ཁ༽ འཕགས་པ་ཐོགས་མེད་ཀྱི་གསུང་གི་མཚན་བྱང་།
འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། མདོ་སྡེ། སེམས་ཙམ། སྣ་ཚོགས་བཅས་སྡེ་ཚན་ལྔ་ཡི་ནང་དུ་ཆོས་ཚན་ ༡༧ བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་གཅིག་སྟེ། ༡ ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་དང་། གཉིས་པ་རྒྱུད་ཀྱི་སྐོར་ལ་གཉིས་ཏེ། ༡ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་དང་།
༢ འཕགས་པ་བྱམས་པའི་སྒྲུབ་ཐབས་གཉིས། གསུམ་པ་མདོ་སྡེའི་སྐོར་ལ་བཞི་སྟེ། ༡ འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ་དང་། ༢ སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ། ༣ ཆོས་རྗེས་སུ་དྲན་པའི་འགྲེལ་པ། ༤ དགེ་འདུན་རྗེས་སུ་དྲན་པའི་བཤད་པ་བཅས་སོ།།
བཞི་པ་སེམས་ཙམ་སྐོར་ལ་དགུ་སྟེ། ༡ ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྣམ་པར་བཤད་པ་དང་། ༢ ས་སྡེ་ལྔའི་དང་པོ། རྣལ་འབྱོར་སྤྱོད་པའི་ས་ལས་དངོས་གཞིའི་ས་མང་པོ་དང་། ས་སྡེ་ལྔའི་དང་པོའི་ཡ་གྱལ་རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་དང་། ས་སྡེ་ལྔའི་དང་པོའི་ཡ་གྱལ་རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། ༣ ས་སྡེ་ལྔའི་གཉིས་པ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་སྟོད་ཆ་དང་། ས་སྡེ་ལྔའི་གཉིས་པ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་སྨད་ཆ་གཉིས། ༤ ས་སྡེ་ལྔའི་གསུམ་པའི་སྟོད་ཆ། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་དང་། ས་སྡེ་ལྔའི་གསུམ་པའི་སྨད་ཆ། རྣལ་འབྱོར་སྤྱོད་པའི་ས་ལས་འདུལ་བ་བསྡུ་བ། ༥ ས་སྡེ་ལྔའི་བཞི་པ། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། ༦ ས་སྡེ་ལྔའི་ལྔ་པ། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ་བཅས། ས་སྡེ་ལྔའི་དང་པོ། ཀ༽ སའི་དངོས་གཞིའི་ས་མང་པོ་དང་། ཁ༽ དངོས་གཞིའི་ཡ་གྱལ། ཉན་ཐོས་ཀྱི་ས། ག༽ དངོས་གཞིའི་ཡ་གྱལ། བྱང་ཆུབ་སེམས་དཔའི་ས་བཅས་གསུམ། ས་སྡེ་ལྔའི་གཉིས་པ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སྟོད་སྨད་གཉིས། ས་སྡེ་ལྔའི་གསུམ་པ། སྟོད་ཆ་གཞི་བསྡུ་བ་དང་། སྨད་ཆ་འདུལ་བ་བསྡུ་བ་གཉིས། ས་སྡེ་ལྔའི་བཞི་པ། རྣམ་གྲངས་བསྡུ་བ། ས་སྡེ་ལྔའི་ལྔ་པ། རྣམ་པར་བཤད་པ་བསྡུ་བ་བཅས་ས་སྡེ་ལྔ་རྣམས་བསྟན་འགྱུར་གྱི་དཀར་ཆག་ཁག་གི་སྡེ་ཚན་དབྱེ་བགོས་ཀྱི་འགྲོ་ལུགས་ལྟར་སོ་སོར་བཀོད་པའོ།།
༧ ཐེག་པ་ཆེན་པོ་བསྡུས་པ་དང་། ༨ ཆོས་མངོན་པ་ཀུན་ལས་བཏུས་པ། ༩ བསམ་གཏན་གྱི་སྒྲོན་མ་ཞེས་བྱ་བའི་མན་ངག །ལྔ་པ་སྣ་ཚོགས་ཀྱི་སྐོར་ལ་གཅིག་སྟེ། ༡ འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་བཅས། མདོར་ན། ས་སྡེ་ལྔ་སོ་སོར་ཕྱེ་ཞིང་། ནང་གསེས་དངོས་གཞི་དང་ཡ་གྱལ། སྟོད་སྨད་བཅས་སོ་སོར་ཕྱེ་ན་གསུང་བཟང་ཆོས་ཚན་གྲངས་ ༢༡ དང་། ས་སྡེ་ལྔ་སོ་སོར་ཕྱེ་ན་ཆོས་ ༡༧། ས་སྡེ་ལྔ་རྣམས་ཆོས་ཚན་གཅིག་ཏུ་བརྩིས་ན་བསྟན་བཅོས་ཁག་ ༡༣ དང་། སོ་སོར་བརྩིས་ན་བསྟན་བཅོས་ཁག་ ༡༧ བཞུགས་པ་བཅས་སོ།།
དེ་ལྟར་འཕགས་པ་ཐོགས་མེད་ཀྱི་གསུང་ཆོས་ཚན་ ༡༧ བསྟན་འགྱུར་དུ་བཞུགས་པ་ལྟར་ཕྱོགས་བསྒྲིགས་ཞུས་ཤིང་། བསྒྱུར་ཟིན་མ་ཡིག་མ་རྙེད་པ་ཆོས་ཚན་ ༣ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་ཁག་ ༡༢ ཡོད་པ་བཅས། མདོར་ན་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་ ༣༢ མཛད་པ་ལས་འདིར་བསྟན་བཅོས་ ༡༧ ཕྱོགས་བསྒྲིགས་ཞུས་པའོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༢༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།