བ༽ འཕགས་པ་གྲོལ་སྡེའི་རྣམ་ཐར་གྱི་སྙིང་པོ།
དབུས་སུ་འཁྲུངས་ཤིང་བྱམས་པས་ལུང་བསྟན་མཛད། །
མཐའ་བྲལ་དོན་གཟིགས་ཤེར་ཕྱིན་མན་ངག་རྙེད། །
མདོ་རྒྱན་སྦྱར་བའི་ཐོག་མ་ཉི་སྣང་མཛད། །
རབ་དགའི་ས་ཐོབ་འཕགས་གྲོལ་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོ་འདི་ཉིད་ཀྱི་ལེགས་སྦྱར་གྱི་མཚན་ལ་ཨཱརྱ་བི་མུཀྟ་ (विमुक्तिसेना) (Arya Vimuktasena) དང་།
རྒྱ་སྐད་དུ་ (聖解脫軍) བོད་སྐད་དུ་འཕགས་པ་རྣམ་གྲོལ་སྡེ་ཞེས་ཞུ་ཞིང་། ཕྱི་ལོ་ ༥༠༠ ཙམ་ལ་ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་སྐུ་འཁྲུངས། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ་ལས་རབ་ཏུ་བྱུང༌ཞིང་། བླ་མ་སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་དགེ་འདུན་སྲུང་བ། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཆོས་འབངས། སློབ་དཔོན་ལེགས་ལྡན་འབྱེད་སོགས་བསྟེན་ནས་ལྔ་རིག་སྤྱི་དང་། ལྷག་པར་ཕར་ཕྱིན་ལ་ཤིན་ཏུ་མཁས་པར་གྱུར། སྐུ་མཆེད་སློབ་དཔོན་སངས་རྒྱས་འབངས། སློབ་མ་སློབ་དཔོན་མཆོག་གི་སྡེ་དང༌། བཙུན་པ་རྣམ་གྲོལ་སྡེ་སོགས་སློབ་མ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྱངས། གདན་ས་དཔལ་ནཱ་ལེནྡྲ་སོགས་གཙུག་ལག་ཁང་ཉི་ཤུ་རྩ་བཞིའི་བདག་པོ་མཛད་ཅིང་། ཤེར་ཕྱིན་དོན་དབུ་མ་པའི་སྲོལ་བཞིན་རྒྱན་གྱི་དགོངས་འགྲེལ་མཛད་པ་སྟེ། རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ཉི་ཁྲི་སྣང་བ་མཛད་དེ་མདོ་རྒྱན་སྦྱར་བའི་སྲོལ་བཏོད། ས་དང་པོ་རབ་ཏུ་དགའ་བ་ཐོབ་སྟེ་གཟུངས་སྤོབས་མངོན་ཤེས་མངོན་དུ་གྱུར། རྣམ་གྲོལ་རྣམ་གཉིས་ཀྱི་ཡ་གྱལ་དང་། ལྷག་པར་དབྱིག་གཉེན་གྱི་རང་མཁས་སློབ་མ་བཞི་ལས་ཕར་ཕྱིན་རང་ལས་མཁས་པ། པཎ་གྲུབ་བཅུ་བདུན་ལས་བཅུ་གསུམ་པ་ཡིན། ཕྱི་ལོ་ ༦༠༠ ལོ་ཙམ་ལ་རྗེ་བཙུན་བྱམས་མགོན་གྱི་ལུང་བསྟན་ཐོབ་སྟེ་མཐར་དགའ་ལྡན་དུ་གཤེགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༧ ནས་ ༧༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།