ་དང་། དོ། ནོ། པོ་སྟེ་སྣ་ཚོགས་པོད་བཞི་འདིར་འཁོད་མི་འདུག་པས། ཅོ་བསྟན་ལ་བསྡོམས་དཀར་ཆག་བརྩིས་པའི་གླེགས་བམ་༢༠༩དང་། ཡིག་ལྡེབ་༦༣༣༩༦ཙམ་བཞུགས། ཐེངས་འདིའི་དཔེ་སྡུར་བྱེད་སྐབས་ཀྱི་ཅོ་ནེའི་བསྟན་འགྱུར་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་ཅོ་བསྟན་ལ་པར་སློག་བརྒྱབ་པས། དེ་ལ་བསྟོད་ཚོགས་ཀ་དང་། རྒྱུད་དུ། མཚན་ཉིད་ཐེག་པ་ཀོ་(གསོ་རིག་)ཀ་བཅས་པོད་གསུམ་མི་ཚང་བས་དེ་དག་ཀྱང་ད་ལན་དཔེ་སྡུར་བྱུང་མེད། གོང་དུ་གསལ་བཤད་བྱས་པའི་གླེགས་བམ་དེ་དག་དང་། གཞན་ཡི་གེ་བརྐོས་ནོར་ཤོར་བ་རྣམས་ཕུད་པའི་དེ་མིན་ཆོས་ཚན་གྱི་སྒྲིག་རིམ་སོགས་ཐམས་ཅད་སྡེ་བསྟན་དང་གཅིག་མཚུངས་ཡིན་ལ། དབུ་ལྷ་བཀོད་ཚུལ་ཐད་ལྷ་རྣམས་ཀྱི་མཆོད་པ་དང་། ཡུལ་བཀོད་སོགས་ཀྱི་རི་མོ་ཅུང་ཟད་ཁྱད་པར་མཆིས་པ་ལས་དབུ་ལྷ་དངོས་སྡེ་བསྟན་དང་མཚུངས། ཡིག་གཟུགས་ཀྱི་མཛེས་ཆ་ཡང་སྡེ་བསྟན་དང་ཤིན་ཏུ་འདྲའོ། །