༣༩༽ ཀ་མ་ལ་ཀུ་ལི་ཤ་ནས་ཆོས་འབྱུང་ཞི་བ་བར་གྱི་རྣམ་ཐར།

༣༩༽ ཀ་མ་ལ་ཀུ་ལི་ཤ་ནས་ཆོས་འབྱུང་ཞི་བ་བར།

 

དེ་རྗེས་ཀྱི་དཔལ་ནཱ་ལེནྡྲའི་མཁན་རབས་ལས། ༣༩༽ ཀ་མ་ལ་ཀུ་ལི་ཤ་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ལས[1]། སྔོན་དུས་ཨོ་རྒྱན་གྱི་སྐྱེ་བོས་བླ་དྭགས་སུ་བཏགས་པ་ཀ་མ་ལ་ཀུ་ལི་ཤ་སྟེ་པདྨ་རྡོ་རྗེ། དེ་ཡང་དཔྲལ་བ་ན་རྡོ་རྗེས་མཚན་པའི་པདྨ་རྒྱས་པའི་རི་མོ་ཡོད་པས་སོ། །ཞེས་གསུངས་པ་ལྟར། ཀ་མ་ལ་ཀུ་ལི་ཤ་ཞེས་པ་བོད་སྐད་དུ་པདྨ་རྡོ་རྗེ་ཡིན་པར་གསལ་ལ།

པདྨ་རྡོ་རྗེ་ཞེས་པ་ལེགས་སྦྱར་དུ་བསྒྱུར་ན། པདྨ་བཛྲ་ཡིན་པས། སློབ་དཔོན་པདྨ་བཛྲ་དང་ཀ་མ་ལ་ཤུ་ལི་ཤ་གཅིག་མིན་དཔྱད་དགོས་ལ། པདྨ་བཛྲའི་རྣམ་ཐར་མདོར་བསྡུས་བཞུགས་ཀྱང་ནཱ་ལེནྡྲ་དང་འབྲེལ་ཡོད་མི་གསལ་ལ། ཀ་མ་ལ་ཀུ་ལི་ཤའི་རྣམ་ཐར་ལོགས་སུ་མ་མཇལ་ཞིང་། དེབ་སྔོན་ལས[2]། བརྒྱུད་པའི་རིམ་པ་ནི། འཇམ་པའི་རྡོ་རྗེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པའི་བཤེས་གཉེན། རྟ་རྫི་བ་དཔལ་བདེ་བ་ཆེན་པོའམ་མཚན་གྱི་རྣམ་གྲངས་ཀ་མ་ལ་ཀུ་ལི་ཤ་དང་། ཡན་ལག་མེད་པའི་རྡོ་རྗེ་ཞེས་བྱུང་བ་ལྟར། ཡན་ལག་མེད་པའི་རྡོ་རྗེའི་སྔོན་དུ་བྱོན་པར་གསལ་ལོ།།

༤༠༽ ན་རེནྡྲ་ཤྲཱི་ཛྙཱ་ནའི་རྣམ་ཐར་མ་རྙེད་ལ། ༤༡༽ དཱ་ན་རཀྵི་ཏ་ནི། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཀར་ཆག་ལེགས་ཚོགས་འདབ་སྟོང་འཛུམ་པའི་ཉི་འོད་ལས[3]། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ། བམ་པོ་བཅུ་དང་ཤླཽ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས། ལེའུ་བདུན་ཅུ་རྩ་ལྔ་པ། རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་པ་ཆེན་པོ་དཱ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ཅིང་གཏན་ལ་ཕབ་པ་འདི་ཉིད་ཀྱི་འགྱུར་གཞུང་བཞུགས་པ་ལས་རྣམ་ཐར་གྱི་དཔྱད་གཞིའི་ཡིག་རིགས་མ་རྙེད་དོ།།

༤༢༽ ཤུ་བྷ་ཡཱ་ཀ་ར་གུཔྟ་སྟེ་སློབ་དཔོན་དགེ་བའི་འབྱུང་གནས་སྦས་པ་ནི། བཅོམ་ལྡན་འདས་གཙུག་ཏོར་འབར་བའི་སྒོམ་བཟླས་ཀྱི་མན་ངག་སྲེག་བྱེད་མེའི་འཁོར་ལོ་ལས[4]། སངས་རྒྱས་ཉིད་ཀྱིས་འཛམ་བུའི་གླིང་ཀུན་ཏུ་ཡོངས་སུ་གྲགས་པའི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་ལ་གནང༌། དེས་སྲས་ཀྱི་ཐུ་བོ་དགེ་བའི་འབྱུང་གནས་སྦས་པ་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་བྷང་ག་ལར་སྐུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་ལ་གནང༌། དེས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཟླ་བ་ལྟར་གྲགས་པ་བུདྡྷ་ཤྲཱི་ཛྙཱ་ན་དང༌། པཎ་ཆེན་གྲུབ་ཐོབ་ཨཱ་ནནྡ་གུཔྟ་ལ་གནང༌། དེ་གཉིས་ཀས་ཆོས་རྗེ་ཆག་ལོ་ཙཱ་བ་དགྲ་བཅོམ་པ་ལ་གནང༌། ཞེས་གསུངས་པ་ལྟར། འཁྲུངས་ཡུལ་རྒྱ་གར་ཤར་ཕྱོགས་བྷང་ག་ལ་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་སྲས་ཀྱི་ཐུ་བོ་ཡིན་པར་གསུངས་སོ།།

དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[5]། ཨ་བྷ་ཡའི་སློབ་མ་ཤུ་བྷཱ་ཀ་ར་གུཔྟ་སོགས་རྡོ་རྗེ་འཛིན་པ་དང་། སྡོམ་བརྩོན་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དུ་མས་བསྟན་པ་གསལ་བར་མཛད་པ་ལས། ཁྱད་པར་གྲུབ་པ་བརྙེས་པ་རཏྣ་རཀྵི་ཏས་སྡོམ་འབྱུང་གི་འགྲེལ་པ་སོགས་བརྩམས། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་སློབ་དཔོན་མཛད་པའི་ཚེ་མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པའང་བྱོན་པ་རྣམས་ཀྱིས་རྡོ་རྗེ་ཐེག་པའི་བསྟན་པ་ཆེར་སྤེལ་བར་མཛད་དོ། །ཞེས་བྱུང་བ་ལྟར། སློབ་དཔོན་ཤུ་བྷ་ཡ་ཀ་ར་གུཔྟ་ (བུ་བྷ་ཡཱ་ཀ་ར་གུཔྟ།) ནི། སློབ་དཔོན་ཨ་བྷ་ཡ་ཀ་རའི་དངོས་སློབ་ཡིན་ཅིང་། བླ་མ་སྐུ་གཤེགས་རྗེས་ཁོང་གིས་བི་ཀྲ་མ་ཤཱི་ལའི་མཁན་པོའི་མཛད་འགན་བཞེས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། རཱ་མ་པ་ལ་འདས། དེ་རྗེས་ཡཀྵ་པཱ་ལས་ལོ་གཅིག་རྒྱལ་སྲིད་བྱས། དེ་ནས་བློན་པོ་ལ་ཝ་སེ་ན་ཞེས་བྱ་བས་རྒྱལ་སྲིད་ཕྲོགས་ཏེ། དེ་དག་གི་རིང་ལ་བི་ཀྲ་མ་ཤཱི་ལར་སློབ་དཔོན་ཤུ་བྷ་ཨཱ་ར་གུཔྟ་དང་། རྡོ་རྗེ་གདན་ན་རྩ་མི་སངས་རྒྱས་གྲགས་བཞུགས། ཞེས་བྱུང་བ་ལས་རྣམ་ཐར་རྒྱས་པ་མ་རྙེད་དོ།།

༤༣༽ ན་ཡ་ཀ་པ་ཤྲཱིའི་རྣམ་ཐར་མ་རྙེད་ཅིང་། ༤༤༽ ཆོས་འབྱུང་ཞི་བ་བཅས་ཀྱི་རྣམ་ཐར་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། རྒྱལ་པོ་སེ་ན་བཞི་སོགས་ཀྱི་དུས་ཀྱི་གཏམ་ལས། ལ་ཝ་སེ་ནའི་བུ་ཀཱ་ས་སེ་ན། དེའི་བུ་མ་ཎི་ཏ་སེ་ན། དེའི་བུ་ར་ཐཱི་ཀ་སེ་ན་རྣམས་བྱུང་སྟེ། དེ་དག་གིས་སོ་སོར་རྒྱལ་སྲིད་ལོ་གྲངས་ཇི་ལྟར་བཟུང་གསལ་ཁ་མི་སྣང་ཡང༌། བཞི་ཆར་བསྡོམས་པ་ལ་ལོ་བརྒྱད་ཅུར་ཉེ་བ་ཞིག་ལས་མ་སོང་ངོ༌། །དེ་དག་གི་རིང་ལ་ཤུ་བྷཱ་ཀ་ར་གུཔྟ་དང༌། ར་ཝི་ཤྲཱི་ཛྙཱ་ན་དང༌། ན་ཡ་ཀ་བ་ཤྲཱི་དང༌། ད་ཤ་བྷ་ལ་ཤྲཱི་དང༌། དེ་དག་ལས་ཅུང་ཕྱི་བར་ཆོས་འབྱུང་ཞི་བ་དང༌། དཔལ་རྣམ་པར་གྲགས་པའི་ལྷ་དང༌། ནཥྐི་ལངྐ་དེ་ཝ་དང༌། དྷརྨཱ་ཀ་ར་གུཔྟ་ལ་སོགས་པ་ཨ་བྷ་ཡཱ་ཀ་རའི་རྗེས་སུ་འབྲངས་པའི་མཁས་གྲུབ་དུ་མས་སངས་རྒྱས་ཀྱི་བསྟན་པ་བཟུང༌། རྒྱལ་པོ་ར་ཐཱི་ཀ་སེ་ནའི་དུས་ན། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བལ་པོ་བུདྡྷ་ཤྲཱི་དང༌། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་དང༌། མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀ་ར་གུཔྟ་དང༌། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང༌། མཁས་པ་ཆེན་པོ་སཾ་གྷ་མ་ཛྙཱ་ན་དང༌། ར་ཝེ་ཤྲཱི་བྷ་ཏྲ་དང༌། ཙནྡྲ་ཨཱ་ཀ་ར་གུཔྟ་ལ་སོགས་པ་སྡོམ་བརྩོན་རྡོ་རྗེ་འཛིན་པ་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མང་པོ་བྱོན་ཏེ། མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པ་རྣམས་བྱུང་ངོ༌། །ཞེས་དང་། དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[8]། ཀ་མ་ལ་རཀྵི་ཏའི་རྗེས་སུ་མཁས་པ་སྒོ་དྲུག་བྱུང༌། དེའི་འོག་ཏུ་སྔགས་ཀྱི་སློབ་དཔོན་ཐོར་བུ་ཤིན་ཏུ་མང་བར་བྱུང༌། མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་ནས་ཀ་མ་ལ་ཀུ་ལི་ཤ་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་ན་རེནྡྲ་ཤྲཱི་ཛྙཱ་ན་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་དཱ་ན་རཀྵི་ཏས་མཛད། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་ཤུ་བྷ་ཡཱ་ཀ་ར་གུཔྟས་མཛད། དེའི་རྗེས་སུ་ན་ཡ་ཀ་པ་ཤྲཱིས་མཛད་དོ། །དེ་རྗེས་ཆོས་འབྱུང་ཞི་བས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲ་མ་ཤཱི་ལ་ནུབ་བོ། །དེ་དག་ནི་བི་ཀྲ་མ་ཤཱི་ལའི་གདན་རབས་ཀྱི་སྐབས་ཏེ་སོ་བརྒྱད་པའོ། །ཞེས་པ་ལས་པཎ་གྲུབ་དེ་དག་གི་རྣམ་ཐར་མི་གསལ་ལ། དེ་མིན་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། ཀུན་མཁྱེན་ཆོས་འབྱུང་། རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་ལོ་རྒྱུས། བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་སོགས་སུ་མི་གསལ་བས་མཚན་ཙམ་ལས་འགོད་ཐབས་བྲལ་བ་བཅས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༨༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༤༨

[2] དེབ་ཐེར་སྔོན་པོ། སྟོད་ཆ། པོད། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༥༢

[3] བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། པོད། ༼༡༠༥༽ ༢༠༠༩ ལོ། ཤོག་གྲངས་ ༥༢༣

[4] སྒྲུབ་ཐབས་ཀུན་བཏུས། ༼ཉ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢བ༢

[5] ཤེས་བྱ་ཀུན་ཁྱབ། ༼ཨོཾ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༦

[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠༢

[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠༤

[8] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༠ ནས་ ༣༠༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *