འབྲོག་མི་ལོ་ཙཱ་བ་ལ་བསྟོད་པ་སྙན་བརྒྱུད་ཀྱི་པད་མཚོ་བཞད་པ།

༄༅། །རྗེ་བཙུན་འབྲོག་མི་ལོ་ཙཱ་བ་ལ་བསྟོད་པ་སྙན་བརྒྱུད་ཀྱི་པད་མཚོ་བཞད་པ་བཞུགས་སོ།།[1]

 

༼མཛད་པ་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། (1502-1566/1567) ༽

 

ཨོཾ་སྭསྟི་སིདྡྷཾ། འཕགས་ཡུལ་གྲུབ་པའི་ཁྱུ་མཆོག་རྡོ་རྗེ་འཛིན། །ལྔ་རིག་རྒྱ་མཚོའི་མཐར་སོན་པཎྜི་ཏ། །སྙན་བརྒྱུད་གདམས་པའི་གཏེར་མཛོད་ཨཱཙརྱ། །རྗེ་བཙུན་གཱ་ཡ་དྷ་རར་ཕྱག་བགྱིས་ཏེ། །ཤཱཀྱའི་ནོར་བུ་ཡེ་ཤེས་གཟི་འོད་ཅན། །གང་དེའི་ཡོན་ཏན་རྨད་བྱུང་ཚ་ཟེར་གྱིས། །སྙིང་གི་པདྨོ་བཞད་པའི་འཛུམ་ཞལ་ལས། །བསྟོད་ཚིག་སྦྲང་རྩིའི་དོག་པ་འདི་འབུལ་ལོ། །

གངས་ཅན་བསོད་ནམས་ཆུ་མཚོ་འཕྱུར་བ་ལས། །ལེགས་འོངས་སྐད་གཉིས་སྨྲ་བའི་ཟླ་ཤེལ་གྱིས། །ཐུབ་བསྟན་ཐུན་མཚམས་ནུབ་རིའི་རྩེར་རྫེགས་ཚེ། །ཕན་བདེའི་འོད་རིས་དཀར་པོ་ཅི་ཡང་སྤྲོས། །སྙིང་སྟོབས་དྲེགས་པས་མྱོས་པའི་བུང་བ་ཡིས། །འཕགས་ཡུལ་གཙུག་ལག་པད་ཚལ་ཀུན་ཉུལ་ཏེ། །པཎ་གྲུབ་ཆུ་སྐྱེས་རྒྱས་པའི་ཐུགས་ཀྱི་བཅུད། །མདོ་རྒྱུད་སྙིང་པོའི་སྦྲང་རྩི་མ་ལུས་བླངས། །ཁྱད་པར་དད་པ་པད་མཚོའི་དྲི་ངད་ཀྱིས། །མཁའ་འགྲོའི་དབང་པོ་གཱ་ཡ་དྷཱ་རའི་མཚན། །རང་དབང་མེད་པར་ཐུགས་རྗེའི་གཤོག་ཡངས་བསྐྱོད། །ཁ་བ་རི་པའི་ནོར་འཛིན་རྒྱན་དུ་བོས། །གང་ལས་རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་བཅུད། །གསུང་ངག་བདུད་རྩིའི་རྒྱ་མཚོས་ཁྱོད་ཐུགས་ཀྱི། །དྲི་བྲལ་ཤེལ་གྱི་བུམ་བཟང་གཏམས་པ་ལས། །ཐར་འདོད་སྐལ་བཟང་ཡོངས་ཀྱི་སྤྱད་བྱར་གྱུར། །ཨེ་མ་དེ་ལྟར་རྡོ་རྗེ་ཐེག་པ་ཡི། །རྒྱུད་སྡེ་བྱེ་བའི་ཟབ་དོན་སྙན་བརྒྱུད་ཀྱི། །རྒྱ་མཚོའི་གོས་ཅན་ཁྱབ་པར་མཛད་པ་འདིའི། །ཁྱོད་ནི་ལག་ན་རྡོ་རྗེར་བདག་གིས་འཁུམས། །དེ་ལྟར་མགོན་ཁྱོད་ཀཻ་ལ་ཤ་རིའི་སྤོར། །ལོངས་སྤྱོད་རྫོགས་སྐུའི་འཇའ་རིས་འདི་བསྟན་པས། །སྔོན་མེད་བྱང་ཕྱོགས་འོག་མིན་ཞིང་ཁམས་སུ། །ངེས་པར་སྤྲུལ་འདི་རྨད་བྱུང་ངོ་མཚར་གཏམ། །དེ་ལྟར་གངས་རིའི་ལྗོངས་ཀྱི་མིག་གཅིག་པོ། །སྐད་གཉིས་སྨྲ་བའི་དབང་པོ་རྗེ་བཙུན་འབྲོག །ཤཱཀྱ་ཡེ་ཤེས་ཞབས་སེན་ཟུར་ཕུད་ལ། །བརྟེན་ནས་ཐུགས་ཀྱི་སྙིང་པོ་འཕོས་པ་ཡི། །རྒྱུད་གཞུང་སྨྲ་བའི་མཁས་པ་རྣམ་པ་ལྔ། །སྙན་བརྒྱུད་གདམས་པ་རྫོགས་པའི་ཐུགས་སྲས་གསུམ། །གྲུབ་པའི་སར་གནས་རྣལ་འབྱོར་དབང་པོ་གསུམ། །མཚན་ལྡན་ཌཱ་ཀི་ཟུང་གཉིས་བཅས་པ་རྒྱལ། །མདོར་ན་ཁྱེད་སྐུ་མཐོང་དང་གསུང་ཐོས་དང་། །བསེར་བུས་རེག་པའི་འགྲོ་བ་ཇི་སྙེད་པ། །དོན་དང་ལྡན་ཕྱིར་དེ་དག་ཐམས་ཅད་ལ། །སྙིང་ནས་དད་པས་ལན་བརྒྱར་ཕྱག་བགྱིད་དོ། །སྒོ་གསུམ་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོར་འབུལ། །བཅས་དང་རང་བཞིན་སྡིག་ལྟུང་བགྲང་ཡས་བཤགས། །རྨད་བྱུང་དགེ་བ་ཀུན་ལ་ཡི་རང་དང་། །རྗེ་བཙུན་ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །རྣམ་པར་གྲོལ་བའི་གནས་ཀྱི་གཙུག་ལག་འདིར། །གསུང་ངག་ཟབ་མོའི་ཆོས་ཀྱི་འཁོར་ལོ་ཆེ། །དབྱར་གྱི་མཚོ་བཞིན་ཆེས་ཆེར་རྒྱས་གྱུར་ཅིག །བསྟན་པ་རིན་ཆེན་འཛིན་པའི་བཤེས་གཉེན་ཀུན། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་ཀྱིས། །ཟུང་འཇུག་ཧེ་རུ་ཀ་དཔལ་འགྲུབ་པར་ཤོག །ཅེས་རྗེ་བཙུན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བསྟོད་པ། སྙན་བརྒྱུད་ཀྱི་པད་མཚོ་བཞད་པ་ཞེས་བྱ་བ་འདི་ནི་རྗེ་བཙུན་རྡོ་རིངས་པ་ཆེན་པོའི་སྐུ་དྲིན་ལས་གསུང་ངག་རིན་པོ་ཆེའི་མཛོད་འཛིན་པའི་དགེ་སློང་རྡོ་རྗེ་འཛིན་པ་བློ་གསལ་རྒྱ་མཚོས་གྲུབ་པའོ།། །།མངྒལཾ།། །།

 

[1] ཤངས་པ་བཀའ་བརྒྱུད་སོགས་པའི་སྣ་ཚོགས་གླེགས་བམ། པོད། ༼ཁ༽ ཚར་ཆེན་གསུང་ཐོར་བུ། ཤོག་གྲངས་ ༡ན༡ ནས་ ༢བ༦

Leave a Reply

Your email address will not be published. Required fields are marked *