ཉ༽ ཀླུ་སྒྲུབ་དང་ཀླུ་སྒྲུབ་སྙིང་པོ་གཅིག་མིན།
དེ་ཡང་ཀུན་མཁྱེན་རོང་སྟོན་ཐམས་ཅད་མཁྱེན་པས་ (1367-1449) མཛད་པའི་དབུ་མ་ལ་འཇུག་པའི་སྒོམ་རིམ་རིན་ཆེན་སྒྲོན་མེ་ལས[1]།
བདག་མེད་སེང་གེའི་སྒྲ་ཡིས་རྒོལ་བའི་ཚོགས། །མ་ལུས་སྐྲག་མཛད་རིགས་པ་སྨྲ་བའི་གཙོ། །
རྒྱལ་བའི་ལུང་བསྟན་རབ་བརྙེས་མཆོག་གྱུར་པ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་ཡུལ་གྱི་ཀླུ་སྒྲུབ་སྙིང་པོ་དང་། རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན་དབུ་མའི་རྒྱན་གྱུར་ཀུན་མཁྱེན་གཉིས་པར་གྲགས་པའི་འཕགས་པ་ཀླུ་སྒྲུབ་ཞབས་གཉིས་གང་ཟག་གཅིག་དང་ཐ་དད་གང་ཞེ་ན། བླ་མ་རྡོ་རྗེ་གདན་པས་ (ཕལ་ཆེར་དུས་རབས་11པ།) མཛད་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[2]།
དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །
ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་ཡོངས་གྲགས་ཀླུ་སྒྲུབ་སྙིང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ལ། ཀུན་མཁྱེན་འཇིགས་མེད་གླིང་པས་ (1730-1798) མཛད་པའི་འཕགས་ཡུལ་རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཆུ་རྒྱུན་ལས[3]།
ནུབ་ཕྱོགས་པདྨ་བརྩེ་གས་པའི་དུར་ཁྲོད་དུ། །པདྨ་གསུང་གི་ཆུ་གཏེར་རབ་བརྒལ་ནས། །
ཇི་ལྟ་ཇི་སྙེད་མཁྱེན་པའི་ནོར་ཐོབ་པ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་ཀླུ་སྒྲུབ་སྙིང་པོ་རིག་འཛིན་མཆོག་བརྒྱད་ཀྱི་ཡ་གྱལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཡིན་པར་གསུངས་པ་ལྟར། ཟུར་མང་དྲུང་པ་ཀུན་དགའ་རྣམ་རྒྱལ་ (1567-1629) གྱིས་མཛད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཟབ་དོན་གྱི་ཆུ་བོ་སྐལ་ལྡན་གྱི་གདུལ་བྱའི་ཡིད་མཚོར་འཇུག་པའི་འབབ་སྟེགས་མྱུར་བདེ་ལམ་གྱི་སྙིང་པོ་གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལས་[4]ཀྱང་། དེ་ནས་རིང་པོར་མ་ལོན་པ་ན་ལྷོ་ཕྱོགས་བྷཻ་ཏའི་ཡུལ་དུ་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ་སྐུ་འཁྲུངས་ཏེ་དཔལ་ས་ར་ཧ་ལས་རབ་ཏུ་བྱུང་བ་ནས་བརྩམས་ཏེ་ཐེག་པ་མཐའ་དག་གསན་ཅིང་། གཞན་ཡང་ཤེས་བྱ་ཐམས་ཅད་ལ་མཁས་པར་མཛད། དེའི་ཚེ་དགའ་ལྡན་ན་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་སྣོད་ལྡན་གང་ཡོད་གཟིགས་པས་ས་ར་ཧ་ཀླུ་སྒྲུབ་སྙིང་པོ་རྡོ་ངར་བ་གསུམ་འདུག་པར་གཟིགས་ནས་ལྷོ་དཔལ་གྱི་རི་ལ་བྱོན་ནས་ས་ར་ཧ་དང་ཀླུ་སྒྲུབ་གཉིས་དང་མཇལ་ཞིང་གདམས་པ་ཞུས་པས་ས་ར་ཧ་ཕུང་པོ་ལྷག་མེད་དུ་སངས་རྒྱས། ཀླུ་སྒྲུབ་ཀྱང་སྨིན་གྲོལ་མཛད་ནས། ངའི་འདྲ་འབག་ལ་མཆོད་པ་གྱིས་གསུངས། དེའི་ཚེ་གྲོང་ཁྱེར་ཏེ་ཏོ་བྱ་བ་ན་རིགས་ངན་གར་མཁན་རྡོ་ངར་བ་མིང་སྲིང་གསུམ་ཡོད་པས་ཀླུ་སྒྲུབ་ལ་གར་གྱི་མཆོད་པ་ཕུལ་བས་སྣོད་ལྡན་དུ་གཟིགས་ནས་གསང་འདུས་ཀྱི་སྒོ་ནས་ཡེ་ཤེས་ཀྱི་སྤྱན་གནང་བ་དེས་ཀྱང་བྱང་སེམས་བློ་གྲོས་རིན་ཆེན་དང་མཇལ་ནས་རྟོགས་གྲོལ་དུས་གཅིག་ལ་བྱུང་སྟེ་མི་གནས་པའི་མྱང་འདས་ཐོབ་ནས་རྒྱུད་དག་པ་རྣམས་ཀྱི་སྣང་བར་ད་ལྟའང་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་དཔལ་ཤ་བ་རི་དབང་ཕྱུག་ཏུ་གྲགས་སོ། །ཞེས་ཀླུ་སྒྲུབ་སྙིང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པར་གསུངས་སོ།།
གཞན་ཡང་རྒྱ་གར་ཁ་ཆེའི་མཁན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པའི་གསང་ཆེན་པདྨ་ལས[5]། དེ་བཞིན་དུ་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས།
དེ་བཞིན་གཤེགས་པའི་སྣང་བ་ལ། །མཆོག་གི་རྗེས་ལ་སྣང་བ་ནི། །
སྣང་བ་མཆེད་སོགས་དང་བྲལ་བ། །གང་ནས་འོངས་པ་དེ་རང་འགྲོ། །
འགྲོ་བའི་ཕྱིར་ན་འོང་རབ་བོ། །
ཞེས་གསུངས་སོ། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ལུང་འདྲེན་མཛད་པ་དང་། དེ་བཞིན་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ (༡༦༩༨–༡༧༥༥) མཛད་པའི་བཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན་ལས[6]། དེ་ནས་རིམ་བཞིན་ཐེག་ཆེན་བསྟན་པ་ཡང་། །ཐོབ་བཙུན་གྲུབ་རྗེ་མཆེད་ཀྱི་མ་ག་དྷར། །དབུ་བཙུགས་སྒྲ་གཅན་བཟང་པོས་འཕེལ་བར་མཛད། །ལྷག་པར་རྒྱས་མཛད་ཀླུ་སྒྲུབ་སྙིང་པོ་སྟེ། །འདས་ལོ་བཞི་བརྒྱ་ལོན་སྐབས་ལྷོ་ཡི་ཕྱོགས། །བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། །འཁོར་ལོ་གསུམ་གྱི་དགོངས་དོན་གཏམ་གྱི་ཚོགས། །རིགས་ཚོགས་བསྟོད་པའི་ཚོགས་ཀྱིས་བསྟན་པ་སྤེལ། །ཐེག་ཆེན་གྲུབ་མཐའ་འཆང་བའི་ཤིང་རྟ་ཆེ། །འཛམ་གླིང་རྒྱན་ཞེས་སྟོན་པ་གཉིས་པར་གྱུར། །ཞེས་ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ལ་ངོས་འཛིན་མཛད་དོ། །ཡང་གཙང་སྟོད་དར་མ་མགོན་པོས་ (དུས་རབས་11པ།) མཛད་པའི་གཙང་སྟོད་ཟིན་ཐིག་དང་ཡང་ཐིག་ལས[7]།
ཟིན་ཐིག་དགོས་འདོད་ཀུན་འབྱུང་འདི། །ཙ་ར་ཀ་དང་དཔའ་བོའི་གཞུང་ལུགས་དང་། །
ཀླུ་སྒྲུབ་སྙིང་པོའི་མདོ་ལྔ་ལ་སོགས་དང་། །བླ་མའི་མན་ངག་རང་གི་ཉམས་མྱོང་ལ། །
བརྟེན་ནས་སྟོད་སྨན་དར་མ་མགོན་པོ་ངས། །ཚིག་ཉུང་དོན་ཟབ་ཤིན་ཏུ་བདེ་བ་འདི། །
ང་ཡིས་བཤད་ལུང་བྱིན་གྱིས་ཉན་པར་རིགས། །
ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་མདོ་ལྔ་མཛད་པ་པོ་ཀླུ་སྒྲུབ་སྙིང་པོ་དང་གཅིག་ཡིན་པར་གསུངས་ལ། རྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ་ལས[8]།
མི་ཕམ་མགོན་དང་ཀླུ་སྒྲུབ་སྙིང་པོ་ཡིས། །
བྱམས་པའི་ཆོས་བཞི་བསྟོད་ཚོགས་གཞུང་གིས་བཀྲལ། །
མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་རྣམས་ཀླུ་སྒྲུབ་སྙིང་པོའི་གསུང་ཡིན་པར་གསུངས་པས། དོན་ལ་ཀླུ་སྒྲུབ་སྙིང་པོ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གཉིས་གང་ཟག་གཅིག་ཏུ་ངོས་འཛིན་མཛད་ཡོད།
འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/660) ཀྱིས་མཛད་པའི་ལས[9]། བཤད་སྲོལ་གཉིས་པ་ལས་མགོན་པུ་ཏྲ་མིང་སྲིང་དང་འབྲེལ་བའི་གཏེར་མའི་བརྒྱུད་པའི་ལོ་རྒྱུས་ལ། འདིའི་བརྒྱུད་པའི་རྩ་བར་གྱུར་པ་ནི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་སྙིང་པོ་ཞེས་གྲགས་པ་དེ་ཡིན་ལ། དེ་ཉིད་མདོ་སྡེ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་བོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། མགོན་པོ་མངོན་འབྱུང་གི་རྒྱུད་ལས། དེའི་ལྷོ་ཕྱོགས་སུ་གྲོང་ཁྱེར་ཨ་ཛ་ར་ཡོ་གི་ནི་ཞེས་པ་འབྱུང་སྟེ། དེར་ཀླུ་སྒྲུབ་ཅེས་བྱ་བའི་རྣལ་འབྱོར་པས་ཤིང་ཤ་ལ་ཞོན་པ་གོ་པཱ་ལ་ཞེས་པ་ལ་རྒྱལ་པོ་སྦྱིན་པས། བུ་ཤི་ནས་བ་ཧ་ནའི་ཚ་བོ་ལ་སོགས་པའི་རྒྱལ་པོ་འབྱུང་ངོ་། །ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། དགེ་སློང་ཀླུ་སྒྲུབ་ཅེས་བྱ་མ་ལུས་ཡོན་ཏན་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཞབས་སམ་ནཱ་ག་ཛུ་ན་ཞེས་གྲགས་པ་དེས། མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་མཚོན་ཆར་དྲེགས་པ་ཕོ་མོའི་རྒྱུད་སོགས་ལ་བརྟེན་ནས་མགོན་པོ་འཁོར་བཅས་ཀྱི་སྒྲུབ་ཐབས་དུ་མ། ཁྱད་པར་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་རྣམས་རྡོ་རྗེ་གདན་གྱི་ཀ་བ་ལ་སྦས་ནས་བཞག་གོ །ཞེས་ཀླུ་སྒྲུབ་སྙིང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པར་གསུངས་སོ།།
སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པའི་ལང་གཤེགས་ཀྱི་འགྲེལ་པ་ལས[10]། ཀླུ་སྒྲུབ་ལུང་བསྟན་པའི་འཕགས་པ་ལང་ཀར་གཤེགས་པའི་མདོའི་ཚིག་རིམ་པར་བཀྲོལ་བ་ལས། མགོན་པོ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཟབ་མོ་གསལ་བར་བྱེད་པའི་གང་ཟག་མ་འོངས་པའི་དུས་སུ་ཇི་ལྟར་འབྱུང་བ་སྔར་དྲིས་ཤིང་ཡང་བསྣན་ཏེ་དྲིས་པ་དང་དེའི་ལན་གསལ་བར་སྟོན་པའོ། །དུས་དག་འདས་ནས་ཞེས་པས་ནི། ལོ་གྲངས་ཉིས་བརྒྱ་འདས་ནས་ཞེས་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས་བསྟན་ཏོ། །དཔལ་ལྡན་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སམ་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཀླུ་ནི་མིང་གི་དང་པོ་སྟེ་ཀླུ་སྒྲུབ་སྙིང་པོ་འོ། །ཞེས་གསུངས་པ་ལྟར་ཀླུ་སྒྲུབ་སྙིང་པོ་ནི་མདོ་ལངྐར་གཤེགས་པ་དང་། འཇམ་དཔལ་རྩ་རྒྱུད། རྔ་བོ་ཆེའི་མདོ་དང་། མདོ་སྡེ་སྤྲིན་ཆེན་པོ་སོགས་ནས་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པར་གསལ་བར་གསུངས་སོ།།
དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པར་གྲགས་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་ལས[11]། སྔོན་རྒྱ་གར་ལྷོ་ཕྱོགས་སུ་སྐྱེ་བ་ནས་སྐྱེ་བའི་བར་དུ་པཎྜི་ཏའི་ལུས་གཅིག་རྩེ་གཅིག་ཏུ་ཐོབ་པ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ་ཞིག །ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །ལྷ་ཆོས་མི་ཆོས་བསྟན་ཆོས་རྣམས། །རྩོམ་གྱིན་བཞུགས་པའི་དུས་སུ་ནི། །ཞེས་གསུངས་པ་ལྟར། ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་ཤིན་ཏུ་གསལ་ལ། དེ་བཞིན་སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་བྱེད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་ཞེས་བྱ་བའི་མཆོད་བརྗོད་ལས་[12]ཀྱང་།
རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས། །ཕྱི་ནང་དག་པའི་སྣོད་བཅུད་བྱིན་བརླབས་ཤིང་། །
མཚུངས་མེད་དབུ་མའི་ལྟ་བ་སྟོན་མཛད་པའི། །སྟོན་པ་གཉིས་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་དང་། གཞན་ཡང་བོད་ཡིག་ཚིག་གཏེར་རྒྱ་མཚོ་[13]དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[14]། ཀླུ་སྒྲུབ་སྙིང་པོ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་མཚན་གཞན་ཞིག །ཅེས་གསལ་བ་ལྟར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་དང་། རོ་སྒྲུང་ཁག་གཉིས། ཚིག་མཛོད་ཁག་བཅས་ལས་ཀླུ་སྒྲུབ་སྙིང་པོ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་སོ།།
དེ་བཞིན་པདྨ་བཀའ་ཐང་ལས་ཀྱང་ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ཡིན་པ་ཤིན་ཏུ་གསལ་བར་གསུངས་པ་བཅས་དེ་ལྟར་རོ་སྒྲུང་མཛད་པ་པོ་དང་། ཀླུ་ཡུལ་དུ་བྱོན་པ་པོར་ཀླུ་སྒྲུབ་སྙིང་པོ་ཞེས་ཞུ་བ་རྣམས་ལ་གཞིགས་ཚེ་གཤམ་གསལ་བསྟན་བཅོས་དྲུག་པོ་རྣམས་ཀྱི་མཛད་པ་པོར་ཀླུ་སྒྲུབ་སྙིང་པོ་ཡིན་པར་གསལ་བ་ནི་མགོན་པོ་ཀླུ་སྒྲུབ་ལས་གཞན་ལ་འཇུག་ཡུལ་མེད་སྙམ།
གཞན་ཡང་ཀློང་ཆེན་རབ་འབྱམས་པའི་ (1308-1363) གྲུབ་མཐའ་མཛོད་ལས[15]། མཁས་ཤིང་གྲུབ་པ་བརྙེས་པ་ཚད་མེད་ཀྱང་། ཡོངས་སུ་གྲགས་པ་དྲུག་དང་། མཆོག་བརྒྱད་ནི་ཉི་ཟླ་དང་ནོར་བུ་ལྟ་བུའོ། །རྒྱན་དྲུག་ནི། ཀླུ་སྒྲུབ་སྙིང་པོ་དང་། ཐོགས་མེད། དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཡོན་ཏན་འོད་དོ། །ཞེས་གསུངས་པ་ལྟར་ནའང་། ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ལས་ཀླུ་བྱང་ལ་མི་འཇུག་པ་དང་། ལྷག་པར་རྙིང་མའི་ལུགས་ཀྱི་རྒྱན་དྲུག་མཆོག་བརྒྱད་དང་། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་ཀླུ་སྒྲུབ་ནི་མགོན་པོ་ཀླུ་སྒྲུབ་ལས་གཞན་མེད་པས། ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་ཡིན་པའང་ཤིན་ཏུ་གསལ་ལ། དེ་བཞིན་སློབ་དཔོན་པདྨས་མཛད་ཅིང་། རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་བཞེས་པའི་རྒྱགས་བརྔན་ལས[16]།
ཀླུ་ཡི་བྱང་ཆུབ་ལ་སོགས་པའི༔ གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ལ༔
ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔
རྒྱན་དྲུག་མཆོག་གཉིས་ཐམས་ཅད་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔
ཞེས་གསུངས་པ་ལྟར་ཀླུ་བྱང་དང་ཀླུ་སྒྲུབ་སྙིང་པོ་གང་ཟག་ཐ་དད་ཡིན་པ་སོགས་ཤིན་ཏུ་གསལ་བར་གསུངས་མོད། འོན་ཀྱང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[17]། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པ། ཀླུ་སྒྲུབ་སྙིང་པོ་ཞེས་ཀྱང་བྱ། སློབ་དཔོན་ཀླུའི་བྱང་ཆུབ་ཅེས་བྱ་བས་མཛད། ཅེས་དང་། དེ་བཞིན་གཞུང་དངོས་ཀྱི་མཛད་བྱང་ལས[18]། ཀླུའི་བྱང་ཆུབ་ཀྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཞེས་བྱ་བ་རྫོགས་སོ། །སློབ་དཔོན་ནཱ་གཱརྫུ་ན་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོ་ཞེས་ཀྱང་བྱ། ཀླུ་ཡི་བྱང་ཆུབ་ཅེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ། །ཞེས་དང་། པེ་ཅིན་དང་སྣར་ཐང་པར་མ་གཉིས་ཀྱི་མཚན་བྱང་ལས[19]། གོས་སྔོན་པོ་ཅན་སྒྲུབ་ཐབས་ཀྱི་མན་ངག་གི་རྒྱ་ཆེར་བཤད་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །ཞེས་གསལ་བ་ལྟར་ན། གཞུང་དེའི་མཛད་པ་པོའི་མཚན་ལ། ཀླུ་སྒྲུབ་སྙིང་པོ་དང་། སློབ་དཔོན་ཀླུའི་བྱང་ཆུབ། སློབ་དཔོན་ནཱ་གཱརྫུ་ན། ཀླུ་སྒྲུབ་རྣམས་མཚན་གྱི་རྣམ་གྲངས་ཡིན་པ་ལྟར་དུ་གསལ་བས། ཀླུ་སྒྲུབ་སྙིང་པོ་ཞེས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཀླུ་བྱང་གཉིས་ལས་གང་གི་མཚན་གྱི་རྣམ་གྲངས་ཡིན་མིན་ཆ་མ་འཚལ་བ་ལྟ་བུར་གསལ་ནའང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཀླུ་བྱང་རྣམ་གཉིས་བླ་སློབ་དང་གང་ཟག་ཐ་དད་ཡིན་པ་ལས་དེ་གཉིས་སློབ་དཔོན་གཅིག་གི་མཚན་གྱི་རྣམ་གྲངས་གཏན་ནས་མིན་ཏེ། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་གསོལ་འདེབས་ལས[20]།
བ་ལང་སྐྱོང་བཞིན་དངོས་གྲུབ་བརྙེས། །ལུས་མཆོག་དཔལ་གྱི་རི་ལ་བཞུགས། །
ནཱ་གཱ་བོ་དྷི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་ཀླུ་སྒྲུབ་སྙིང་པོ་ལས་ནཱ་ག་བོ་དྷི་སྟེ་ཀླུ་བྱང་ལ་གསོལ་འདེབས་ལོགས་སུ་མཛད་པའི་ཕྱིར་རོ། །འོན་ཀྱང་བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་འབུམ་ཅ་པའི་དཀར་ཆག་ནོར་བུའི་ཕྲེང་བ་ལས[21]། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་ཏནྟྲ་རྣམས་ཀྱི་བཀའ་བབས་ཤིང༌། དེ་ལ་སློབ་དཔོན་འདི་འགའ་ཞིག་གིས་བི་ཀྲ་མ་ཤཱི་ལའི་གཏོར་མའི་སློབ་དཔོན་བ་ལིན་ཨཱ་ཙརྱ་ཡིན། འཕགས་པ་ཀླུ་སྒྲུབ་མི་ཟེར་ཡང་པ་ལིཾ་ཨཱ་ཙརྱའི་མཚན་ལ་ཀླུ་སྒྲུབ་སྙིང་པོ་ཟེར་བ་སྲིད་ཀྱང་འཕགས་པ་མི་ཟེར། དེའི་ཕྱིར་སློབ་དཔོན་འཕགས་པས་མཛད་པའི་བསྟན་བཅོས་རྣམས་སུ་འཕགས་པ་ཀླུ་སྒྲུབ་སྙིང་པོ་ཞེས་བཀོད་འདུག་པའི་ཕྱིར་གཏོར་མའི་སློབ་དཔོན་དང་འཁྲུལ་བར་མི་བྱའོ། །དེ་ཉིད་ཀྱི་རྣམ་ཐར་གྲགས་ཆེ་བ་ལྟར་ཡིན་ལ། འོན་ཀྱང་སློབ་དཔོན་འདིས་མ་ཧཱ་ཀཱ་ལའི་རྒྱུད་བརྒྱད་དང་། ལྷ་མོ་ནག་མོའི་རྒྱུད་དང་། ཀུ་རུ་ཀུལླེའི་རྟོག་པ་སོགས་རྒྱུད་ཀྱི་རྣམ་གྲངས་གཞན་ཡང་མང་དུ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་ཁོ་ནའང་བརྒྱ་དྲུག་ཅུ་སྤྱན་དྲངས་པར་བཤད། ཐུན་མོང་གི་དངོས་གྲུབ་བརྒྱད་པོ་རེ་རེ་ལའང་མི་འདྲ་བ་དུ་མ་གྲུབ། སི་པར་པ་ཏར་ལོ་ཉིས་བརྒྱར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་སྔགས་ཀྱི་སྤྱོད་པས་བཞུགས་ཤིང་མཐར་གྱིས་རྡོ་རྗེའི་སྐུ་གྲུབ་བོ། །ཞེས་དང་། དེ་བཞིན་འབེ་ལོ་ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་ 18 པ།) ཀྱིས་བརྩམས་པའི་ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་ལས[22]། ཀླུ་རྣམས་ལ་ཆོས་བསྟན་ནས་ཡུན་རིང་དུ་བཞུགས་པས་དེ་ཕྱིན་མཚན་ནཱ་ག་ཨ་རྫུ་ན་སྟེ་ཀླུ་སྒྲུབ་ཅེས་པར་གྲགས། བ་ལི་ཨཱ་ཙརྱའི་མཚན་ཀླུ་སྒྲུབ་སྙིང་པོ་སྟེ་དེ་དང་འདྲ་འདྲེས་སུ་བྱས་པའང་སྣང་བས་འཁྲུལ་བར་མི་བྱའོ། །ཞེས་གསུངས་པ་ལྟར་ན། ཀླུ་སྒྲུབ་དང་ཀླུ་སྒྲུབ་སྙིང་པོ་གཉིས་མཚན་འདྲ་འདྲེས་སུ་སོང་བ་ལས་ཐ་དད་པ་ཡིན་པར་གསུངས་པས། གོང་གསལ་སྡེ་བསྟན་དཀར་ཆག་དང་། མཛད་བྱང་ལྟར་ན་ཀླུ་སྒྲུབ་སྙིང་པོ་ནི། མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཀླུའི་བྱང་ཆུབ་གཉིས་ལས་གང་གི་མཚན་གྱི་རྣམ་གྲངས་ཡིན་དང་། ཡང་ན་དེ་གཉིས་ལས་གཞན་པའི་སློབ་དཔོན་གཞན་ཞིག་གི་མཚན་ཡིན་ནམ། དེ་ཡང་ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཀླུ་བྱང་གང་རུང་གི་མཚན་གྱི་རྣམ་གྲངས་ཡིན་ན། ཀླུ་སྒྲུབ་སྙིང་པོའི་[23]མཛད་བྱང་འཁོད་པའི་བསྟན་འགྱུར་ཁྲོད་དུ་བཞུགས་པའི་གཤམ་གསལ་གྱི་གསུང་རྣམས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཀླུ་བྱང་གང་གི་གསུང་དུ་འདོད་མིན་དང་། དེ་ལྟར་ཞལ་གྱིས་བཞེས་མཁན་འཕགས་བོད་ཀྱི་མཁས་པ་གང་དག་ཡོད་མེད། གཞུང་ལུགས་གང་དག་ཏུ་གསལ་མིན་སོགས་ལ་དཔྱད་དགོས་པར་སྣང་ངོ་།།
དེ་ལྟར་ན། སྡེ་དགེ་བསྟན་འགྱུར་དཀར་ཆག །ཀ༽ རྒྱུད་ ༼ཛི༽ པའི་ཆོས་ཚན། ༤༡ པ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པ། ཀླུ་སྒྲུབ་སྙིང་པོ་ཞེས་ཀྱང་བྱ། སློབ་དཔོན་ཀླུའི་བྱང་ཆུབ་ཅེས་བྱ་བས་མཛད་པ་དང་། ཁ༽ རྒྱུད་ ༼ཞི༽ པའི་ཆོས་ཚན་ ༡༩ པ། ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ། བསྟན་འགྱུར་དཔེ་བསྡུར་མ་ལས[24]། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས། ཞེས་དང་། ཡང་དེ་ཉིད་ཀྱི་མཛད་བྱང་ལས་ཀྱང་[25]། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་ཞེས་བྱ་བ་རྫོགས་སོ། །དཔལ་གྱི་རི་ལ་མངའ་བདག་ཆེན་པོས། རྗེ་བཙུན་རི་ཁྲོད་ཀྱིས་གནང་བའོ། །དེས་རྗེ་བཙུན་ཀ་རོ་པ་ལ་བརྒྱུད་དོ། །དེས་རྗེ་བཙུན་ན་རོ་པ་ལ་བརྒྱུད་དོ། །ཞེས་དང་། སྡེ་བསྟན་དཀར་ཆག་ལས[26]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་པའི་འགྲེལ་པ། ཞེས་བྱུང་ངོ་།།
ག༽ རྒྱུད་ ༼ཝི༽ པའི་ཆོས་ཚན། ༡༠ པ། ཕྱག་རྒྱ་བཞི་གཏན་ལ་དབབ་པ། སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། འདི་མན་ངག་སྙེ་མ་[27]ལ་སོགས་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱས་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་མན་ངག་མི་ཤེས་པ་གཅིག་གིས་བྱས་སོ་ཞེས་བཤད་མོད་ཀྱི་འོན་ཀྱང་རྒྱ་གར་མ་ཡིན་ཅིང་བོད་ལ་གྲགས་པ་གཙོ་བོར་བྱས་ནས་བྲིས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཨརྱ་དེ་ཝ་ལ་བཤད་ཅིང༌། དེས་སེམས་ཀྱི་སྒྲིབ་སྦྱོང་མཛད་དེ་བྲིས་སོ། །ཞེས་གསལ་བ་ལྟར། མན་ངག་སྙེ་མ་ལས་ཀྱང་། ཕྱག་རྒྱ་བཞི་པའི་རྗེས་སུ་འགྲོ་བའི་གཟུངས་ནི་སོ་སོ་སྐྱེ་བོ་གདམས་ངག་མི་ཤེས་པ་ཁོ་ནས་བྱས་པ་སྟེ། ཕན་ཚུན་འགལ་བ་ནི་འཕགས་པ་རྣམས་ཀྱིས་མི་སྦྱོར་བས་སོ། །ཞེས་གསུངས།
ང༽ རྒྱུད་ ༼ཇུ༽ པའི་ཆོས་ཚན། ༡༤ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་གླན་ཆུང་གི་འགྱུར་ལ། སླད་ཀྱིས་སྟག་ལོ་ཙཱ་བས་བཅོས་པ་དང་། ཅ༽ དབུ་མ་ ༼ཙ༽ པའི་ཆོས་ཚན་ ༡༦ པ། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ། འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་སཱུརྱ་ཀཱིརྟིས་ལྷ་ས་ར་མོ་ཆེར་འགྱུར། ཆ༽ གསོ་རིག་ ༼ཧེ༽ པའི་ཆོས་ཚན་ ༢ པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་སྙིང་པོས་སྨན་པ་རྣམས་ལ་བརྫངས་པ་སྨན་འཚོ་བའི་མདོ་ཚིགས་སུ་བཅད་པ་རྣམས་སོ།།
གོང་གསལ་ཆོས་ཚན་དྲུག་པོ་རྣམས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་འདོད་དགོས་པས། དེ་དག་ཀླུ་སྒྲུབ་དང་ཀླུ་བྱང་གང་རུང་གི་གསུང་ཡིན་པར་ཞལ་གྱིས་བཞེས་པའི་འཕགས་བོད་ཀྱི་མཁས་པ་གང་དག་ཡོད་པ་དང་། གསུང་དེ་དག་གི་འགྲེལ་པ་འགྲེལ་བཤད་དང་བཅས་པ་ཡོད་དམ་མེད། ཡོད་ན་མཛད་པ་པོ་དེ་དག་གིས་ཀླུ་སྒྲུབ་སྙིང་པོ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཀླུ་བྱང་གང་ལ་བཞེད། དེ་ལྟར་མི་བཞེད་ན་སློབ་དཔོན་གཞན་ཞིག་ཡིན་པར་བཞེད་མིན་སོགས་ལ་དཔྱད་དགོས་པར་ཡང་སྣང་ངོ་།།
ལེགས་སྦྱར་གྱི་སྐད་དུ་ནཱ་ག་བོ་དྷི་ཞེས་པ་ནི་ཀླུའི་བློ་དང་། ཀླུ་བྱང་། ཀླུའི་བྱང་ཆུབ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་གསུངས་ལ། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[28]། རེས་འགའ་ནི་གང་ཟག་གཅིག་ཉིད་ལ་ནཱ་ག་བོ་དྷི་ཞེས་བྱས་ནས་ཀླུའི་བྱང་ཆུབ་དང་། ནཱ་ག་བུདྡྷི་ཞེས་བྱས་ནས་ཀླུའི་བློར་བརྗོད་པ་བཞིན་ནོ། །ཞེས་གསུངས་པ་ལྟར། ཀླུའི་བྱང་ཆུབ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཅིང་། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཡི་དམ་ལྷའི་ཞལ་གཟིགས་ཤིང་དངོས་གྲུབ་བརྙེས་པས། དེང་སང་གི་བར་དུ་ཡང་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པར་གྲགས་ལ། བསྟན་བཅོས་ཀྱང་། གསང་འདུས་ཀྱི་དཀྱིལ་ཆོག་དང་། རིམ་ལྔའི་འགྲེལ་པ་སོགས་མང་དུ་མཛད་ཡོད་པ་སོགས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཀླུ་བྱང་རྣམ་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་དང་། མཚན་གྱི་རྣམ་གྲངས་སོགས་ཀྱི་ཐད་ནས་འཁྲུལ་གཞི་མེད།
དེ་ཡང་ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[29]། ཡང་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྲམ་ཟེ་རྒན་རྒོན་གཉིས་ལ་བུ་ཞིག་ཀྱང་ཡོད་ཅིང༌། ལོངས་སྤྱོད་ཀྱིས་དབུལ་བ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་མང་པོ་གནང་བས་ལྷག་པར་དད་དེ། དེ་གསུམ་ཆར་གྱིས་སློབ་མ་བྱས། བུ་དེས་སློབ་དཔོན་གྱི་ཉེ་གནས་བྱས་ཤིང་བཅུད་ལེན་གྱི་དངོས་གྲུབ་ཀྱང་ཐོབ་པ་ན། རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་ལ་མཁས་པར་བྱས་པ་ནི་སློབ་དཔོན་ཀླུའི་བྱང་ཆུབ་བོ། །དེས་ཀྱང་སློབ་དཔོན་ཀླུ་སྒྲུབ་བཞུགས་ཀྱི་བར་དུ་སློབ་དཔོན་གྱི་གཡོག་བྱེད་ཅིང༌། སྐུ་འདས་པ་ན་དཔལ་གྱི་རིའི་ཕྱོགས་གཅིག་ཕུག་ཟབ་མོ་ཞིག་ཏུ་འདུག་ནས་རྩེ་གཅིག་ཏུ་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། སྐུ་ཚེ་ཉི་ཟླ་དང་མཉམ་པས་གནས་དེ་ཉིད་དུ་བཞུགས་སོ། །མཚན་གྱི་རྣམ་གྲངས་གཉིས་ཡོད་དེ། ན་ག་བོ་དྷི་ཀླུའི་བྱང་ཆུབ་དང༌། ནཱ་ག་བུདྡྷི་ཀླུའི་བློ་འོ། །ཞེས་གསུངས་སོ།།
འོན་ཀྱང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། ཀླུ་སྒྲུབ་སྙིང་པོ་ཞེས་གསལ་ཡང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཁོངས་སུ་ནཱ་གཱ་རྫུ་ན་སྟེ་མགོན་པོ་ཀླུ་སྒྲུབ་དང་། ནཱ་གཱ་བོ་དྷི་སྟེ་སློབ་དཔོན་ཀླུའི་བྱང་ཆུབ་གཉིས་ལས་དེ་མིན་ནཱ་གཱ་སྟེ་ཀླུ་ཡི་མཚན་ཅན་གྱི་གྲུབ་ཆེན་གཞན་ཞིག་ཡོད་པ་མི་གསལ་བས། ཀླུ་སྒྲུབ་སྙིང་པོ་ཞེས་པ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གྲས་ཡིན་ན། མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཀླུ་བྱང་གང་རུང་ལས་འཇུག་ཡུལ་གཞན་མེད་ཀྱང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ཁག་ཏུ་ཀླུ་སྒྲུབ་སྙིང་པོའི་རྣམ་ཐར་དང་། མཚན་གྱི་རྣམ་གྲངས་སོགས་ལོགས་སུ་གང་ཡང་མི་གསལ།
གྲུབ་ཆེན་བརྒྱད་ཅུའི་རྩ་བཞིའི་གསོལ་འདེབས་ལྟར་ན། ཀླུ་སྒྲུབ་སྙིང་པོ་མགོན་པོ་ཀླུ་སྒྲུབ་ཡིན་པར་གསུངས་འདུག་ཀྱང་། གྲུབ་ཆེན་བརྒྱད་ཅུའི་ནང་དུ་མགོན་པོ་ཀླུ་སྒྲུབ་དང་། ཀླུ་སྒྲུབ་སྙིང་པོ་སོ་སོར་ཡོད་ན། དེ་ནི་ཀླུ་སྒྲུབ་སྙིང་པོའི་ཡིན་པ་ལས། མགོན་པོ་ཀླུ་སྒྲུབ་ཡིན་མིན་ལ་དོགས་པ་མི་དགོས་ཀྱང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ནང་། ཀླུ་སྒྲུབ་ལས་ལོགས་སུ་ཀླུ་སྒྲུབ་སྙིང་པོ་ཞེས་པ་ཞིག་མི་སྣང་ལ། མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཀླུ་བྱང་སོ་སོར་གསོལ་འདེབས་ཚིགས་སུ་བཅད་པ་ཐ་དད་སོ་སོར་ཡོད་དོ།།
དེ་བཞིན་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་དང་། རྒྱ་གར་ཅམཔཱརྣའི་བླ་མ་མི་འཇིགས་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར། དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་ལེགས་པར་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས། བལ་པོའི་དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་[30]བཅས་སུ་གུ་རུ་ནཱ་གཱ་རྫུ་ན་སྟེ་མགོན་པོ་ཀླུ་སྒྲུབ་དང་། གུ་རུ་ནཱ་གཱ་བོ་དྷི་སྟེ་སློབ་དཔོན་ཀླུའི་བྱང་ཆུབ་གཉིས་ལས་ཀླུ་ཡི་མཚན་ཅན་གྱི་སློབ་དཔོན་གཞན་མི་གསལ་ལོ།།
མདོར་ན། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས་ཀླུ་སྒྲུབ་སྙིང་པོ་ཞེས་པ་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་དང་། བསྟན་འགྱུར་གྱི་དཀར་ཆག་ལས་ཀླུ་སྒྲུབ་སྙིང་པོ་སློབ་དཔོན་ཀླུ་བྱང་གི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ལ། དེ་བཞིན་སྡེ་དགེ་བསྟན་འགྱུར་དཀར་ཆག་ལྟར་ན། མགོན་པོ་ཀླུ་སྒྲུབ་ཀྱི་མཚན་བྱང་ཐོག་གསུང་རྩོམ་ཆོས་ཚན་ ༡༤༩ དང་། སློབ་དཔོན་ཀླུ་བྱང་གི་མཚན་བྱང་ཐོག་གསུང་རྩོམ་ཆོས་ཚན། ༡༡ ཙམ་དང་། ཀླུ་སྒྲུབ་སྙིང་པོའི་མཚན་བྱང་ཐོག་གོང་གསལ་ལྟར་གསུང་རྩོམ་ཆོས་ཚན་ ༦ བཅས་ཀླུ་ཡི་མཚན་ཅན་གྱི་སློབ་དཔོན་རྣམ་གསུམ་གྱི་མཚན་བྱང་ཐོག་བསྟན་འགྱུར་ཁྲོད་གསུང་རྩོམ་ཆོས་ཚན་ཁྱོན་བསྡོམས་ ༡༦༠ བཞུགས་པ་བཅས་སོ་སོར་མ་འདྲེས་པར་མཁྱེན་གལ་ཤིན་ཏུ་ཆེའོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་གསུང་འབུམ། འཐོར་བུ། ༼ཁ༽ བསྟོད་ཚོགས། དཔེ་རིང་ཤོག་གྲངས་ ༩༠ན༡
[2] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༡༩༩༤ ལོ། ཤོག་གྲངས་ ༩༣༣
[3] ཀློང་ཆེན་སྙིང་ཐིག་རྩ་པོད། ༼༤༽ མཆོག་བརྒྱད་གསོལ་འདེབས། ཤིང་དཔར་དཔེ་རིང་། ཤོག་ ༡ན༤
[4] ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཟབ་དོན་ལམ་གྱི་སྙིང་པོ། ༼༡༽ ཤིང་དཔར་དཔེ་རིང་། ཤོག་ ༥༡ན༢
[5] སྡེ་དགེ་བསྟན་འགྱུར། པོད་ ༡༩ པ། རྒྱུད། ༼ཚ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༤༤བ༥
[6] ཀཿཐོག་ཚེ་དབང་ནོར་བུའི་གསུང་འབུམ། བར་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤༧༣
[7] གཙང་སྟོད་ཟིན་ཐིག་དང་ཡང་ཐིག ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༥༡༤
[8] ཞེ་ཆེ་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་འབུམ། ༼༧༽ཤོག་ ༢༥༡
[9] འཇམ་མགོན་ཨ་མེས་ཞབས་ཀྱི་གསུང་འབུམ། ༼ར༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༤༡ན༤
[10] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼པི༽ དེབ་ཨང་ ༧༠ པ། ༡༩༩༤ ལོ། ཤོག་གྲངས་ ༦༦༢
[11] རོ་སྒྲུང་། ལེའུ་དང་པོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༡ ལོ། ཤོག་གྲངས་ ༧
[12] རོ་སྒྲུང་ངོ་མཚར་རྨད་བྱུང་། ཀ་ལོན་སྦུག ། ༡༩༦༤ ལོ། ཤོག་གྲངས་ ༡
[13] བོད་ཡིག་ཚིག་གཏེར་རྒྱ་མཚོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༡༧
[14] བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། སྟོད་ཆ། ༢༠༠༨ ལོ། ཤོག་གྲངས་ ༤༣
[15] ཀུན་མཁྱེན་གསུང་འབུམ། ༼༡༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༣༢
[16] རྒྱགས་བརྔན་ལྷ་བསང་། སློབ་དཔོན་པདྨས་མཛད། དཔེ་ཐུང་། ཤོག་གྲངས་ ༡༥བ༡
[17] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༤
[18] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ༡༩༩༤ ལོ། ཤོག་གྲངས་ ༡༦༤༧
[19] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཛི༽ དེབ་ཨང་ ༢༥ པ། ༡༩༩༤ ལོ། ཤོག་གྲངས་ ༡༦༤༧
[20] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༡༩༩༤ ལོ། ཤོག་གྲངས་ ༩༣༥
[21] རྙིང་པ་རྒྱུད་འབུམ། ༼ཝཾ༽ ཤིང་དཔར་དཔེ་ཐུང་། ཤོག་གྲངས་ ༡༡༩ན༣
[22] ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། སྟོད་ཆ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ཤོག་ ༨༤༤
[23] མཛད་བྱང་ཁག་ཏུ་ཀླུ་སྒྲུབ་སྙིང་པོ་དང་། སློབ་དཔོན་ཀླུ་སྒྲུབ་སྙིང་པོ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོ། འཕགས་པ་ཀླུ་སྒྲུབ་སྙིང་པོ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་སྙིང་པོ་བཅས་གསལ་ལོ།།
[24] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ༡༩༩༤ ལོ། ཤོག་གྲངས་ ༡༢༨༨
[25] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ༡༩༩༤ ལོ། ཤོག་གྲངས་ ༡༢༩༩
[26] སྡེ་བསྟན་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༧༡
[27] ཡང་དག་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད། མར་པ་ལོ་ཙཱ་བས་བསྒྱུར། དེ་ལ་སངས་རྒྱས་གྲགས་པ་དང་། ཆོས་ཀྱི་བཟང་པོའི་འགྱུར་ཡང་ཡོད། སཾ་བུ་ཊའི་འགྲེལ་པ་བཞི་ཡོད་པའི་གསུམ་པ་དེ་ཡིན་པར་བུ་སྟོན་རིན་པོ་ཆེས་གསུངས། འདི་བསྟན་འགྱུར་རྒྱུད་འགྲེལ་ ༼ཆ༽ པའི་དབུར་བཞུགས་སོ།།
[28] དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༡༤༡
[29] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠
[30] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༢༧ ནས་ ༩༣༠ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༣ ནས་ ༡༨༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།