ཆ༽ དཀར་ཆག་ཚད་ལྡན་ཞིག་ཡོང་ཐབས་ཀྱི་ཆ་ལག

ཆ༽ དཀར་ཆག་ཚད་ལྡན་ཞིག་ཡོང་ཐབས་ཀྱི་ཆ་ལག

 

དཀར་ཆག་ཚད་ལྡན་ཞིག་ཡོང་ཐབས་ཀྱི་ཆ་ལག་ནི། དཀར་ཆག་རིག་པ་ལས[1]། ཐོག་མར་སྡེ་ཚན་བགོ་ཚུལ་ཤེས་དགོས་པ་དང་། དེ་རྗེས་དེའི་གོ་རིམ་སྒྲིག་སྟངས་སྐོར་ཤེས་དགོས། དེ་གཉིས་ནི་དཀར་ཆག་འགོད་ཚུལ་གྱི་རྩ་བའི་ཤེས་ཡོན་ཞིག་ཡིན་པ་དང་། དཀར་ཆག་རིག་པའི་རྨང་གཞི་ཡང་དེ་ནས་བྱུང་བ་རེད། ཅེས་བསྟན་པ་ལས་ཆ་ལག་ཚང་བའི་སྒོ་ནས་སྡེ་ཚན་དབྱེ་བའི་དཀར་ཆག་གི་གལ་གནད་དང་། དོན་སྙིང་། དཀར་ཆག་སྒྲིག་ཚུལ།

དེ་འབྲེལ་གྱི་ཤེས་བྱ་རྣམས་ཀྱང་རྣ་བའི་བདུད་རྩིར་སྟེར་བ་གནང་ཡོད། དེ་ཡང་དེ་ཉིད་ལས[2]། སྡེ་ཚན་ནི་གསུང་རབ་དང་རྩོམ་ཡིག་དེ་དང་དེའི་བརྗོད་བྱའི་ནང་དོན་གཙོ་བོ་གང་ཡིན་པ་དེ་གཞིར་བྱས་ཏེ་ཚན་པ་མི་འདྲ་བ་སོ་སོར་དབྱེ་བ་ཞིག་ཡིན་ཅིང་། དེ་ཡོད་ན་རང་ཉིད་ཀྱིས་ལྟ་ཀློག་དང་དཔྱད་གཞི་གང་འཚོལ་དགོས་ཀྱང་ཐོག་མར་སྡེ་ཚན་གང་གི་ཁོངས་ནས་ཡིན་པ་ཤེས་ན་རྙེད་སླ་བས། སྡེ་ཚན་དབྱེ་ཚུལ་དེ་ཐོག་མར་བཤད་པ་ཡིན། ཞེས་གསུངས་པ་ལྟར་དུང་དཀར་རིན་པོ་ཆེས་དཀར་ཆག་གི་གོ་རིམ་སྒྲིག་སྟངས་ལའང་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པ་མཚོན་ཐུབ་བོ།།

དེ་བཞིན་དཀར་ཆག་གི་སྡེ་ཚན་དབྱེ་སྟངས་དང་། དེའི་གོ་རིམ་སྒྲིག་སྟངས་སྐོར་ལ། བོད་ཀྱི་དཀར་ཆག་རིག་པ་ལས[3]། བུ་སྟོན་རིན་པོ་ཆེ་སོགས་བོད་ཀྱི་སྔོན་བྱོན་མཁས་པའི་དབང་པོ་རྣམས་ཀྱིས་བཀའ་བསྟན་གཉིས་ཀྱི་དཀར་ཆག་སྒྲིག་སྐབས་ཐོག་མར་ནང་པ་སངས་རྒྱས་པའི་གསུང་རབ་སྤྱི་ལ་མཛད་པ་པོའི་སྒོ་ནས་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བ་ནི་སྤྱིའི་སྡེ་ཚན་ཆེན་པོ་གཉིས་ཡིན་ཅིང་། དེ་ནས་རེ་རེ་ལ་བརྗོད་བྱའི་ནང་དོན་གྱི་སྒོ་ནས་མདོ་ཕྱོགས་དང་སྔགས་ཕྱོགས་གཉིས་སུ་ཕྱེ་བ་དང་། མདོ་ཕྱོགས་ལ་ནང་གསེས་ཀྱིས་ཕྱེ་ན། འདུལ་བ། མདོ་སྡེ། མངོན་པ་གསུམ། སྔགས་ཕྱོགས་ལ་རྒྱུད་སྡེ་བཞི་སྟེ། བླ་མེད་རྒྱུད། རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད། རྒྱུད་སྡེ་སྤྱིའི་དོན་དང་འབྲེལ་བ་བཅས་རྩ་བའི་སྡེ་ཚན་ཆེན་པོ་བརྒྱད་དུ་ཕྱེ་བ་ནི་བཀའ་དང་བསྟན་བཅོས་གཉིས་ཀའི་ཐུན་མོང་གི་སྡེ་ཚན་དབྱེ་ཚུལ་ཡིན།

བསྟན་འགྱུར་དང་། བོད་གཞུང་བསྟན་བཅོས་ལ་གོང་གསལ་རྩ་བའི་སྡེ་ཚན་བརྒྱད་ཀྱི་སྟེང་དུ་རིག་གནས་ཆེ་བ་ལྔའི་ནང་གི་ནང་རིག་པ་ཕུད་པའི་གཞན་བཞི་སྟེ། སྒྲ། ཚད་མ། བཟོ་རིག་པ། གསོ་བ་རིག་པ་བཅས་དང་། རིག་གནས་ཆུང་བ་ལྔ་སྟེ། སྙན་ངག །མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་དང་། བོད་ཀྱི་མཁས་པ་ཚོའི་གསུང་འབུམ་དང་། གསུང་རྩོམ་ཁ་འཐོར་གྱི་རིགས་བཅས་མདོ་སྔགས་རིག་གནས་དང་བཅས་པ་ཡོངས་རྫོགས་ལ་རྩ་བའི་སྡེ་ཚན་ཆེན་པོ་བཅུ་དགུར་དབྱེ་བ་དང་། དེ་ནས་དེའི་ནང་གསེས་ཚན་པ་སོ་སོར་སྡེ་ཚན་མང་ཉུང་སྣ་ཚོགས་སུ་དབྱེ་བར་མཛད། ཅེས་གསལ་བ་ལྟར་རོ།།

བོད་ཀྱི་ཕྱག་དཔེའི་དཀར་ཆག་སྒྲིག་འགོད་བྱེད་ཚུལ་སྐོར་ཆེ་ལོང་ཙམ་བཀོད་པ་ལམ་གསལ་སྒྲོན་མེ་ལས[4]། བསྟན་འགྱུར་གྱི་དཀར་ཆག་སྒྲིག་པའི་རིམ་པ་ལ་ཡང་རྩ་བའི་སྡེ་ཚན་གྱི་རིམ་པའི་ཆ་ནས་བཀའ་འཁོར་ལོ་རིམ་པ་གསུམ་དང་འབྲེལ་བའི་བསྟན་བཅོས་རྣམས་རིམ་བཞིན་འགོད་པ་དང༌། སྡེ་སྣོད་གསུམ་གྱི་ཁོངས་སུ་གཏོགས་རིམ་གྱིས་བསྒྲིགས་པ། བློ་ལྡན་མཁས་པའི་གོ་སར་འཇུག་པའི་གོ་རིམ་དང་བསྟུན་ནས་སྒྲ་དང༌། ཚད་མ། བཟོ། གསོ་བ། ནང་རིག་པའི་བསྟན་བཅོས་རྣམས་རིམ་བཞིན་འགོད་པ། ཡང་ན་གཙོ་བོ་གཞན་རྗེས་སུ་འཛིན་པའི་ཡན་ལག་བཟོ་དང་གསོ་བ། ལོག་པར་རྟོག་པ་ཚར་གཅོད་པའི་ཡན་ལག་སྒྲ་དང་གཏན་ཚིགས། དེ་ཐམས་ཅད་ཀྱང་མཐར་ཐུག་ནང་སེམས་རྒྱུད་འདུལ་བའི་ཉམས་ལེན་དུ་བསྒྲིལ་དགོས་པར་སྟོན་པ་ནང་དོན་ཏེ་གོ་རིམ་དེ་ལྟར་སྒྲིག་པའམ། མཆོག་དང་དམན་པའི་གོ་རིམ་གྱིས་ཐེག་ཆེན་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ། ཐེག་དམན་གྱི་བསྟན་བཅོས་རྣམས་དང་དེ་ནས་ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པའི་བསྟན་བཅོས་རྣམས་རིམ་བཞིན་བཞུགས་སུ་གསོལ་ཡོད་པ་ལས། རང་རེའི་བསྟན་འགྱུར་གྱི་དཀར་ཆག་མང་ཆེ་བ་སྒྲིག་རིམ་ཕྱི་མའི་དབང་དུ་བྱས་ནས་བསྒྲིགས་ཡོད། ཅེས་གསལ་བ་ལྟར་སྒྲིག་ཚུལ་སྣ་ཚོགས་ཤིག་མཆིས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་དཀར་ཆག་རིག་པ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༧

[2] བོད་ཀྱི་དཀར་ཆག་རིག་པ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༧

[3] བོད་ཀྱི་དཀར་ཆག་རིག་པ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༧

[4] ཟ་མ་ཏོག །བརྩོན་འགྲུས་སངས་རྒྱས་སོགས། བོད་ཀྱི་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ། ༢༠༠༤ ཟླ་བ་ ༡༢ ཚེས་ ༧ ཉིན།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣ ནས་ ༡༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *