ཅ༽ འཕགས་པ་གྲོལ་སྡེ་གང་དུ་འཁྲུངས་པ་དང་། བཤེས་གཉེན་བསྟེན་ཚུལ།

ཅ༽ གང་དུ་འཁྲུངས་པ་དང་། བཤེས་གཉེན་བསྟེན་ཚུལ།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནད་རྣམས་རྣམ་པར་བཤད་ནས་རང་གཞན་གྱི་གྲུབ་པའི་མཐའ་རྣམ་པར་དབྱེ་བ་ལུང་རིགས་ཀྱི་རོལ་མཚོ་ལས[1]།

འཕགས་པའི་བློ་ཡིས་མཐོང་བའི་སྤང་བྱ་ལས། །

རྣམ་གྲོལ་གཙུག་ལག་ཁང་ཆེན་དུ་མའི་བདག །

སྡེ་པ་མང་པོའི་ཆོས་ཀྱི་མཛོད་བཟུང་བ། །

ཉིད་ཀྱིས་ཤེར་ཕྱིན་དབུ་མའི་ལམ་དུ་བཀྲལ། །

ཞེས་གསུངས་པ་ལྟར་འཕགས་པ་གྲོལ་སྡེ་རང་ཉིད་ཀྱིས་མཛད་པའི་ཉི་ཁྲི་སྣང་བའི་མཇུག་བྱང་ལས[2]། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་གི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་པར་སྤྱད་པའི་ལས་ཅན། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ། འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུ་ལླེའི་སྡེ་པ་གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ[3]། ཤཱཀྱའི་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད། ཅེས་འཕགས་པ་གྲོལ་སྡེ་རང་ཉིད་ཐེག་པ་ཆེན་པོ་པ་ཡིན་པ་དང་། སྡེ་པ་བཅོ་བརྒྱད་ཀྱི་ནང་ནས་གནས་མ་བུ་པ་ཀུ་རུ་ཀུལླེའི་སྡེ་པ་ལས་རབ་ཏུ་བྱུང་བ། གཙུག་ལག་ཁང་དུ་མའི་བདག་པོ་ཡིན་པ། ལྷག་པར་སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ་ཡིན་པ་བཅས་རྣམ་ཐར་གྱི་སྙིང་པོ་རྣམས་གསལ་བ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[4]ཀྱང་། འཕགས་པ་རྣམ་གྲོལ་སྡེ་ནི། ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་འཁྲུངས་ཏེ། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ་ཡིན་ཅིང༌། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ་[5]ལས་རབ་ཏུ་བྱུང༌། སྡེ་པ་དེའི་གྲུབ་མཐའ་ལ་མཁས་པར་བྱས་པ་ཞིག་ཐེག་པ་ཆེན་པོ་ལ་མོས་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཏེ་ཤེར་ཕྱིན་མདོ་སྡེ་རྣམས་ཡོངས་སུ་རྫོགས་པར་བཟུང་ནས། མན་ངག་མ་གསན་ནོ། །དེར་སློབ་དཔོན་དགེ་འདུན་སྲུང་བའི་སློབ་མའི་ཐ་མ་མཛད་ནས་ཤེར་ཕྱིན་གྱི་མན་ངག་དེ་ལ་ཞུས་སོ།།

སློབ་དཔོན་འདི་བོད་ལ་གྲགས་པ་ལྟར་ན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ (ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་དང་། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད།) ཕར་ཕྱིན་རང་ལས་མཁས་པ་ཡིན་ཟེར་ཞིང༌། རྒྱ་གར་བ་འགའ་ཞིག་ནི་ཕྱོགས་ཀྱི་གླང་པོའི་སློབ་མ་ཡིན་ཏེ། དབྱིག་གཉེན་གྱི་ཞབས་ཀྱང་མ་ཟིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་རྟོགས་ནི་སློབ་དཔོན་ཆོས་འབངས་ལ་ཞུས་ཤིང༌། མན་ངག་ནི་ལེགས་ལྡན་ལ་གསན་ནོ་ཞེས་ཀྱང་ཟེར་མོད་ཀྱིས། འདིར་འཕགས་ཡུལ་ན་གྲགས་ཆེ་བ་ལྟར་ན་དཀྱུས་ཉིད་དེ། དབྱིག་གཉེན་གྱི་སློབ་མའི་ཐ་མ་ལྟ་བུ་ཡིན་ནོ། །ཞེས་གསུངས་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1749) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[6]། འཕགས་པ་གྲོལ་སྡེ་ནི། སློབ་དཔོན་དབྱིག་གཉེན་དགེ་བའི་བཤེས་གཉེན་དུ་བསྟེན་ནས་ཤེར་ཕྱིན་ལ་མཁས་པར་སྦྱངས་ཤིང༌། སློབ་དཔོན་དགེ་འདུན་སྲུང་བའི་སློབ་མ་མཛད་ནས་ཤེར་ཕྱིན་གྱི་མན་ངག་མཐའ་དག་ཞུས། དེ་གཉིས་ཀྱི་སྐུ་ཚེའི་སྨད་ཀྱི་སློབ་མའོ། །ཡུམ་གསུམ་གྱི་དོན་ཐམས་ཅད་ཐུགས་སུ་ཆུད་ནས་ཡུམ་དོན་དབུ་མར་འགྲེལ་བ་ལ། ཉི་ཁྲིའི་འགྲེལ་པ་ཉི་སྣང་བརྩམས་པ་ནི་གྲགས་ཆེ། ཤེར་ཕྱིན་གཙོ་བོར་བཤད་པས་ལོ་སུམ་ཅུའི་བར་དུ་དགེ་སློང་ཤེར་ཕྱིན་ཉན་མཁན་སྟོང་རེ་འདུས། ཞེས་གསལ་བ་ལྟར། བསྟན་རྩ་འདུལ་བའི་གནས་ལ་བཅས་མཚམས་ཕྲ་མོ་ཙམ་ལའང་མིག་འབྲས་བཞིན་བསྲུངས་ཏེ་ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ལའང་ཡ་མ་བྲལ་བའི་ངང་དུ་སྦྱིན་སོགས་ཤེས་རབ་ཀྱི་གནས་ལ་སྦྱངས་པ་ཕུན་ཚོགས་མཛད་དེ་ཐེག་པ་ཐུན་མོང་བའི་ལམ་དང་། ལྷག་པར་དུ་སྐོམ་པས་ཆུ་འདོད་བཞིན་དུ་འདོད་པའི་ཐེག་ཆེན་ཤེར་ཕྱིན་ཟབ་མོའི་མདོ་སྡེ་དང་མན་ངག་མངོན་པར་རྟོགས་པའི་རྒྱན་རྣམས་ལ་གསན་པར་འདོད། དེའི་ཚེ་དེའི་དུས་སུ་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་ཞེས་མཚན་གྱི་བ་དན་མངོན་པར་མཐོ་བའི་སྐྱེས་བུ་ཁྱད་པར་ཅན་གྲགས་ཤིང་ཆུང་ངུའི་དུས་ནས་དེའི་དྲུང་དུ་ཞབས་ལ་བསྙེན་ཏེ་ཐུན་མོང་བའི་སྡེ་སྣོད་དང་། ཁྱད་པར་དུ་ཤེར་ཕྱིན་མདོ་སྡེའི་དོན་དང་མན་ངག་རྣམས་ཇི་ལྟ་བ་བཞིན་དུ་ཐུགས་སུ་མ་ཆུད་བར་དུ་གསན། གསན་པ་བཞིན་ཉམས་སུ་བཞེས་ཏེ་རྒྱལ་བའི་ཡུལ་ཤེར་ཕྱིན་གཞུང་ལུགས་ཀྱི་ཚིག་དོན་མཐའ་དག་ལ་ཤིན་ཏུ་མཁས་པར་གྱུར་པས་བྱང་ཆུབ་ཀྱི་ལམ་ལ་རིམ་གྱིས་བགྲོད་དེ་འཕགས་པའི་སའི་མངོན་རྟོགས་ཀྱི་ཡོན་ཏན་མང་པོ་ཐུགས་རྒྱུད་ལ་འཁྲུངས་པར་གྲགས་སོ།།

དེ་བཞིན་དགེ་སློང་དོན་ཡོད་གྲུབ་པས་ (དུས་རབས་15པ།) མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཊཱིཀ་བསྟན་པའི་སྒྲོན་མེ་ལས་སྔགས་སྡོམ་གྱི་རྣམ་བཤད་ལས[7]། དབྱིག་གཉེན་གྱི་སློབ་མ་འཕགས་པ་གྲོལ་སྡེས་ཉི་ཁྲི་སྣང་བ་མཛད། དབྱིག་གཉེན་གྱི་སློབ་མ་བཞི་པོ་འདི་ལ་རང་ལས་མཁས་པའི་སློབ་མ་ཞེས་གྲགས་ཀྱང་ཤེས་བྱེད་མི་སྣང་ངོ༌། །འཕགས་གྲོལ་གྱི་སློབ་མ། བཙུན་པ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་མཛད་དོ། །དེའི་སློབ་མ་མཁན་པོ་ཡང་དག་རྣམ་སྣང་མཛད་ཡིན། དེ་ནི་མཁན་པོ་ཞི་བ་འཚོ་དང་དོན་གཅིག་གམ་ཡང་ཟེར། དེའི་སློབ་མ་སློབ་དཔོན་སེང་གེ་བཟང་པོས། མདོ་དང་རྒྱན་སྦྱར་བའི་འགྲེལ་པ་བཞི་ཙམ་མཛད་དོ། །ཡང་ཐོགས་མེད་ཀྱི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ཡིན་པར་གྲགས་ལ། དེས་རྣམ་རིག་གྲུབ་པ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ཅིང་གྲུབ་པ་བརྙེས་ལ་ཤིང་རྟ་ཆེན་པོ་ཞེས་ཀྱང་གྲགས་སོ། །ཞེས་གསུངས་པས་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༢བ༡

[2]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤༩༩

[3]  སློབ་དཔོན་སངས་རྒྱས་འབངས་ནི། འཕགས་པ་ཐོགས་མེད་ཀྱི་སློབ་མ་ཡིན་ལ། ལེགས་སྦྱར་སྐད་དུ་བུདྡྷ་དཱ་སཿ་ཞེས་སུ་གྲགས་པའི་ཚ་བོ་ཡིན་པར་གྲགས། དེ་ཡང་ཚ་བོ་ཞེས་པ་ནི། མིང་པོ་དང་སྲིང་པོའི་བུ་སྟེ། ཞེ་ས་ལ་སྐུ་ཚ་ཞེས་བརྗོད་ཅིང་། རང་གི་བུ་ཕྲུག་གི་བུ་ལ་ཚ་བོ་ཞེས་ཟེར། ཡང་ན་མིང་སྲིང་སྤུན་གྱི་བུའམ་བུའི་བུ་སྟེ། བུ་ནས་ཚ་བོ་འབྱུང་། ཚ་བོ་ནས་ཡང་ཚ་འབྱུང་། ཡང་ཚ་ནས་གསུམ་ཚང་འབྱུང་བ་བཞིན་ནོ།།

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༣

[5]  ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་ཀུན་གྱིས་བཀུར་བའི་སྡེ་པའམ། མང་པོས་བཀུར་བའི་སྡེ་པ་ལ་ས་སྒྲོགས་རི་པ། སྲུང་བ་པ། གནས་མ་བུ་བཅས་ནང་གསེས་ཁག་གསུམ་དུ་གྱེས་པ་ལས། དང་པོ། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ཀུ་རུ་ཀུ་ལེའི་བྲག་ཕུག་ལ་གནས་གཞི་མཛད་ནས་བཞུགས་པ་རྣམས་ལ་ས་སྒྲོགས་རིགས་ཀྱི་སྡེ་ཞེས་འབོད་པའི་ཀུ་རུ་ཀུལླེའི་སྡེ་ལས་རབ་ཏུ་བྱུང་བའོ།།

[6]  རྒྱ་བོད་ཆོས་འབྱུང་དགོས་འདོད་ཀུན་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༦༠

[7]  དོན་ཡོད་གྲུབ་པ་སྔགས་སྡོམ། སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གཞུང་འགྲེལ་སྐོར། ༢༠༠༧ ལོ། ཤོག་གྲངས་ ༢༦༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡ ནས་ ༢༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *