༩༽ སློབ་དཔོན་དུལ་བ་ལྷ།
དེ་ཡང་སློབ་དཔོན་དུལ་བ་ལྷ་ནི། བཀའ་འགྱུར་དཔར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས་ལས[1]། དེ་འོག་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྫོགས་མཚམས་ཤིག་ཏུ་ན་ལནྡར་སློབ་དཔོན་དུལ་བའི་ལྷ་བྱུང་སྟེ། དེས་སྡེ་བདུན་ལ་འགྲེལ་པ་བྱས། ཞེས་ཙནྡྲའི་རིགས་ཀྱི་རྒྱལ་པོའི་མཇུག་མཐར་བྱོན་པར་གསུངས་ལ།
དེ་བཞིན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[2]། ཚད་མ་ཀུན་ལས་བཏུས་པ་ཞ་མ་སེང་རྒྱལ་བས་བསྒྱུར་བ་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ལུང་གི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། དགྲ་བཅོམ་པ་ཆོས་སྐྱོབ། མེ་ཝཾ་ག །དབྱིག་གཉེན། དཔལ་ལྡན་ཕྱོགས་ཀྱི་གླང་པོ། སློབ་དཔོན་དབང་ཕྱུག་སྡེ། དཔལ་ལྡན་ཆོས་ཀྱི་གྲགས་པ། པཎྜི་ཏ་ལྷ་དབང་བློ་གྲོས། པཎ་ཆེན་ཤཱཀྱ་བློ་གྲོས། སློབ་དཔོན་དུལ་བའི་ལྷ། ཤེས་རབ་འབྱུང་གནས་བློ་གྲོས། པཎ་ཆེན་ཉི་མ་སྦས་པ། སློབ་དཔོན་ཛ་མ་རི། ཛྙཱ་ན་ཤྲཱི་མི་ཏྲ། པཎྜི་ཏ་ཆོས་མཆོག །བྲམ་ཟེ་ཤངྐ་ར་ནནྡ། ཝངྒུ་པཎྜི་ཏ་ངག་དབང༌། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི། ས་སྐྱ་པཎྜི་ཏ། ཞེས་པཎྜི་ཏ་ཤཱཀྱ་བློ་གྲོས་དང་། ཤེས་འབྱུང་བློ་གྲོས་གཉིས་ཀྱི་བར་དུ་བྱོན་པར་གསུངས་སོ།།
དེ་བཞིན་དུས་རབས་གང་དུ་བྱོན་པ་དང་། གྲུབ་མཐའ་གང་ཞིག་བཟུང་མིན། སྡེ་སྣོད་གང་ཞིག་དར་བར་མཛད་མིན་བཅས་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[3]། སློབ་དཔོན་དུལ་བ་ལྷ་ནི། གྲུབ་ཆེན་ནག་པོ་སྤྱོད་པའི་མཇུག་ཙམ་ལ། གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང་དུས་མཉམ་པར། དཔལ་ནཱ་ལེནྡྲར་སློབ་དཔོན་དུལ་བ་ལྷ་བྱོན་ཏེ། དེས་ཚད་མ་སྡེ་བདུན་ལ་འགྲེལ་པ་བྱས། མདོ་སྡེ་འཛིན་པ་ཤུ་བྷ་མི་ཏྲ་དང༌། སློབ་དཔོན་ཚུལ་ཁྲིམས་བསྐྱངས་དང༌། ཤནྟི་སོ་མ་ལ་སོགས་པ་བྱུང་སྟེ། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང༌། མདོ་སྡེ་དང་འདུལ་བ་དར་བར་བྱས་སོ། །དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་ཙམ་མོ། །ཞེས་དང་། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས་[4]ཀྱང་། སློབ་དཔོན་དུལ་བ་ལྷ་ནི། ཕྱི་ལོའི་དུས་རབས་དགུ་པའི་ནང་བྱོན་པར་མངོན་ཏེ། གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང་དུས་མཉམ་ཞིང་། དཔལ་ནཱ་ལེནྡྲར་ཕེབས་ཏེ་ཚད་མ་སྡེ་བདུན་ལ་འགྲེལ་པ་མཛད། མདོ་སྡེ་འཛིན་པ་ཤུ་བྷ་མི་ཏྲ་དང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས། ཤནྟི་སོ་མ་ལ་སོགས་པ་བྱུང་སྟེ། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང་ཞིང་། མདོ་སྡེ་དང་འདུལ་བ་དར་མཛད་ཅེས་གསལ་བ་ལྟར། དུས་རབས་དགུ་པར་བྱོན་པར་གསུངས་སོ།།
དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། དེ་རྗེས་གོ་བི་ཙནྡྲའི་ཕ་ཚན་གྱི་སྤུན་ཟླར་གྱུར་པ་ལ་ལི་ཏ་ཙནྡྲས་རྒྱལ་སྲིད་བྱས། ལོ་མང་པོ་བདེ་བར་བསྐྱངས་པ་ལས། དེ་ཡང་ནག་པོ་སྤྱོད་པའི་སྐུ་ཚེའི་སྨད་ཀྱི་དུས་སུ་བཏུལ་ནས། རྒྱལ་པོ་དང་བློན་པོས་གྲུབ་པ་ཐོབ། དེ་ལྟར་རོལ་པའི་ཟླ་བ་དེ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་ཀྱི་ཐ་མར་བྱུང་ངོ༌། །དེ་ཕྱིན་ཆད་ཙནྡྲའི་རིགས་ཀྱི་རྒྱལ་རིགས་མང་དུ་ཡོད་ཀྱང་རྒྱལ་སྲིད་ཟིན་པ་མ་བྱུང་སྟེ་བྷཾ་ག་ལ་དང༌། ཨོ་ཌི་བི་ཤ་སོགས་ཤར་ཕྱོགས་ཡུལ་ཚན་ལྡན་རྒྱལ་རིགས་དང་བློན་པོ་དང༌། བྲམ་ཟེ་དང༌། ཚོང་དཔོན་ཆེན་པོ་རྣམས་སོ་སོར་ཁྱིམ་དང་ཁྱིམ་ན་རྒྱལ་པོར་གྱུར་ཏེ། ཡུལ་འཁོར་སྐྱོང་བའི་རྒྱལ་པོ་མ་བྱུང་ངོ༌། །དུས་དེའི་ཚེ་གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང༌། དཔལ་ནཱ་ལེནྡྲར་སློབ་དཔོན་དུལ་བ་ལྷ་བྱུང༌། དེས་ཚད་མ་སྡེ་བདུན་ལ་འགྲེལ་པ་བྱས། མདོ་སྡེ་འཛིན་པ་ཤུ་བྷ་མི་ཏྲ་དང༌། སློབ་དཔོན་ཚུལ་ཁྲིམས་བསྐྱངས་དང༌། ཤཱནྟི་སོ་མ་ལ་སོགས་པ་བྱུང་སྟེ། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང༌། མདོ་སྡེ་དང་འདུལ་བ་དར་བར་བྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགུ་པ་ཞེས་པའི་བསྟན་བཅོས་རྩོམ་མཁན་གྱི་སློབ་དཔོན་ཀམྤ་ལ་པ་དང༌། དཔལ་སྦས་ཀྱི་སློབ་མ་སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་པོ་ལ་སོགས་པས་ངོ་བོ་ཉིད་མེད་པའི་དབུ་མའི་ཚུལ་བཟུང༌། ཤར་ཕྱོགས་བྷཾ་ག་ལའི་ཆར་གཏོགས་པ་ཧ་ཙི་པུ་ར་ཞེས་བྱ་བར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་བྱོན་ཏེ། རྣམ་རིག་གི་དབུ་མ་རྒྱ་ཆེར་བཤད། ཐོ་གར་གྱི་ཡུལ་དུ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་འདུལ་བ་འཛིན་པ་ཆེན་པོ་དྷརྨ་མི་ཏྲ་ཆོས་ཀྱི་བཤེས་གཉེན་ཡང་བྱོན། ནུབ་ཕྱོགས་མ་རུའི་ཡུལ་དུ་འདུལ་བ་འཛིན་པ་ཆེན་པོ་བསོད་རྣམས་གྲགས་ཞེས་བྱ་བ་དང༌། ཙི་ཏ་ཝ་རའི་ཡུལ་དུ་འདུལ་འཛིན་ཞི་བ་འོད་དང༌། ཁ་ཆེའི་ཡུལ་དུ་འདུལ་འཛིན་མ་ཁོལ་ཞེས་པ་རྣམས་བྱུང་སྟེ། དེ་ལ་གཞན་རྣམས་ཀྱི་ལོ་རྒྱུས་རྒྱས་པར་མ་མཐོང༌། ཞེས་གསུངས་པ་ལྟར་དུལ་བ་ལྷའི་རྣམ་ཐར་རྒྱས་པའི་དཔྱད་གཞི་གཏན་ནས་མ་ཐོབ་བོ།།
སློབ་དཔོན་དུལ་བ་ལྷས་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚུལ་ནི། སྒོ་མང་མཁན་ཟུར་ངག་དབང་ཉི་མའི་ (1907-1990) གསུང་ལོ་རྒྱུས་ཐོར་བུ་ལས[6]། དུལ་བ་ལྷས་ནཱ་ལེནྡྲའི་མཁན་པོ་གནང་བའི་དུས་སུ་རེད། དེ་ཉིད་དགུང་ལོ་བརྒྱ་དང་དྲུག་བཞུགས་འདུག །དེ་དག་ཐང་ཟིང་བླ་མའི་ལམ་ཡིག་ཏུ་གསལ། ཞེས་བྱུང་བ་ལྟར། སློབ་དཔོན་དུལ་བ་ལྷས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་སྐབས་དཔལ་ནཱ་ལེནྡྲར་པཎྜི་ཏ་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་རེ་རེ་འཕར་བའི་གོ་སའི་རིམ་པ་ཡོད་ལ། སྐབས་དེར་པཎྜི་ཏ་གོ་ས་ཅན་སུམ་བརྒྱ་ལྷག་ཙམ་ཡོད་ཚུལ་རྒྱ་ནག་གི་གནས་སྐོར་བ་དོན་དམ་པའི་ལྷོ་ཡི་རྒྱ་མཚོ་ནས་ཕྱིར་ལོག་ནང་ཆོས་བཤད་སྲོལ་ཞེས་པའི་གསལ་ཡོད་འདུག
སློབ་དཔོན་དུལ་བ་ལྷས་མཛད་པའི་བསྟན་བཅོས་ནི། ཆོས་ཀྱི་དབང་ཕྱུག་གི་གསུང་ལས[7]།
སློབ་དཔོན་དུལ་བ་ལྷ་ཡིས་མཛད་པ་ཡི། །
རིགས་ཐིག་འགྲེལ་དང་རྣམ་ངེས་འགྲེལ་པ་དང༌། །
ཞེས་གསུངས་པ་ལྟར། བསྟན་འགྱུར། ༡༽ སེམས་ཙམ་ཧི་པ་ལ། སུམ་ཅུ་པའི་འགྲེལ་བཤད་བམ་པོ་ལྔ་པ། སློབ་དཔོན་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་དང་། ༢༽ འདུལ་བ་ཚུ་པ་ལ། འདུལ་བ་ལུང་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ། སློབ་དཔོན་དུལ་བ་ལྷས་མཛད་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་བ། འདི་ལ་ཤླཽ་ཀ་ནི་ལྔ་སྟོང་ཆིག་བརྒྱ། བམ་པོ་ནི་བཅུ་བདུན་དུ་བྱས་པ། ༣༽ ཚད་མ་ཝེ་པ་ལ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ། སློབ་དཔོན་དུལ་བ་ལྷས་མཛད་པ། བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་དང་། ༤༽ གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ། དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། ༥༽ ཚད་མ་ཞེ་པ་ལ། འབྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ། སློབ་དཔོན་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ནམ་མཁའི་འགྱུར་དང་། ༦༽ རྒྱུད་གཞན་གྲུབ་པའི་འགྲེལ་བཤད། སློབ་དཔོན་དུལ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། ༧༽ རྩོད་པའི་རིགས་པའི་འགྲེལ་པ། སློབ་དཔོན་དུལ་བ་ལྷས་མཛད་པའི་གཤམ་མ་ཚང་བ་གཅིག །༨༽ དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ། སློབ་དཔོན་དུལ་བ་ལྷ་ཤེས་བྱའི་དམིགས་པ་མཐའ་དག་ལ་གཞོལ་བ་སྨྲ་བའི་སེངྒེ་མུ་སྟེགས་ཅན་གླང་པོ་ཆེའི་ཀླད་པ་འགེམས་པར་མཛད་པས་སྦྱར་བ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང༌། བོད་ཀྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་བཅས་བཞུགས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་འགྱུར་དཔེ་བསྡུར་མ། ༼དཀར་ཆག༽ དེབ་ཨང་། ༡༠༥ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༥
[2] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ སྟོད་ཆ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༥༠
[3] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༥༦༧
[4] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༧༩༨
[5] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༡
[6] རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། པོད། ༼༣༽ སྒོ་མང་དཔེ་མཛོད་ཁང་། ༢༠༠༣ ཤོག་གྲངས་ ༤༩༥
[7] ཀཾ་ཚང་བཀའ་བརྒྱུད་གསེར་ཕྲེང་། བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་། ༢༠༠༧ ལོ། ཤོག་གྲངས་ ༤
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༣༠ ནས་ ༡༣༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།