མ༽ ནཱ་ལེནྡྲའི་མཁན་པོ་མཛད་དེ་ཆོས་སྡེ་དར་སྤེལ་མཛད་ཚུལ།

མ༽ ནཱ་ལེནྡྲའི་མཁན་པོ་མཛད་དེ་ཆོས་སྡེ་དར་སྤེལ་མཛད་ཚུལ།

 

དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་ལས[1]།

རྡོ་རྗེའི་མེ་ཆར་ཕོག་པས་ཨུཏྤལ་ལ། །སྔོན་པོའི་ཚལ་ལ་སོ་ཡིས་ཆར་པ་བཞིན། །

ལྟ་ངན་རལ་པའི་ཐོར་ཅོག་ངོ་ཚ་ནས། །ཐེམ་སྐས་ལྕགས་རིའི་འོག་ཏུ་ཡིབས་སམ་སྙམ། །

མཐར་ཐུག་ལྟ་བའི་ང་རོ་སྒྲོགས་པ་ལས། །མ་རྟོགས་གྲུབ་མཐའི་ཆུ་ཤིང་སྡོང་པོ་ལ། །

སྔོན་མེད་འབྲས་བུ་སྨིན་ཞེས་རྟོག་གེ་བའི། །གཏམ་གྱི་འུར་ཆེན་རྫུན་གྱི་མཚང་དུ་རྟོལ། །

ཞེས་བསྔགས་པ་མཛད་པ་ལྟར། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་སྐུ་ཚེའི་མཇུག་ཏུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་དམ་ཞེ་ན། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ལས[2]།

བརྒྱད་ཟུང་ལོ་རུ་ནཱ་ལེནྡྲ་ཡི། །མཁན་པོ་མཛད་དེ་དགེ་འདུན་སྡེ་བསྐྱངས་ཤིང་། །

གནས་གཞི་དུ་མར་མཆོད་གཞི་མང་དུ་བཙུགས། །དགེ་འདུན་སྡེ་སྤེལ་མཛད་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[3]། སྟོན་པ་འདས་ནས་སློབ་དཔོན་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་ནི་འགའ་ཡང་མེད་དོ་ཞེས་བསྔགས་ཤིང་སངས་རྒྱས་གཉིས་པར་གྲགས། ཐེག་ཆེན་གྱི་མདོ་གཟུངས་མང་པོ་དང༌། བརྒྱད་སྟོང་པ་ཉིན་རེ་བཞིན་ཚར་རེ་གསུངས། ཐོགས་མེད་ཀྱིས་ནཱ་ལནྡའི་མཁན་པོ་མཛད་རྗེས་སུ་སློབ་དཔོན་འདིས་མཛད། ཅེས་ཐོགས་མེད་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[4]ཀྱང་། སྐུ་ཚེའི་སྨད་ཀྱི་དུས་ན་ནཱ་ལེནྡྲར་ལོ་བཅུ་གཉིས་བཞུགས། དགུན་གྱི་དུས་ཉིན་རེ་བཞིན་མུ་སྟེགས་རྒོལ་བ་རེ་ཡོང་བ་ལ་གྲུབ་མཐའ་རྣམས་རིགས་པ་སྣ་ཚོགས་ཀྱིས་སུན་ཕྱུང་སྟེ་ཆོས་བསྟན་པས་མུ་སྟེགས་སྟོང་དུ་ཉེ་བ་ཙམ་རབ་ཏུ་བྱུང༌། གཙུག་ལག་ཁང་གང་ན་དགེ་སློང་ལྟ་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་པ་དང༌། ཆོ་ག་ཉམས་པ་ཐམས་ཅད་ཆོས་བཞིན་ཚར་གཅོད་པར་མཛད་པས་དགེ་འདུན་ཤིན་ཏུ་དག་པར་མཛད་དོ། །ཞེས་སྐུ་ཚེའི་སྨད་དུ་དཔལ་ནཱ་ལེནྡྲར་ལོ་ངོ་བཅུ་གཉིས་བཞུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པར་གསལ་བ་ལས། མཁན་པོ་མཛད་ཚུལ་གྱི་གསལ་ཁ་མི་འབྱུང་ཡང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། སློབ་དཔོན་འདིས་སྐུ་ཚེའི་མཇུག་ལ་ནཱ་ལེནྡྲའི་མཁན་པོ་མཛད་དེ་ལོ་བཅུ་གཉིས་སུ་ནཱ་ལེནྡྲའི་བསྟན་པ་བསྐྱངས་ཏེ་བསྟན་པའི་བདག་པོ་མཛད། ཅེས་ལོ་ངོ་བཅུ་གཉིས་རིང་མཁན་པོ་མཛད་ཚུལ་གསལ་བར་གསུངས་མོད། དེང་གི་དཔྱད་ཞིབ་པ་ལ་ལས་འཕགས་པ་ཐོགས་མེད་ཀྱི་སྐུ་དུས་སུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཤཱ་རིའི་བུའི་གདུང་རྟེན་ཙམ་ལས། དགེ་འདུན་གྱི་སྡེ་ཚུགས་རྒྱུ་ཡིན་ཅིང་། དཔལ་ནཱ་ལེནྡྲ་གསར་བཞེངས་གནང་བའི་སྐབས་ཡིན་པས་མཁན་པོ་མཛད་པ་མི་འཐད་པར་འདོད་མཁན་ཡོད་འདུག་པ་ནི་བརྟག་དགོས་པའི་གནས་སོ།།

གཞན་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ་ལས[6]།

མཁྱེན་པའི་དཀྱིལ་འཁོར་ཐུགས་རྗེའི་ཤིང་རྟ་ཅན། །ཤེས་བྱའི་མཁའ་ལ་ཀུན་ཏུ་ཐོགས་མེད་ཅིང༌། །

བསྟན་པ་པདྨོའི་ཚལ་རབ་རྒྱས་མཛད་པ། །ཐོགས་མེད་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་འཕགས་པ་ཐོགས་མེད་ཀྱི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[7]། རྒྱ་གར་གྱི་གནས་ཐམས་ཅད་དུ་མཆོད་གཞི་མང་དུ་བཙུགས། དགེ་འདུན་གྱི་སྡེ་ཆེས་ཆེར་འཕེལ་བར་མཛད། མཐར་རྒྱལ་པོའི་ཁབ་ཏུ་སྐུའི་བཀོད་པ་བསྡུས་ཏེ། དགའ་ལྡན་རྒྱལ་བ་མ་ཕམ་པའི་ཞབས་དྲུང་དུ་ཕེབས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་ཅིང་དགའ་ལྡན་གྱི་ལྷ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པ་དང་འདུལ་བར་འོས་པའི་གདུལ་བྱ་གང་དང་གང་ན་ཡོད་པའི་ཞིང་དེ་དང་དེར་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱ་བགྲང་བ་ལས་འདས་པ་སྐད་ཅིག་དང་སྐད་ཅིག་ལ་འཁོར་བ་དང་ངན་སོང་ལས་བསྒྲལ་ཏེ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཁྲིད་ཅིང་བཞུགས་སོ། །ཞེས་དང་། བུ་སྟོན་ (1290-1364) ཆོས་འབྱུང་ལས་[8]ནི། དེས་དགུང་ལོ་ལྔ་བརྒྱར་ཟེར་ཡང་བརྒྱ་ལྔ་བཅུ་བཞུགས་ཏེ། ཐེག་ཆེན་དར་བར་མཛད་དོ། །ཞེས་གསུངས་ལ། དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[9]། བདག་ཉིད་ཆེན་པོ་འདི་གང་དུ་མྱ་ངན་ལས་འདས་པའི་གནས་དེར་དད་པ་ཅན་དག་གིས་མཆོད་རྟེན་བརྩིགས་སོ། །སློབ་དཔོན་འདི་ལ་སློབ་མ་བསྟན་པ་འཛིན་པ་བསམ་གྱིས་མི་ཁྱབ་པ་ཡོད་ཅིང༌། སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་གྱུར་པ་ནི་མཁས་མཆོག་དབྱིག་གཉེན་ནོ། །ཞེས་གསུངས་པ་ལྟར། རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[10]།

བྱམས་པ་ཐོགས་མེད་དབྱིག་གཉེན་འཇམ་དབྱངས་དང༌། །ཀླུ་སྒྲུབ་ཡབ་སྲས་དཀོན་མཆོག་འབངས་རྣམས་ཀྱི། །

གཞུང་ལུགས་མན་ངག་ཀུན་ལ་མངའ་བརྙེས་པ། །འཕགས་པ་རྣམ་གྲོལ་སྡེ་ལ་ཕྱག་འཚལ་ལོ། །

རང་རྒྱུད་གཞུང་གི་རྗེས་འབྲང་མཁས་པའི་མཆོག །བཙུན་པ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །

རྣམ་སྣང་སེང་བཟང་ཡེ་ཤེས་ཞབས་ལ་སོགས། །རྒྱལ་བའི་སྲས་མཆོག་རྣམས་ལ་ཕྱག་འཚལ་ལོ། །

མཁས་མཆོག་རྣམས་ལས་རིམ་པར་ལེགས་བརྒྱུད་པའི། །ལེགས་བཤད་བདུད་རྩིའི་དགའ་སྟོན་རྒྱས་མཛད་པ། །

བསྟན་པའི་མངའ་བདག་བརྒྱུད་པར་བཅས་པ་དང༌། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་རྗེས་འཇུག་གི་སློབ་མ་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་ཞིང་རྒྱས་པར་མཛད་དོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[2]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡

[3]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༥༧

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༠

[5]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༨

[6]  ས་སྐྱ་བཀའ་འབུམ། ཆོས་འཕགས་དང་པོ། ༼པ༽ དཔེ་གཟུགས། ཤོག་གྲངས་ ༢༠བ༤

[7]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༩

[8]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༥

[9]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་་གྲངས་ ༧༥

[10]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༦༥ ནས་ ༥༦༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *