ག༽ ནཱ་ལེནྡྲ་ཏུ་རུཥྐའི་དམག་གིས་བཅོམ་ཚུལ།

ག༽ ནཱ་ལེནྡྲ་ཏུ་རུཥྐའི་དམག་གིས་བཅོམ་ཚུལ།

 

(རྒྱལ་ཁབ་ཀྱི་གཏམ་རྒྱུད་ཅེས་པའི་དེབ་ཏུ་ཀླ་ཀློའི་དམག་གིས་ནཱ་ལེནྡྲར་

དཔུང་འཇུག་བྱས་པའི་ཡུལ་དངོས་བྲིས་པ་བཞུགས།)

དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ལ་གཏོར་བཤིག་གི་གོད་ཆག་ཇི་ལྟར་བྱུང་ཚུལ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[1]། དེ་ནས་ཤི་ཧ་བུ་དིན་གྱིས་ཛི་མེར་བར་དུ་བཟུང་། ཀུནྱ་ཀུཔྫའི་རྒྱལ་པོ་ཛ་ཡ་ཙནྡྲ་ཕམ་པར་བྱས་ཏེ་ཝཱ་རཱ་ཎ་སཱི་བར་ཀླ་ཀློས་དབང་དུ་བཅུག །

དེ་ནས་རྗེའི་བུ་མོ་ཧམ་མ་དབུལ་རྗེ་བྱ་བའི་དམག་དཔོན་ཀློ་རྒྱལ་གྱིས་ངོ་ཚབ་ཏུ་བཞག་པ་དེས། པཱ་ལའི་རྒྱལ་པོ་ཉམ་ཆུང་དག་གི་ལག་ནས་མ་ག་དྷ་འཕྲོག་སྟེ་ན་ལེནྡྲ་དང་། ཨོ་ཏནྟ་པུ་རི་སོགས་བཅོམ། དེ་ནས་བྷངྒ་ལའི་ཡུལ་དུ་ཐོག་བབས་སུ་དྲངས་ཏེ། ལཀྵིམ་ནསེན་ཤིན་ཏུ་རྒས་ཤིང་འཁོགས་པ་ཞིག་གནས་ནས་བསྐྲད་དེ་བྷངྒ་ལའི་ནུབ་ཕྱོགས་རྣམས་བཟུང་། འོན་ཀྱང་སེ་ནའི་བརྒྱུད་རྣམས་ཀྱིས་ཤར་ཕྱོགས་སུ་རྒྱལ་ཁམས་ཆུང་ངུ་ཞིག་བསྐྱངས། གུཛརཐའི་ཕྱོགས་སུ་ཆ་ལུ་ཀ་རྣམས་སྟོབས་ཤུགས་ཆེ་བས་ཀླ་ཀློའི་དམག་གིས་མ་བརྟོལ། དེ་ལྟར་བཅུ་དྲུག་ཙམ་འཕྱིས་པའི་ཏརཻ་ནའི་དམག་གཉིས་པའི་མཇུག་ཏུ་ཁ་ཆེའི་ཡུལ་དང་བྷངྒ་ལའི་ཤར། མ་ལ་ཝ། གུ་ཛ་ར་ཐ་རྣམས་མ་གཏོགས་པའི་རྒྱ་གར་བྱང་ཕྱོགས་ཐམས་ཅད་ཀླ་ཀློའི་འོག་ཏུ་བཅུག །འོན་ཀྱང་གྲོང་ཆུང་ངུ་རྣམས་ན་རྒྱ་གར་གྱི་རྒྱལ་པོ་ཁྲི་ལ་སྡོད་ཅིང་། ཀླ་ཀློ་ལ་སྐྱེས་འབུལ་བའི་བྱེད་པ་པོ་ཡུན་རིང་པོའི་བར་བྱུང་ཟེར། ཞེས་དང་། ཡང་གཏམ་རྒྱུད་གསེར་གྱི་ཐང་མ་ལས[2]།

ཁོང་རྣམས་ན་ལེནྡྲ་ཡང་དམག་རྫོང་དུ་འཁྲུལ་བར་སྣང་། པཎ་ཆེན་བོད་དུ་ཕེབས་པའི་ཕྱི་ལོ་དེ་བྷག་དེ་ཡ་ཤིང་ན་ལེནྡྲར་ཀློ་དམག་བྱུང་བའི་ལོ་རྒྱུས་བསྡུས་ཙམ་རེ་ཆག་ལོའི་ལམ་ཡིག་དང་། ས་སྐྱའི་བསེ་མགོན་གྱི་ལོ་རྒྱུས་སོགས་ན་གསལ་ཞིང་། རྒྱ་གར་དུ་འདིའི་ལོ་རྒྱུས་ཕྲ་ཞིབ་སུ་གང་ལ་ཡང་མི་སྣང་བས་ཀླ་ཀློས་བཅོམ་མོ་བྱ་བ་འདི་ཙམ་ཞིག་འཆད་ནུས་སོ། །ཞེས་གསལ་བ་ལྟར། མཐའ་མའི་འཇིག་པ་བྱུང་སྐབས་རབ་ཏུ་བྱུང་བ་རྣམས་ལའང་རྡུང་རྡེག་དང་། དམར་གསོད། རྒྱང་འབུད་བཏང་བ་སོགས་བློ་ཡུལ་ལས་འདས་པ་ལག་བསྟར་བྱས་ཤིང་། ཁ་ཆེའི་དམག་སྤྱི་ཆེན་མོ་བྷ་ཁཱ་ཌི་ཡར་ཁཱལ་རྗིས་ནཱ་ལེནྜ་ཇི་ལྟར་གཏོར་བཅོམ་བྱས་པའི་སྐོར་པཱར་ཤི་ཡའི་ལོ་རྒྱུས་སྨྲ་བ་དང་། ལྷག་པར་ཁ་ཆེའི་ལོ་རྒྱུས་རྩོམ་པ་པོ་མཱན་ཧཱ་རྗི་ཨ་ཡེ་སེ་ར་རྗི་ (Minhaj-i-Siraj) (ཕྱི་ལོ་༡༡༩༣-?) ཡིས་བྲིས་པའི་ལོ་རྒྱུས་ཀྱི་ནང་དུ། ཁཱལ་རྗི་ལ་བྷི་ཧར་ས་མཚམས་སུ་སྲིད་དབང་གཞན་གྱི་མངའ་འོག་ཏུ་མ་ཚུད་པའི་སྒེར་བདག་གྲོང་ཚོ་གཉིས་ཡོད་པ་ནི། ཁོས་བྷི་ཧར་གཏོར་བཅོམ་ལམ་ལྷོང་ཡོང་བའི་གོ་སྐབས་ལེགས་ཤོས་ཤིག་ཡིན་པ་ཤེས་རྟོགས་བྱུང་བར་མ་ཟད། གཞན་ལས་ལྷག་པའི་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་ཐོབ། ཁཱལ་རྗི་ལ་དཔའ་ངར་སྐྱེས་ཏེ། བྷི་ཧར་ལ་བཙན་རྒོལ་བྱ་རྒྱུར་ཐག་བཅད་དེ་བྷི་ཧར་དབང་བསྒྱུར་བྱ་རྒྱུ་ལམ་ལྷོང་བྱུང་བ་དང་། འཕྲོག་བཅོམ་བྱས་པའི་ནོར་རྫས་རྣམས་སྤྱི་རྒྱུ་གལ་ཆེན་ཞིག་ཡིན་པའི་རྩིས་བརྒྱབ། མཱན་ཧཱ་རྗི་ཨ་ཡེ་སེ་ར་རྗིས་བཙན་རྒོལ་དེའི་སྐོར་བྲིས་དོན། འཇིགས་བྲལ་དཔའ་པོ་མཱུ་ཧམ་མ་ཊི་ཨ་ཡེ་བྷ་ཁཱ་ཌི་ཡར་ (Muhammad-i-Bakht-yar) (བྷ་ཁཱ་ཌི་ཡར་ཁཱལ་རྗིའི་མིང་གཞན།) རང་ཉིད་ས་གནས་དེའི་བཙན་རྫོང་གི་ལྟག་སྒོ་ནས་འཛུལ་ཏེ་བཙན་རྫོང་བླངས། བཅོམ་འཕྲོག་བྱས་པའི་དངོས་རྫས་དཔག་ཏུ་མེད་པ་ཐོབ། བཙན་རྫོང་ནང་གཉུག་མར་གནས་པའི་བྲམ་ཟེ་ཡོད་ཚད་མགོ་རིལ་བཟོས་ཏེ་སྐེ་བཅད། ཧིན་དྷུའི་རྩ་ཆེའི་དཔེ་ཆ་ཡོད་ཚད་ཁ་ཆེ་བས་བེད་སྤྱོད་གང་དྲན་བཏང་བར། ཧིན་དྷུ་བ་མང་པོས་ཧིན་དྷུའི་དཔེ་ཆ་རྣམས་ལ་བརྩི་བཀུར་བྱ་དགོས་པའི་རེ་སྐུལ་ཞུས་པར་ཧིན་དྷུ་བ་ཡོད་ཚད་བསད། ས་གནས་དེའི་གྲོང་དང་གྲོང་ཁྱེར[3]། བཙན་རྫོང་ཧྲིལ་པོར་ཧིན་དྷུའི་སྐད་སྨྲ་ཞིང་། ལྷག་པར་བཙན་རྫོང་དེ་ཧིན་དྷུའི་སློབ་གྲྭ་ཞིག་དང་འདྲ་བས། ཧིན་དྷུ་བ་རྣམས་ཀྱིས་བྷི་ཧར་གྱི་མཐོ་སློབ་ཅེས་ཆེ་བསྟོད་ཀྱིས་འབོད། ཅེས་དང་། མཱན་ཧཱ་རྗི་ཨ་ཡེ་སེ་ར་རྗི་ཡི་ཁ་ཆེའི་ལོ་རྒྱུས་ཆེན་མོ་ཏ་བྷ་ཁཱུ་ཌི་ཨེལ་ནཱ་སེ་རེ་ནང་།[4] ནཱ་ལེནྡྲར་བཙན་འཛུལ་བྱས་པའི་སྐོར་བྲིས་དོན། དགེ་འདུན་སྟོང་ཕྲག་མང་པོ་གསོན་པོར་མེ་ལ་སྲེག །དགེ་འདུན་སྟོང་ཕྲག་མང་པོའི་སྐེ་གཏུབ། ཁཱལ་རྗི་ཡིས་ནང་ཆོས་རྩ་གཏོར་བཏང་སྟེ། རལ་གྲིའི་འོག་ནས་ཁ་ཆེའི་ཆོས་ལུགས་སྤེལ། ནཱ་ལེནྡྲའི་དཔེ་མཛོད་མེར་སྲེག་པ་ཟླ་ཤས་ལ་འབར། དཔེ་ཆ་ལག་བྲིས་མ་རྣམས་སྲེག་པའི་དུ་བས་ཉིན་མོ་ཡང་མཚན་མོ་ལྟར་ནག་ཅིང་། ཉེ་འཁོར་གྱི་རི་ཕྲན་རྣམས་དུ་བས་ཁེབས། ཞེས་གསལ་བ་ལྟར། རྒྱལ་ཁབ་ཀྱི་གཏམ་རྒྱུད་ཅེས་པའི་དེབ་ཏུའང་། ཀློ་ཀློའི་དམག་གིས་ནཱ་ལེནྡྲར་དཔུང་འཇུག་བྱས་པའི་ཡུལ་དངོས་ཞིབ་བྲིས་བྱས་པ་གསལ་ཡོད་འདུག།

ཏུར་ཀེའི་རྒྱལ་པོ་བྷག་ཏཱི་ཡ་ཁལ་རྗིས་ (Bakhtiyar Khalji) ནཱ་ལེནྡྲ་གཏོར་བཤིག་གཏོང་དགོས་དོན་གཅིག་ནི། དུས་རབས་དྲུག་པར་རྒྱ་གར་འཕགས་ཡུལ་ལ་གསེར་གྱི་བྱིའུ་ཞེས་པའི་ཆེ་བསྟོད་མཚན་སྙན་འབོད་སྲོལ་བྱུང་བ་ཤེས་རྟོགས་བྱུང་ཕྲལ་རྒྱ་གར་འཕགས་ཡུལ་དུ་ཁ་ཆེའི་རྒྱལ་ཁབ་ཁག་ནས་དྲག་པོའི་དཔུང་འཇུག་བྱེད་འགོ་བརྩམས་ཤིང་། དེ་དག་ལས་གཙོ་བོ་ནི་ཏུར་ཀེའི་སྲིད་སྐྱོང་བྷག་ཏཱི་ཡ་ཁལ་རྗི་ཡིན་ལ། སྐབས་དེར་རྒྱ་གར་ཁྱོན་ཡོངས་སུ་རྒྱལ་པོ་གདུག་རྩུབ་ཅན་དེས་དབང་བསྒྱུར་བྱས་པ་དང་། དུས་སྐབས་ཤིག་ཏུ་ཁལ་རྗི་རང་ཉིད་ཚབས་ཆེའི་ནད་ཀྱིས་མནར་ཏེ་ཁོ་རང་གི་རྒྱལ་ཁང་ནང་དུ་ཡོད་པའི་ལྷ་རྗེ་ཕུལ་དུ་བྱུང་བ་དག་གིས་སྨན་བཅོས་ཇི་ཙམ་བྱས་ཀྱང་མ་ཕན་པར་ནད་གཞི་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་སྟབས། བློན་པོ་ཞིག་གིས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་ལྷ་རྗེ་ཨཱ་ཙརྱ་ར་ཧུ་ལ་ཤྲཱི་བྷ་དྲ་སྟེ་སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་བསྟེན་གཏུག་བྱེད་དགོས་ཚུལ་ཞུས། འོན་ཀྱང་ཁལ་རྗི་རང་ཉིད་རྒྱ་གར་གྱི་སྨན་པ་ཇི་ཙམ་མཁས་པ་ཡོད་ཀྱང་དེ་དག་གི་ལག་འོག་ནས་སྨན་བཅོས་བྱེད་འདོད་གཏན་ནས་མེད་ཅིང་། ཁ་ཆེ་བ་རང་གི་སྨན་པ་རྣམས་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱ་གར་གྱི་ལྷ་རྗེ་མཁས་པ་སུ་ཞིག་ཡིན་ནའང་ཁ་ཆེའི་ལྷ་རྗེ་དག་ལས་མཁས་ཤིང་ཕུལ་དུ་བྱུང་བ་ཡོད་པ་ཁས་ལེན་བྱེད་འདོད་མེད། མཐར་ནད་གཞི་ཚབས་ཇེ་ཆེར་གྱུར་སྐབས་ཐབས་ཤེས་གཞན་མ་རྙེད་པར་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་ལྷ་རྗེ་པཎྜི་ཏ་སྒྲ་གཅན་འཛིན་བཟང་པོ་ཡོང་དགོས་པའི་བཀའ་བཏང་།[5]

གདུག་རྩུབ་ཅན་གྱི་རྒྱལ་པོ་དེས་སྨན་བཅོས་ལག་ལེན་འགོ་འཛུགས་མ་བྱས་སྔོན་ལྷ་རྗེ་པཎྜི་ཏར་ཤིན་ཏུ་སྒྲུབ་དཀའ་བའི་ཆ་རྐྱེན་གཉིས་ཁས་ལེན་བྱེད་དགོས་བཙན་བཀའ་བཏང་། དེ་ཡང་ཁྱོད་ཀྱིས་ང་ལ་སྨན་བཅོས་བྱེད་སྐབས་རྒྱ་གར་གྱི་སྨན་གཏན་ནས་བེད་སྤྱོད་མི་ཆོག་པ་དང་། སྨན་བཅོས་བྱས་ནས་མ་དྲག་ཚེ་ཁྱོད་ཀྱི་ཚེ་སྲོག་ཀྱང་མི་ཐར་ཞེས་བཙན་བཀའ་བཏང་བས། ལྷ་རྗེ་པཎྜི་ཏ་སྒྲ་གཅན་འཛིན་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། ཐུགས་བསམ་ཞིབ་ཏུ་བཞེས་ཏེ་མཐར་རྒྱལ་པོ་གདུག་རྩུབ་ཅན་དེའི་ཆ་རྐྱེན་རྣམས་ཁས་ལེན་དགོས་བྱུང་ཞིང་། ཉིན་ཤས་རྗེས་ལྷ་རྗེ་སྒྲ་གཅན་འཛིན་བཟང་པོས་ཁ་ཆེའི་གསུང་རབ་ཀོ་རན་ཞེས་པ་ཕྱག་ཏུ་བསྣམས་ནས་རྒྱལ་པོའི་མདུན་དུ་ཕེབས་ཏེ། རྒྱལ་པོར་གསུང་རབ་འདིའི་ནང་ནས་ཤོག་བུའི་གྲངས་འདི་ཙམ་ཞིག་ཉིན་ལྟར་འདོན་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ན་ཁྱེད་ཀྱི་ནད་གཞི་དྲག་སྐྱེད་འགྲོ་བར་ངེས་ཞེས་ཞུས། དོན་དངོས་སུ་རྒྱལ་པོས་མ་ཤེས་པར་ལྷ་རྗེས་ཀོ་རན་གྱི་ཤོག་བུ་འགའ་ཞིག་གི་ངོས་སུ་སྨན་རྫས་ལེགས་པར་བྱུགས་ཏེ་རྒྱལ་པོར་འདོན་དུ་བཅུག །རྒྱལ་པོས་སྔར་གྱི་ལུགས་སྲོལ་ལྟར་མཛུབ་མོར་མཆིལ་མ་བྱུགས་ཏེ་ཤོག་བུ་རེ་རེ་བཞིན་བསྒྱུར་ཏེ་ཀོ་རན་ཀློག་འདོན་བྱས་པས། རྒྱལ་པོའི་ཁོག་ཏུ་རྒྱ་གར་གྱི་སྨན་སོང་སྟེ་རིམ་བཞིན་དྲག་སྐྱེད་བྱུང་། འོན་ཀྱང་རྒྱལ་པོ་ནད་གཞི་ལས་ཡོངས་སུ་གྲོལ་རྗེས་རྒྱལ་པོ་གདུག་རྩུབ་ཅན་དེས་ལྷ་རྗེའི་བཀའ་དྲིན་གཏིང་བརྗེད་དུ་ཕྱིན་ཏེ་ཁ་ཆེའི་སྨན་པ་རྣམས་ཀྱི་ཞབས་འདྲེས་ཞུས་སོང་སྙམ་ནས་རྒྱ་གར་འཕགས་ཡུལ་གྱི་སྨན་དང་སྨན་པའི་རིག་རྩལ་དག་ལ་ཕྲག་དོག་དང་མ་དགའ་བའི་བསམ་བློ་ཤུགས་དྲག་སྐྱེས་ཏེ། རྒྱ་གར་འཕགས་ཡུལ་གྱི་སྨན་གྱི་རིག་རྩལ་འབྱུང་ཁུངས་སུ་གྱུར་པའི་སློབ་གཉེར་ཁང་དེ་ཉིད་མེར་བསྲེགས་ཀྱིས་རྩ་མེད་དུ་བཏང་ན། མ་འོངས་པར་ཁྱད་དུ་འཕགས་པའི་ལྷ་རྗེ་དང་ལག་རྩལ་འདི་དག་ཡོང་དོན་མེད་བསམས་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་རྩ་མེད་བཟོ་དགོས་པའི་བཀའ་བཏང་སྟེ། རང་ཉིད་ཀྱི་མི་ཚེའི་ནང་བསུབ་ཐབས་མེད་པའི་ལས་ངན་དེ་དག་བརྩམས་པ་ཡིན།

སློབ་གཉེར་ཁང་འདིའི་ནང་ཤིན་ཏུ་ངོ་མཚར་ཆེ་བའི་གསུང་རབ་གླེགས་བམ་གྱི་གྲངས་འབོར་ཤིན་ཏུ་མང་པོ་ཡོད་པ་དེ་དག་མེས་འཚིག་པར་ཟླ་བ་གསུམ་འགོར་ཞིང་། ད་དུང་རྒྱལ་པོ་གདུག་རྩུབ་ཅན་དེ་ཉིད་བློ་བདེ་བག་ཕེབས་སུ་མི་གནས་ཤིང་། བློ་ཡིད་མ་འཚིམ་པར་བརྟེན་དཔལ་ནཱ་ལེནྡྲའི་ཆོས་ཀྱི་སློབ་དཔོན་དང་། ནང་པའི་རབ་བྱུང་སྟོང་ཕྲག་མང་པོ་སྡེབ་གསོད་བྱས་པ་སོགས་རྒྱ་གར་འཕགས་ཡུལ་གྱི་ལྷ་རྗེའི་དྲིན་ལན་ལོག་འཇལ་བྱས་པར་གྲགས།[6] དེ་ལྟར་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་བཤིག་སྐབས་ཏུ་རུཥྐའི་དམག་གིས་མདའ་གྲི་མདུང་གསུམ་སོགས་ཀྱིས་མཚོན་ཆས་རབ་ཏུ་བྱུང་བ་བསད་བཏུབ་ཇི་ལྟར་བྱས་ཀྱང་། དགེ་འདུན་རྣམས་ཀྱིས་ཉམས་བཞེས་སྒོམ་སྒྲུབ་མཛད་ནས་བཞུགས་པ་ལས་དྲག་པོའི་ཕར་རྒོལ་གཏན་ནས་མི་མཛད་པའི་སྐོར་གྱི་ལོ་རྒྱུས་རྒྱ་གར་བ་ཞིག་གིས་བྲིས་པའི་དེབ་ཐེར་ནང་གསལ་ཚུལ་མགོན་པོ་གང་གིས་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༨༨

[2] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༨༩

[3] ཁྱིམ་གཅིག་གནས་པ་ལ་གྲོང་དང་། བཟོ་ཡི་རིག་གནས་བཅོ་བརྒྱད་ཡོད་པ་ལ་གྲོང་ཁྱེར། ཚོགས་མང་དུ་བསྡུས་པ་གྲོང་སྡེ། མི་རིགས་མི་འདྲ་བ་བཞི་ཡོད་པའི་ཡུལ་ལ་ལྗོངས། རྒྱལ་པོའི་ཕོ་བྲང་ཡོད་པའི་གྲོང་ཁྱེར་ལ་ཡུལ་སྐོར་ཞེས་སོགས་བརྗོད་ཚུལ་སྐོར་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་ནང་གསལ་ཡོད་ལ། དེ་དང་ཅུང་ཟད་མི་འདྲ་བ་ཞིག་རྗེ་བདག་ཉིད་ཆེན་པོའི་འགྲེལ་པ་བཞི་སྦྲགས་ཀྱི་སྒྲོན་གསལ་གྱི་མཆན་ནང་གསལ་ཡོད།

[4] Tabaquat-I-Nasiri ཁོང་གིས་བྲིས་པའི་ཁ་ཆེའི་ལོ་རྒྱུས་ཆེན་མོ་འདིར་གླེགས་བམ་ ༢༣ ཡོད་ཅིང་། ཕྱི་ལོ་ ༡༢༦༠ ལོར་མཇུག་ལེགས་པར་གྲུབ།

[5] https://www.facebook.com/watch/?v=605576341019124

[6] https://www.youtube.com/watch?v=b6MmZA3hj4Y

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༢༩ ནས་ ༥༣༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *