༢༽ དཔལ་ནཱ་ལེནྡྲ་ལོ་ ༨༠༠ རྗེས་སུ་སླར་གསོ་བྱུང་ཚུལ།

༢༽ དཔལ་ནཱ་ལེནྡྲ་ལོ་ ༨༠༠ རྗེས་སུ་སླར་གསོ་བྱུང་ཚུལ།

 

བོད་བརྒྱུད་ནང་བསྟན་གྱི་ཕ་ས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་ཁང་གཏོར་བཤིག་སོང་སྟེ་ལོ་ངོ་ ༨༠༠ ཐམ་པའི་རྗེས་སུ་སླར་གསོ་གནང་། དེ་ཡང་ལོ་ངོ་ ༡༤༠༠ ལྷག་གི་ཡར་སྔོན་དུ་རྒྱའི་ཧྭ་ཤང་ཐང་ཟན་བླ་མ་དང་། སྡེ་སྣོད་འཛིན་པ་ཡཱི་ཅིན། ཧྥ་ཤཱན་སོགས་དང་། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་ཀྱི་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་ས་བྷོ་ཊ་ནས།

ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བར་བོད་ཀྱི་ལོ་པཎ་སྐྱེས་ཆེན་དམ་པ་དུ་མས་གསན་བསམ་སློབ་གཉེར་མཛད་མྱོང་བའི་རྒྱ་གར་འཕགས་ཡུལ་གྱི་ནང་པའི་ཆེས་མཐོའི་སློབ་གཉེར་གྱི་བསྟི་གནས་དང་། རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན། གྲུབ་ཆེན་བརྒྱ་ཅུ་རྩ་བཞི་སོགས་པཎ་གྲུབ་དུ་མའི་འབྱུང་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་གྲུ་གུའི་དམག་གིས་ཡོངས་སུ་བསྣུབས་ཏེ་ལོ་ངོ་ ༨༠༠ འདས་རྗེས་སླར་གསོ་བྱུང་ཡོད།

དེ་ཡང་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དང་། རྒྱ་ནག །ཀོ་རི་ཡ། འབར་མ། ཉི་ཧོང་། ཀམ་བྷོ་ཌི་ཡཱ། ཐའེ་ལན། སིང་གཱ་པོར། མ་ལེ་ཤི་ཡ་སོགས་ནང་ཆོས་དར་བའི་རྒྱལ་ཁབ་ ༡༨ མཉམ་འབྲེལ་གྱིས་ཨ་སྒོར་དུང་ཕྱུར་ ༡༠ ཡི་འགྲོ་སོང་བཏང་ནས་དཔལ་ན་ལེནྡྲའི་གནའ་ཤུལ་གྱི་ཉེ་འཁོར་དུ་སློབ་གཉེར་ཁང་བསྐྱར་བཞེངས་བྱ་རྒྱུའི་འཆར་གཞི་བཀོད་དེ་གསར་འཛུགས་བྱས་པའི་གཙུག་ལག་སློབ་གཉེར་ཁང་དེར་ནཱ་ལེནྡྲ་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་། ཞེས་འབོད་རྒྱུ་དང་། ནོ་སྦེལ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཨ་མར་དཱི་ཡ་སིང་གིས་ཉེ་བའི་རིགས་བདག་གི་ལས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་ཡོད།

ཕྱི་ལོ་ ༢༠༡༤ ལོར་དཔལ་ནཱ་ལེནྡྲར་འཇིགས་པ་བྱུང་ནས་ལོ་ངོ་ ༨༠༠ འདས་རྗེས་བསྐྱར་བཞེངས་ཡོངས་སུ་ལེགས་གྲུབ་ཟིན་ནས་སློབ་མ་བསྡུས་ཏེ་ལོ་དེའི་ཟླ་བ་ ༩ ཚེས་ ༡ ཉིན་དངོས་སུ་ནཱ་ལེནྡྲ་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གསར་པ་སྒོ་ཕྱེ་སྟེ་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། འཛིན་གྲྭ་ཐོག་མ་དེར་སློབ་མ་གྲངས་ ༡༥ ལས་གྲུབ་པ་དང་། སློབ་མ་དེ་དག་ནི་རྒྱལ་ཁབ་ ༤༠ ལྷག་ནས་སློབ་ཞུགས་རེ་ཞུ་འབུལ་མཁན་གྲངས་ ༡༠༠༠ བྱུང་བའི་ཁྲོད་ནས་བདམས་ཐོན་བྱུང་བ་ཡིན་ཅིང་། ནཱ་ལེནྡྲ་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༢༠ བར་དུ་སློབ་གླིང་བདུན་འཛུགས་འཆར་ཡོད་འདུག་ལ། ཤེས་རམས་པ་དང་འབུམ་རམས་པ་མ་གཏོགས་བསྡུ་རྒྱུ་མིན་པ་དང་། སློབ་ཚན་ལ་ཚན་རིག་དང་། མཚན་ཉིད་རིག་པ། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ་སོགས་ལ་སློབ་ཁྲིད་གནང་འཆར་ཡོད་འདུག་པ་བཅས་སོ།།  །།

༼བསྐྱར་བཞེངས་ཞུས་པའི་དཔལ་ན་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གསར་པ།༽

(ནཱ་ལེནྡྲའི་གཙུག་ལག་སློབ་གྲྭ་གསར་པ།)

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༦༥ ནས་ ༥༦༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *