ཉ༽ རྡོ་རྗེ་སློབ་དཔོན་བསྟེན་ཏེ་དངོས་གྲུབ་ཐོབ་ཚུལ།
དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]།
དཔལ་ཆེན་ཁྲག་འཐུང་གཙོ་བོས་བྱིན་བརླབས་ཤིང་། །
རིག་པ་འཛིན་པའི་ས་རྣམས་ཡོངས་སུ་རྫོགས། །
གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །
གྲུབ་པའི་ནང་ན་དགྱེས་མཛད་ཆོས་གྲགས་ཞབས། །
ཞེས་དང་། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ལས[2]།
མཚན་ལྡན་རྡོ་རྗེ་འཛིན་པའི་ཅོད་པན་བཅིངས། །
ཧེ་རུ་ཀ་ཡི་དབང་བསྐུར་བྱིན་རླབས་ཞུས། །
བསྒྲུབས་པས་ཞལ་བཟང་མངོན་འགྱུར་ཕྱོགས་ཀུན་ལས། །
རྣམ་རྒྱལ་དངོས་གྲུབ་སྟེར་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[3]ཀྱང་། དེར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་དབང་བསྐུར་བ་ཡང་དག་པར་མནོས་ཏེ། ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་མངོན་སུམ་དུ་ཞལ་བསྟན་ཏེ། ཅི་འདོད་གསུངས་པ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ། །ཞུས་པས་ཧ་ཧ་ཧཱུཾ་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བསྟོད་པ་རྒྱུན་ཆགས་[4]ཀྱང་མཛད། སློབ་དཔོན་འདིའི་རྡོ་རྗེ་སློབ་དཔོན་ནི་འགའ་ཞིག་དཱ་རི་ཀ་པ་ཡིན་ཟེར། ཁ་ཅིག་རྡོ་རྗེ་དྲིལ་བུ་པ་ཡིན་པར་འདོད་ཀྱང༌། ཌེཾ་གི་ཡིན་པར་འཐད་གསུངས། སློབ་དཔོན་འདིས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཅིག་ཀྱང་མཛད་ཡོད་གསུང་ཞིང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་[5]ལཱུ་ཡི་པས་མཛད་པར་གྲགས་པ་འདི་ཡང་སློབ་དཔོན་འདིས་མཛད་པ་ཡིན་གསུང༌། ཞེས་གསལ་ལ། ཡང་བསྟོད་པ་དེ་ཉིད་ལས[6]།
བདེ་བའི་རང་བཞིན་བདེ་མཆོག་ཧེ་རུ་ཀ །
རིག་པ་འཛིན་པའི་སློབ་དཔོན་ཆེན་པོ་རུ། །
ཡོངས་བཞེངས་བདེ་སྟེར་མཁའ་འགྲོའི་ཚོགས་ཀྱི་རྗེ། །
བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་ཆོས་གྲགས་ཞབས། །
ཞེས་གསུངས་ལ། རྗེ་བདག་ཉིད་ཆེན་པོའི་གསུང་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་བ་ལས[7]། རྡོ་རྗེ་གདན་པས་ཀྱང༌།
ཡིག་མཁན་རིགས་ལས་སྐལ་བར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །
ལཱུ་ཨི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་སོ། །དེ་འདྲ་བའི་གྲུབ་ཆེན་དེ་ལ། རང་གི་སློབ་མ་རྒྱལ་པོ་དཱ་རི་ཀ་པ་དང༌། བློན་པོ་ཌེཾ་གི་པ་ཞེས་པ་གཉིས་ཀྱིས་མངོན་པར་རྟོགས་པ་ཇི་ལྟར་སྒོམ་པ་ཞུས་པའི་དོན་དུ་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་འདི་མཛད་དོ། །འདི་ལ་འགྱུར་གཞན་ལས་མི་འབྱུང་བར། འགོས་དང་ཟངས་དཀར་གྱི་འགྱུར་ལ། དུར་ཁྲོད་བརྒྱད་དང་ཤིང་བརྒྱད་ལ་སོགས་པའི་མིང་མང་པོ་བྱས་པ་ཞིག་ཡོད་པ་ལ་སྔོན་གྱི་བོད་ཁ་ཅིག་ལཱུ་ཨི་པའི་རྒྱ་དཔེ་གཞན་ལ་མེད། ཁ་ཆེའི་དཔེ་ལས་བསྒྱུར་བ་ལ་བྱུང་བ་ཡིན། དེ་ལ་འོང་བ་ཡང་ཁ་ཅིག་ནཱ་རོ་པས་བཅུག་ཟེར། ཁ་ཅིག་ཁ་ཆེ་བྱང་ཆུབ་བཟང་པོས་བཅུག་ཟེར་རོ་ཞེས་སྨྲ་སྟེ། སྔ་མ་ནི་མི་བདེན་ལ། གཞན་ཞིག་གིས་བཅུག་པར་མངོན་ནོ། །ལོ་ཆེན་གྱི་འགྱུར་ལ་འགོས་ཀྱིས་འགྱུར་བཅོས་མཛད་པ་ལ། མར་དོས་འགྱུར་བཅོས་བྱས་པ་ལ་སྔ་མ་ལྟར་བྱུང་ཡང་ཡུལ་དབུས་ཀྱི་དཔེ་ལ་གཏུགས་ནས་བསྒྱུར་བ་ལ་ནི་མ་བྱུང་ངོ༌། །སློབ་དཔོན་འདིས་མཛད་ཟེར་བའི་བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཆུང་བ་ཞིག་ཀྱང་ཡོད་དོ། །བདེ་མཆོག་གི་ཕྱོགས་ལ་གཉིས་སོ། །གཞུང་སྔ་མ་ལ་ལྭ་བའི་ན་བཟའ་ཅན་གྱིས་མཛད་པའི་འགྲེལ་པ་མཆོག་ཏུ་གྱུར་པ་ཞིག་ཡོད་དེ། ཞེས་གསུངས་པ་ལྟར། དཔལ་ལྡན་ཆོས་གྲགས་ཀྱིས་གསང་སྔགས་ཀྱི་གཞུང་མཛད་པ་དང་། ལྷག་པར་དཔལ་འཁོར་ལོ་བདེ་མཆོག་གི་ཉམས་བཞེས་མཛད་ཅིང་། བདེ་མཆོག་གི་སྒྲུབ་ཐབས་མཛད་པའི་སྐོར་གསལ་ཁ་མི་སྣང་བས། རྒྱ་གར་ཆོས་འབྱུང་དུ་སློབ་དཔོན་འདིས་མཛད་པ་ཡིན་གསུངས། ཞེས་པ་ཆོས་འབྱུང་དེབ་ཐེར་གང་ནས་གསུང་མིན་དང་། རྒྱུ་མཚན་གང་གི་ཆ་ནས་སློབ་དཔོན་ཆོས་གྲགས་ཀྱི་གསུང་ཡིན་མིན་མ་གསུངས་པ་སོགས་དཔྱད་དགོས་པ་མང་དུ་སྣང་ལ། ད་ཡོད་བསྟན་འགྱུར་པར་མ་ཁག་བཞིར་བཞུགས་པའི་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་རྒྱུད་ཀྱི་སྐོར་རྣམས་ནི། ༡༽ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་དང་། ༢༽ དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས། ༣༽ དཀྱིལ་འཁོར་གྱི་ཐིག་གི་ཆོ་ག ། ༤༽ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་བཅས་བཞི་ལས་མི་སྣང་ངོ་།།
དེ་ལྟར་དཔལ་ཆོས་ཀྱི་གྲགས་པས་གསང་སྔགས་ཀྱི་སློབ་དཔོན་བསྟེན་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་པས་ན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[8]།
ཚུར་མཐོང་སྣང་ངོར་རྟོག་གེའི་དབང་ཕྱུག་ཆེ། །
ཉེར་བཞིའི་གནས་ན་གྲུབ་པའི་དཔའ་བོ་ཆེ། །
འོག་མིན་ཞིང་དུ་རིགས་བརྒྱའི་ཁྱབ་བདག་ཆེ། །
དོན་ལ་དབྱེར་མེད་དཔལ་ལྡན་ཆོས་གྲགས་ཞབས། །
ཞེས་གསུངས་ཤིང་། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་དཔལ་ཆོས་ཀྱི་གྲགས་པའི་བླ་སྒྲུབ་ལས་[9]ཀྱང་།
ལོག་སྨྲ་མུ་སྟེགས་གླང་པོའི་སྤྱི་བོ་འགེམ། །
རྩོད་པས་ཐུབ་པའི་བསྟན་པ་གསལ་བྱེད་པ། །
སྨྲ་བའི་སེངྒེ་གཟི་བརྗིད་མཚུངས་པ་མེད། །
ཧེ་རུ་ཀ་དཔལ་གྲུབ་པའི་དབང་ཕྱུག་ཆེ། །
ཞེས་བསྟོད་ཕྱག་མཛད་པ་ལྟར། གྲུབ་ཆེན་གང་དག་གི་མན་ངག་ལ་བརྟེན་ནས་གྲུབ་པ་ཐོབ་པ་ནི། ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོས་ (1745-1800) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་ལས[10]། དཔལ་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་ཏྲི་མ་ལ་ཡ་ཞེས་བྱ་བར་སྐུ་འཁྲུངས་ཏེ། སློབ་དཔོན་དབང་ཕྱུག་སྡེ་སོགས་བསྟེན། རང་གཞན་གྱི་གཞུང་ལུགས་ཀུན་ལ་མཁས་པ་འགྲན་པའི་ཟླ་དང་བྲལ་བར་གྱུར། མུ་སྟེགས་ངན་པ་བརྒྱ་ཕྲག་དུ་མ་རིགས་པའི་སྒོ་ནས་ཚར་བཅད། སངས་རྒྱས་པའི་བསྟན་པ་ལ་བཙུད། ཚད་མ་སྡེ་བདུན་སོགས་བསྟན་བཅོས་ཀྱང་མང་དུ་མཛད། མཐར་གྲུབ་ཆེན་ཐ་ག་ན་དང་། སྨན་ཞབས་པ་སོགས་ཀྱི་མན་ངག་ལ་བརྟེན་ནས་འཁོར་ལོ་བདེ་མཆོག་བསྒྲུབས་པས་ཞལ་དངོས་སུ་བསྟན། སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མངའ་བ་ཞིག་གོ །ཞེས་གསུངས་པ་ལྟར་རོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༥༣
[2] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཆོས་བསྟོད། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣ན༥ བར།
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༡༦
[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝ༽ དེབ་ཨང་ ༡༡ པ། ཤོག་གྲངས་ ༦༢༥ ནས་ ༦༢༩ བར།
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ པ། ཤོག་གྲངས་ ༡༠༠༩ ནས་ ༡༠༡༤ བར་བཞུགས་ཡོད།
[6] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༥༣
[7] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཏ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༡
[8] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༥༣
[9] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ང༽ ཆོས་ཚན་ ༥ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༢ན༣ བར།
[10] འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། ༼ཀ༽ ཤིང་དཔར་དཔེ་རིང་། (ཇ) ཤོག་གྲངས་ ༡ན༡ ནས་ ༡༧བ༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༩༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།