ཐ༽ རྒྱ་གཞུང་དུ་གསལ་བའི་ཞི་བ་ལྷའི་རྣམ་ཐར།

ཐ༽ རྒྱ་གཞུང་དུ་གསལ་བའི་རྣམ་ཐར།

 

དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་བྱོན་ཚུལ་ལ་རྒྱ་གར་བ་སྤྱི་ལ་གྲགས་པ་ནི། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་སྟེ་རྣལ་འབྱོར་ཟླ་བས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས[1]།

ཐོག་མར་རྒྱལ་པོ་འཇམ་དཔལ་གོ་ཆའི་སྲས་གྱུར་བར་དུ་གང༌། །

བྷཾ་གའི་ནགས་སུ་འཇམ་དབྱངས་བསྒྲུབས་པ་བླ་མའི་གདམས་པ་ཐོབ། །

གཞུག་ཏུ་ནམ་མཁར་འཇམ་དབྱངས་ཀྱིས་ནི་དངོས་སུ་བྱིན་གྱིས་བརླབས། །

ཐེག་ཆེན་ལམ་མཆོག་ཞི་བའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །

རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །

ཞི་བའི་ལྷ་ཡིས་མཛད་དང་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །

བདག་མེད་གཉིས་རྟོགས་ཐུགས་རྗེ་ཅན། །འཕགས་པས་མཛད་པའི་འགྲེལ་པ་ལ། །

བཅིངས་པ་མ་ལུས་དང་ལྡན་པ། །དད་པའི་རྗེས་འབྲང་བདག་མི་འོས། །

འོན་ཀྱང་དེ་ལམ་ཐོབ་འདོད་པས། །སྤྱོད་འཇུག་བཤད་པར་རྩོམ་པ་འདི། །

བླ་མས་གནང་བ་རྫོགས་སངས་རྒྱས། །ལམ་གྱི་རིན་ཆེན་ཐོབ་པའི་དྲིན། །

འགྲེལ་པ་མཛད་པ་རྣམས་ཀྱིས་ཀྱང༌། །འཕགས་པའི་དགོངས་པ་གསལ་མ་བྱས། །

དེའི་ཕྱིར་དགོངས་པའི་འགྲེལ་པ་འདི། །རྣལ་འབྱོར་ཟླ་བས་ཅུང་ཟད་བྲིས། །

འདི་སྐད་བརྒྱུད་པ་ལས་ཐོས་ཏེ། ལྷོའི་ཕྱོགས་སུ་དཔལ་ལྡན་ན་ག་ར་ལ་མིའི་རྒྱལ་པོ་འཇམ་དཔལ་གོ་ཆའི་བུ་རུ་སྐྱེས། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ། ཐར་པའི་ཆ་མཐུན་གྱི་དགེ་བའི་རྩ་བ་ཐོབ་པ། ཐེག་པ་ཆེན་པོའི་རིགས་ཡང་དག་པ་སྒྱུ་རྩལ་ཐམས་ཅད་ལ་མཁས་པ། རྒྱལ་ཚབ་ཏུ་དབང་བསྐུར་བའི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ། རྒྱལ་པོའི་བཙུན་མོ་ཆེན་མོ་ཡུམ་གྱིས་ཆུ་དྲོན་པོས་ཁྲུས་བྱེད་དུ་བཅུག་པས། དེའི་དྲོད་མི་བཟོད་པ་མཐོང་ནས་ཡུམ་གྱིས་འདི་སྐད་དུ་སྨྲས་ཏེ། སྙིགས་མའི་དུས་སུ་རྒྱལ་པོ་བྱས་ན་ཉོན་མོངས་པའི་དབང་གིས་སེམས་ཅན་སྡུག་ཏུ་བཅུག་ལ། ཤི་ནས་དམྱལ་བར་འདི་བས་ཀྱང་དྲག་པའི་སྡུག་བསྔལ་མྱོང་བར་འགྱུར་བས་རྒྱལ་སྲིད་ཀྱིས་དགོས་པ་མེད་ཀྱི་བུ་ཁྱོད་བྷཾ་ག་ལའི་ཡུལ་དུ་སོང༌། དེར་ཁྱོད་ལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཞེས་སོ།།

དེ་ནས་ཡུམ་གྱི་བཀའ་དེ་སྤྱི་བོར་བཞག་ནས། ཐུགས་དྲང་པོ་རྟ་མཆོག་ལྗང་གུ་ལ་ཞོན་ཏེ་གཤེགས་སོ། །དེ་ཡང་ཞག་དུ་མ་ཉིན་མཚན་མེད་པར་འགྲོ་སྟེ། བཟའ་བཏུང་ལ་སོགས་པ་ཡིད་ལ་མི་བྱེད་པར་དེའི་བཀའ་གཅིག་པུ་ལ་རྩེ་གཅིག་པར་འགྲོ་བ་ལ། བྷཾ་ག་ལའི་ཡུལ་གྱི་མཐའ་མར་ནགས་ཚལ་གྱི་ནང་ན་བུ་མོ་རིན་པོ་ཆེ་ཞིག་མཐོང་ངོ༌། །བུ་མོ་དེས་རྟ་བཟུང་ནས་དེ་རྟ་ལས་བབས་སོ། །དེ་ནི་ཤིན་ཏུ་སྐོམ་པས་མདུན་དུ་ཆུ་མཐོང་ནས་བཏུང་བར་བརྩམས་སོ། །བུ་མོས་འདི་ནི་དུག་གི་ཆུ་ཡིན་པས་མ་འཐུང་ཞིག་ཅེས་སྨྲས་ནས་དེ་ལས་བཟློག་སྟེ་བདུད་རྩིའི་ཆུ་འཐུང་དུ་བཅུག་པ་དང༌། ཤ་བསྲེགས་ནས་ཟ་རུ་བཅུག་པས་ཚིམ་པར་གྱུར་ལ། བུ་མོ་ལ་སྨྲས་ཏེ་ཁྱེད་གང་ནས་འོངས་ཞེས་སོ།།

དེས་སྨྲས་པ། ནགས་ཚལ་ཆེན་པོ་འདིའི་དབུས་སུ་ཡོན་ཏན་དམ་པའི་ཚོགས་ཀྱིས་བརྒྱན་པ། ཐུགས་རྗེ་ཅན་དཔལ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྒྲུབ་པ་བདག་གི་བླ་མ་བཞུགས་ཏེ། དེ་ནས་འོངས་ཞེས་སོ། །དེ་ཐོས་པ་ཙམ་གྱིས་བཀྲེན་པས་རིན་པོ་ཆེ་ཐོབ་པ་ལྟར་དགའ་བདེ་ཆེན་པོས་དབུགས་ཕྱུང་ནས་སྨྲས་ཏེ། ཀྱེ་དེ་བདག་ལ་སྟོན་ཅིག །བུ་མོས་དེ་འབོད་པ་རྟ་བཟུང་སྟེ་གཤེགས་པར་གྱུར་ཏོ། །དེར་ཕྱིན་པས་ཤིན་ཏུ་ཟབ་པའི་ཐུགས་དང་ལྡན་ཞིང༌། ལུས་ངག་ཞི་བ་གསེར་གྱི་རི་ལྟ་བུ་བླ་མའི་མཆོག་མཐོང་ནས། བདག་ཉིད་དང་རྟ་མཆོག་ཕུལ་ནས་གུས་པས་བླ་མ་དེ་ལ་ཕྱག་བྱས་ཏེ། འཇམ་པའི་དབྱངས་ཀྱི་ཏིང་ངེ་འཛིན་གྱི་གདམས་པས་བདག་རྗེས་སུ་འཛིན་པར་འཚལ་ལོ་ཞེས་གསོལ་ཏོ། །བླ་མས་ཀྱང་དེ་ཡོངས་སུ་སྨིན་པར་མཛད་པའི་རིམ་པས་གདམས་པར་མཛད་དོ།།

དེ་ནས་ལོ་བཅུ་གཉིས་དེར་བཞུགས་ལ། ཏིང་ངེ་འཛིན་གྱིས་འཇམ་པའི་དབྱངས་མངོན་སུམ་དུ་མཛད་ཅིང༌། དེ་རྗེས་བླ་མས་ཡུལ་དབུས་སུ་འགྲོ་བར་བཀའ་སྩལ་པས་སོང་སྟེ། མ་ག་དྷཱའི་རྒྱལ་པོ་བརྟེན་ཅིང་ཤིང་གི་རལ་གྲི་ཤུབས་དང་བཅས་པ་བཟུང་བས་རྟ་པའི་ཚུལ་མི་གཡོ་བའི་སྡེ་ཞེས་པའི་མིང་ཅན་རྒྱལ་པོས་བཀུར་བ་སྤྱོད་པ་དེ་ཉིད་ཀྱིས་ཆོས་ཁོ་ན་ཡིད་ལ་བྱེད་ཅིང་བཞུགས་སོ།།

དུས་གཞན་ཞིག་ན་རྟ་པ་གཞན་རྣམས་ཀྱིས་དེའི་ཕུན་སུམ་ཚོགས་པ་མི་བཟོད་པས་རྒྱལ་པོ་ལ་སྨྲས་ཏེ་མི་གཡོ་བའི་སྡེ་འདི་ནི་ཤིང་གི་རལ་གྲིས་ཁྱེད་བསྟེན་པས་འཁྲུགས་པའི་དུས་སུ་དགྲ་ལ་ཇི་ལྟར་རྡེག་པར་འགྱུར། དེ་བས་ན་དེའི་རལ་གྲི་བལྟ་བར་འཚལ། དེ་ལྟར་ཡིན་ཡང་དྲང་པོར་སྨྲ་མི་ནུས་པས་རྟ་པ་ཐམས་ཅད་ཀྱིས་རལ་གྲི་བལྟ་བར་བྱའོ་ཞེས་རྒྱལ་པོས་བཀའ་སྩལ་པས་ཁ་ཅིག་གིས་རལ་གྲི་བལྟས་ནས། མི་གཡོ་བའི་སྡེ་ལ་ཡང་རལ་གྲི་བལྟའོ་ཞེས་བཀའ་སྩལ་ཏོ། །དེས་གསུངས་པ། བདག་གི་རལ་གྲི་ཁྱེད་ཀྱིས་ལྟ་བར་མི་འོས་ཞེས་སོ། །རྒྱལ་པོས་ནན་ཏན་གྱིས་ཡང་དང་ཡང་དུ་ཞུས་པས་མི་གཡོ་བ་ན་རེ། ཅིས་ཀྱང་མཐོང་བར་འདོད་ན་ཕྱོགས་དབེན་པར་ཁྱེད་རང་ཁོ་ན་ལག་པས་མིག་གཅིག་བཀབ་སྟེ་བལྟ་བར་གྱིས་ཤིག །དེས་བལྟས་པས་རལ་གྲིའི་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་མ་བཀབ་པ་ངོས་ས་ལ་ལྷུང་ངོ༌། །ནུས་པ་དེ་མཐོང་ནས་རྒྱལ་པོ་ཤིན་ཏུ་མོས་པར་འགྱུར་བར་དགོངས་ལ་མིག་གི་བུ་གར་མིག་བཅུག་སྟེ། ཟུག་རྔུ་མེད་པར་བྱས་ལ་གཙུག་ལག་ཁང་ཆེན་པོ་ན་ལེན་དྲར་གཤེགས་ལ། མི་གཡོ་བའི་སྡེ་རབ་ཏུ་བྱུང་སྟེ། ཞི་བ་དང་ལྡན་པས་ཞི་བའི་ལྷ་ཞེས་མིང་བཏགས། དེར་ནི་སྡེ་སྣོད་གསུམ་མཉན་པའི་རྗེས་ལ། ཟ་རུང་ཉལ་རུང་འཆག་རུང་རྒྱུན་དུ་འོད་གསལ་བསྒོམས་པས་བྷུ་སུ་ཀུ་ཞེས་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་བྷུ་སུ་ཀུ་ཞེས་མིང་ཡོངས་སུ་གྲགས་སོ།།

དེ་ནས་དུས་གཞན་ཞིག་ན་དགེ་འདུན་གྱི་ནང་དུ་མ་རུངས་པ་འགའ་ཞིག་གིས། འདིས་ནི་དགེ་འདུན་གྱི་ནང་དུ་བྱ་བ་གང་ཡང་མ་བྱས་པར་སྒོམ་པ་ལྟར་གནས་ཏེ། ཅི་ཤེས་བརྟག་དགོས་ཞེས་བགྲོས་ལ། དང་པོ་ཆོ་འཕྲུལ་གྱི་དུས་སུ་ལོ་རེ་རེ་ཞིང་ཆོས་འདོན་པ་ཡོད་པས། འདི་ལ་འཆོལ་དགོས་ཞེས་བསམས་ནས་དེ་ལ་ཞུས་སོ། །དེས་གསུངས་པ་བདག་གིས་ཅི་ཡང་མི་ཤེས་སོ། །ཡང་ནས་ཡང་དུ་བཀག་ཀྱང་དེ་དག་གིས་ཞུས་ཤིང་གཙུག་ལག་ཁང་གི་ཕྱི་རོལ་དབང་ལྡན་གྱི་མཚམས་སུ་ས་ཕྱོགས་ཡངས་པ་ལ་མཆོད་པའི་རྣམ་པ་དུ་མ་བཤམས་ཏེ། སྐྱེ་བོ་མ་ལུས་པ་བོས་ནས་སེང་གེའི་ཁྲི་ཤིན་ཏུ་མཐོན་པོ་བཤམས་ཏེ་སྤྱན་དྲངས་སོ། །དེས་དེར་བཞུགས་ཤིང་བསམས་ཏེ། མདོ་སྡེ་ཀུན་ལས་བཏུས་པ་དང༌། །བསླབ་པ་ཀུན་ལས་བཏུས་པ་དང༌། །བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ཡོད་དོ། །དེ་ལ་སྤྱོད་པ་ལ་འཇུག་པ་གདོན་པར་འོས་བསམས་ནས་གསུངས་ཏེ་དྲང་སྲོང་གིས་གསུངས་པའམ། དེའི་རྗེས་ལས་བྱུང་བ་གང་གདོན་དོན་དམ་རྟོགས་པ་ནི་དྲང་སྲོང་ངོ༌། །དེས་མཛད་པ་གསུང་རབ་བོ། །དེ་ལ་བརྟེན་ནས་གཞན་གྱིས་བྱས་པ་དེ་རྗེས་ལས་བྱུང་བའོ།།

འཕགས་པ་བྱམས་པས་དེ་གསུངས་པ། གང་ནི་དོན་ཅན་ཆོས་ཀྱི་ཚིག་དང་ལྡན། །ཁམས་གསུམ་ཉོན་མོངས་དག་པར་བྱེད་པའི་ཚིག །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་དེ། །དྲང་སྲོང་ལས་བྱུང་དེ་ལས་བཟློག་པ་གཞན། །ཞེས་སོ། །དེས་གང་འཆད་པར་འགྱུར་བ་ལེའུ་བཅུ་པ་ནས། བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་འབྱུང་བའང་ཐོབ་པར་ཤོག །ཅེས་པ་དེ་ཡང་རིགས་པར་འགྱུར་རོ། །དེ་དག་གིས་ངོ་མཚར་སྐྱེས་ནས་སྨྲས་ཏེ། གཞན་པ་འདོན་པར་ཞུ་འཚལ་ཞེས་བརྗོད་པ་དང༌། དེས་ཀྱང་སྤྱོད་པ་ལ་འཇུག་པ་འདོན་པར་བརྩམས་སོ། །དེ་ལ།

གང་ཚེ་དངོས་དང་དངོས་མིན་དག །བློ་ཡི་མདུན་དུ་མི་གནས་འགྱུར། །

དེ་ཚེ་རྣམ་པ་གཞན་མེད་པར། །དམིགས་པ་མེད་པར་རབ་ཏུ་ཞི། །

ཞེས་བྱ་བ་འདོན་པའི་སྐབས་སུ་དེ་ལ་མཐོང་ལམ་མངོན་དུ་གྱུར་པ་དང་། འཕགས་པ་འཇམ་དཔལ་མདུན་གྱི་ནམ་མཁའ་ལ་སྣང༌། དེའི་རྗེས་ལ་དེ་དང་བཅས་པ་སྐྱེ་བོ་རྣམས་ལ་མི་སྣང་བར་གྱུར། དེ་ནས་དེ་མ་མཐོང་བས་འགྱོད་པར་གྱུར་པའི་སྐྱེ་བོ་རྣམས་ཀྱིས་དེའི་བྲང་ཁང་དུ་བལྟས་པས། མདོ་སྡེ་ཀུན་ལས་བཏུས་པ་ལ་སོགས་པ་གསུམ་བླངས་ཏེ། མཁས་པ་རྣམས་ཀྱི་སྒོ་ནས་འཇིག་རྟེན་དུ་གྲགས་པར་བྱས་སོ། །ཞེས་བྱུང་ངོ་།།

དེ་བཞིན་དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ལས[2]། འདིར་འཕགས་པ་ཞི་བའི་ལྷ་དེ་གསུང་རབ་མཐའ་དག་གི་དོན་གྱི་དེ་ཁོ་ན་ཉིད་རྟོགས་ཤིང༌། ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་བརྙེས་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་བཞེད་པ། སེམས་ཅན་རྣམས་ལ་ཐུགས་རྗེ་དང་ལྡན་པ། རང་གི་བདེ་བ་ལ་ལྟོས་པ་མེད་པ། གཞན་ལ་ཕན་པ་དང་བདེ་བ་བཞེད་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་ཐུགས་གཞོལ་བ། བདག་ཉིད་ཡོན་ཏན་དེ་ལ་གོམས་པས་རོ་མཆོག་ལ་ཞུགས་ཤིང༌། གཞན་དག་ལ་ཡང་ལམ་དེ་བསྟན་པའི་ཆེད་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་མཛད་པར་བཞེད་ནས། ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༥༠༩

[2]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་། ༦༡ པ། ཤོག་གྲངས་ ༡༠༥༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༡ ནས་ ༡༠༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *