ཁ༽ ནཱ་ལེནྡྲ་དང་སྟོན་པ་བཅོམ་ལྡན་འདས།
དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[1]།
ད་ལྟ་ཐ་མལ་སྣང་ངོར་སྒྱུ་མ་ཡི། །ངང་ཚུལ་ལྟ་བུར་སྣང་ཡང་ངེས་པའི་དོན། །
འཇིག་པ་མི་མངའ་མངོན་དགའི་ཞིང་ཁམས་ཆེར། །ཆོས་སྟོན་མཛད་བཞིན་བཞུགས་པ་ལ་ཕྱག་འཚལ། །
ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ནི། སྟོན་པ་ཉིད་ཀྱིས་གཤེགས་བཞུགས་ཆོས་འཁོར་བསྐོར་ཞིང་། སྐུ་ཚེ་བྱིན་གྱིས་བརླབས་པ་སོགས་ཀྱི་གནས་ཁྱད་པར་ཅན་ཞིག་སྟེ། དེ་ཡང་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[2]། ནཱལཱནྡཱར་སྔོན་བཅོམ་ལྡན་འདས་ཀྱིས་ལྷ་མིའི་འཁོར་མང་པོར་ཟླ་གསུམ་རིང་ཆོས་བསྟན་པའི་གནས་དང་། ཐར་པའི་གོ་འཕང་མངོན་དུ་བྱེད་ཐུབ་པའི་ལས་ཅན་གྱི་དགེ་སློང་ཞིག་བཅོམ་ལྡན་འདས་དང་མཇལ་ནས་དགེ་སློང་དེས་ཐར་པ་དོན་དུ་མ་གཉེར་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པའི་གནས། ཕྱི་རོལ་པ་ཞིག་གིས་སངས་རྒྱས་ལ་ཚོད་བགམ་གྱི་དྲི་བ་བཏོན་པའི་གནས་དང་། བཅོམ་ལྡན་འདས་ཀྱི་ཚེམས་ཤིང་ས་ལ་བཙུགས་པ་ལས་སྡོང་པོ་ངོ་མཚར་ཅན་སྐྱེས་པའི་གནས། དེ་མཚུངས་བཅོམ་ལྡན་འདས་ཀྱིས་སླར་ཡང་ཡུལ་འདི་ནས་ཟླ་བ་བཞིའི་རིང་ཆོས་བསྟན་པའི་གནས་དང་། ཞག་བདུན་གྱི་རིང་ཆོས་བསྟན་པའི་གནས་སོགས་ཀྱང་འདིར་ཡོད་པར་མ་ཟད། གནས་དེ་སོ་སོར་གཙུག་ལག་ཁང་རེ་ཡང་ཡོད་ཚུལ་གསལ་ལོ།།

(ཕྱི་ལོ་ ༡༨༩༥ ལོར་པར་བླངས་པའི་དཔལ་ནཱ་ལེནྡྲའི་དགོན་ཤུལ་དུ་ཡོད་པའི་སྟོན་པའི་སྐུ་བརྙན།)
དེ་ཡང་ཝི་ཏི་ནམ་གྱི་གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་སྤྲིན་དཀར་ལམ་རྙིང་ལས[3]། བཅོམ་ལྡན་འདས་འཚོ་བྱེད་གཞོན་ནུའི་ཨ་མྲའི་ཚལ་ནས་ཞལ་གྱེས་ཏེ་འཁོར་དགེ་སློང་མང་པོ་དང་བཅས་ནཱ་ལནྡཱར་བྱོན་ཞིང་། དགེ་སློང་ཚོས་སོ་སོའི་དབུགས་འབྱུང་རྔུབ་ལ་མཉམ་པར་བཞག་སྟེ་དལ་ལྷོད་ཀྱིས་བྱོན། ཞེས་སྟོན་པ་འཁོར་བཅས་འཚོ་བྱེད་གཞོན་ནུའི་ཨ་མྲའི་ཚལ་ནས་ནཱ་ལེནྡྲར་བྱོན་པར་གསུངས་ལ། གང་གི་སླད་དུ་ནཱ་ལེནྡྲར་བྱོན་པ་ནི་དེ་ཉིད་ལས[4]། སངས་རྒྱས་བཅོམ་ལྡན་འདས་ཨམ་བྷ་ལ་ཏི་ཀར་ཕེབས་རྗེས་ནཱ་ལནྡཱ་རུ་གསུང་ཆོས་ཀྱི་གདམས་པ་གནང་བར་བྱོན་ཞིང་། རིམ་པས་ཨཱང་ཀའི་མངའ་ཁོངས་ཀྱི་གྲོང་ཁྱེར་ཆེན་པོ་ཙམྤ་རུ་བྱོན། ཨཱང་གའི་ཡུལ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁྲིམས་ལུགས་དབང་ཚད་ཀྱི་མངའ་འོག་སྟེ་མི་འབོར་མང་ཞིང་ས་བཅུད་བཟང་བའི་ཡུལ་ལུང་ཞིག་ཡིན། བཅོམ་ལྡན་འདས་དྲི་ལྡན་པདྨས་ཁེངས་པའི་གགྒཱ་རའི་མཚེའུའི་འཁྲིས་ཀྱི་བསིལ་གྲིབ་ལྡན་པའི་ཤིང་ནགས་འོག་ཏུ་བཞུགས། ཞེས་ནཱ་ལེནྡྲར་ཆོས་ཀྱི་འཁོར་ལོ་བསྐོར་སླད་བྱོན་པར་གསལ་ལོ།།
འཁོར་གང་དག་ལ་ཆོས་ཀྱི་འཁོར་ལོ་གང་ཞིག་བསྐོར་བ་ནི། ཡང་དེ་ཉིད་ལས[5]། ཉིན་ཞིག་བཅོམ་ལྡན་འདས་ནཱ་ལནྡཱ་དང་ཡངས་པ་ཅན་སོགས་སུ་བྱོན་ཏེ་ཁོང་གིས་ནགས་ཀླུང་སྟུག་པོའི་ཁྲོད་ཀྱི་ཁང་བརྩེགས་དགོན་པའི་དགེ་འདུན་པར་སྨྲས་པ། ཞེས་སྟོན་པ་སླར་ཡང་ནཱ་ལེནྡྲར་བྱོན་པར་གསལ་ཞིང་། ཡང་དེ་ཉིད་ལས[6]། སངས་རྒྱས་བཅོམ་ལྡན་འདས་དང་ཀུན་དགའ་བོ་རྣམ་གཉིས་འོད་མའི་ཚལ་དུ་བྱོན་རྗེས་རྒྱལ་པོའི་ཁབ་ནས་ཨམ་བྷ་ལ་ཏི་ཀར་ཕེབས། སྐྱེད་ཚལ་དེ་ནི་ཆེས་ཁམས་སངས་པའི་གནས་ཤིག་སྟེ། དེ་སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོས་ཆོས་ཉམས་ལེན་པའི་ཆེད་དུ་བསྐྲུན་པ་ཞིག་རེད། དགེ་འདུན་པ་རྣམས་ནཱ་ལནྡཱར་ཕེབས་སྐབས་སྐྱེད་ཚལ་དེར་ངལ་གསོ་གནང་གི་ཡོད་སྟབས། ཐེངས་ཤིག་ཤཱ་རིའི་བུ་དང་སྲས་སྒྲ་གཅན་འཛིན་གཉིས་ཀྱང་དེར་བཞུགས་མྱོང་། བཅོམ་ལྡན་འདས་ཀྱིས་ཨམ་བྷ་ལ་ཏི་ཀར་བཞུགས་པའི་དགེ་སློང་ཚོར་མཇལ་འཕྲད་ཀྱིས། ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་གྱི་སྐོར་ནས་གསུངས་ཆོས་སྩལ། ཅེས་དང་། ཡང་དེ་ཉིད་ལས[7]། སངས་རྒྱས་བཅོམ་ལྡན་འདས་འཁོར་དགེ་སློང་བརྒྱ་ཕྲག་དང་བཅས་ནཱ་ལནྡཱར་བྱོན་པར་ཁོང་གི་འཁྲིས་སུ་ཀུན་དགའ་བོ་དང་། ཤཱ་རིའི་བུ། མ་འགགས་པ་བཅས་ཕེབས་བཞིན་ཡོད། ཁོང་རྣམས་ནཱ་ལནྡཱར་འབྱོར་རྗེས་བཅོམ་ལྡན་འདས་པ་ཝ་རི་ཀཱའི་ཨ་མྲའི་ཚལ་དུ་ངལ་བསོས་ཏེ་བཞུགས་སོ།།
ཕྱི་ཉིན་ཞོགས་པར་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་སྐུ་འཁྲིས་རང་དུ་ཁུ་སིམ་མེར་རྒྱུན་རིང་བཞུགས་རྗེས་ཞུས་པ། བཅོམ་ལྡན་འདས། དུས་གསུམ་དུ་བྱོན་དང་འབྱོན་འགྱུར་གྱི་སྐྱེས་བུ་དམ་པའི་ཁྲོད་ཤེས་རབ་དང་རྟོགས་པའི་ཕ་མཐར་སོན་པ་ཁྱེད་ལས་ལྷག་པ་ཞིག་འབྱོན་རྒྱུ་མེད་པ་གཏན་ཁེལ་རེད། ཅེས་གསུངས་པར་བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ། ཁྱེད་ཀྱི་བཀའ་མོལ་འདི་ནི་སེངྒེའི་ང་རོ་དང་འདྲ་བ་སྟེ། ཁྱེད་ཀྱིས་དེ་ལྟར་གསུང་བར་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་ཀྱི་སློབ་དཔོན་དག་མཇལ་མྱོང་ངམ་ཞེས་གསུངས་པར། ཤཱ་རིའི་བུས་ཞུས་པ། བཅོམ་ལྡན་འདས། ངས་ཁམས་གསུམ་གྱི་སློབ་དཔོན་ཐམས་ཅད་མཇལ་མ་མྱོང་ནའང་གནད་དོན་གཅིག་བརྟན་ཚུགས་ལྡན་པར་ཞུ་ཐུབ། ང་རང་དུས་ད་ལྟ་བར་མི་ལོ་ཞེ་ལྔའི་རིང་སྐུ་ཉིད་དང་ཉེ་པོར་བསྡད་སྟབས་ངས་ཉིད་ཀྱི་གསུང་ཆོས་ཐོས་ཡོད་ལ་ཉིད་ཀྱི་འཚོ་བར་དོ་སྣང་ཡང་བྱས། སྐུ་ཉིད་ནི་རྟག་ཏུ་དྲན་པར་གནས་ཤིང་དབང་པོ་དྲུག་ལ་སྟངས་འཛིན་ཡང་དག་པར་གནང་བ། ཉིད་ཀྱི་ངོས་ནས་ནམ་ཡིན་ཡང་བར་ཆད་ཀྱི་ཕུང་པོ་ལྔ་སྟེ། འདོད་ཆགས་དང་། ཁོང་ཁྲོ། བརྗེད་ངས། རྒོད་པ། ཐེ་ཚོམ་སོགས་ཀྱི་རྟགས་ཙམ་ཡང་མངོན་པ་མཇལ་མ་མྱོང་། སྤྱིར་ན་འདས་མ་འོངས་ད་ལྟ་དུས་གསུམ་ཀར་ཁྱེད་ཀྱི་ཤེས་རབ་ལྟ་བུ་མངའ་བའི་སློབ་དཔོན་རེ་ཡོད་སྲིད་ནའང་། ངས་བལྟས་ན་ཁྱེད་ཀྱི་རྣམ་དཔྱོད་ལས་ལྷག་པ་ཞིག་ནམ་ཡང་ཡོང་མི་སྲིད་སྙམ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་ནཱ་ལནྡཱར་དགེ་འདུན་པའི་ཚོགས་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་གྱི་སྐོར་ནས་གསུང་གི་གདམས་པ་མང་ཙམ་གནང་། ཞེས་པཱ་ལི་དང་། ལེགས་སྦྱར། རྒྱ་ནག་སྐད་བཅས་སུ་བཞུགས་པའི་འབྱུང་ཁུངས་ཡིག་ཆ་ཉེར་བཞིར་གཞི་བཅོལ་ནས་བརྩམས་པའི་སྟོན་པའི་རྣམ་ཐར་སྤྲིན་དཀར་ལམ་རྙིང་དུ་སྟོན་པ་བཅོམ་ལྡན་འདས་འཁོར་དང་བཅས་པ་ནཱ་ལེནྡྲར་ལན་འགའ་ཞིག་དངོས་སུ་ཞབས་ཀྱིས་བཅགས་ནས་འཁོར་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གདམས་པ་སྩལ་བར་གསལ་ལོ།།
གཞན་ཡང་གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་ཤིང་། ངེས་དོན་རྒྱ་མཚོས་བསྒྱུར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་སྤྲིན་དཀར་ལམ་རྙིང་ལས[8]། ལོ་དེའི་དཔྱིད་ཀ་སྟེ་བཅོམ་ལྡན་འདས་ནཱ་ལནྡྲའི་པ་ཝ་རི་ཀཱ་ཞེས་པའི་ཨ་མྲའི་ཚལ་དུ་བཞུགས་པའི་ཉིན་ཞིག །དྲང་སྲོང་ཏ་པཱ་སི་ཞེས་སློབ་དཔོན་གཉེན་གྱི་བུའི་སློབ་བུ་རྒན་པ་ཞིག་ཡོད་པ་ཁོང་གིས་ནཱ་ལནྡཱ་ནས་བསོད་སྙོམས་བསླངས་རྗེས་བཅོམ་ལྡན་འདས་ལ་མཇལ་དུ་བཅར་བར། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཁོང་བརྒྱུད་དེ་གཉེན་གྱི་བུའི་རྗེས་འབྲང་པ་ཚོས་སྡིག་པ་ཙམ་ཞིག་མ་གཏོགས་ལས་ཀྱི་སྐོར་གསུང་གི་མེད་པ་མཁྱེན། དྲང་སྲོང་ཏ་པཱ་སིས་བཅོམ་ལྡན་འདས་ལ་སྡིག་པ་ལ་རིགས་མི་འདྲ་བ་གསུམ་སྟེ་ལུས་ཀྱིས་བྱས་པའི་སྡིག་པ་དང་། ངག་གིས་བྱས་པའི་སྡིག་པ། ཡིད་ཀྱིས་བྱས་པའི་སྡིག་པ་བཅས་སྡིག་པ་ལ་རིགས་གསུམ་ཡོད་ཅེས་འགྲེལ་བཤད་ཞུས་པར། བཅོམ་ལྡན་འདས་ཀྱིས་སྡིག་པ་དེ་གསུམ་གྱི་ནང་ནས་ཚབས་ཆེ་ཤོས་དེ་གང་རེད། ཅེས་བཀའ་འདྲི་གནང་བར། དྲང་སྲོང་དེས། ལུས་ཀྱིས་བྱས་པའི་སྡིག་པ་ནི་ཚབས་ཆེ་ཤོས་དེ་རེད། ཅེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ལམ་གྱི་དབང་དུ་བྱས་ན་སེམས་ནི་བྱ་བ་ཐམས་ཅད་ཀྱི་གཞི་རྩར་གྱུར་པ་ཡིན་པས། མི་དགེ་བའི་བསམ་པ་རྣམས་སྡིག་པ་ཚབས་ཆེ་ཤོས་དེ་རེད་ཅེས་གསུངས་ཤིང་། བཅོམ་ལྡན་འདས་ཀྱིས་མ་འོངས་པར་དྲང་སྲོང་ཏ་པཱ་སིས་ཁོ་རང་གི་བསམ་ཚུལ་ནོར་བ་ཡིན་པ་ཤེས་ཆེད་ཚིག་དེ་ཐེངས་གསུམ་ལ་སྐྱོར་དུ་བཅུག །ཅེས་བྱུང་བ་ལྟར་ནཱ་ལེནྡྲའི་གནས་འདིར་སྟོན་པ་བཅོམ་ལྡན་འདས་དང་། འཁོར་རྣམས་ཀྱིས་མཛད་པ་མང་དུ་བསྐྱངས་པའི་གནས་མཆོག་བྱིན་ཅན་ཞིག་ཀྱང་ཡིན་པ་ཤིན་ཏུ་གསལ་ལོ།།

གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[9]། རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས་ཡིན་ལ། ལུམ་བི་ནི་སྐུ་འཁྲུངས་པ། ཝཱ་རཱ་ཎ་སཱི་ཆོས་འཁོར་བསྐོར་བ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་ཏེ། མདོ་ལས་གསུངས་པའི་སངས་རྒྱས་ཀྱི་གནས་ཆེན་པོ་བཞི་ནི་དེ་དག་ཡིན་ལ། དེའི་སྟེང་དུ། ནཱ་ལན་ཌཱ་སྐུ་ཚེ་བྱིན་གྱིས་རླབས་པའི་གནས། མཉན་ཡོད་བདུད་བཏུལ་བའི་གནས། ཤང་ཁ་ས་ལྷ་ལས་བབས་པའི་གནས། རྒྱལ་པོའི་ཁབ་དབྱེན་ཟླུམ་པའི་གནས་ཏེ། བརྒྱད་པོ་དེ་ནི་གནས་ཆེན་བརྒྱད་ཅེས་གྲགས་པ་དག་ཡིན་ལ། བདེ་གཤེགས་མཆོད་རྟེན་བརྒྱད་དུ་གྲགས་པ་དག་ཀྱང༌། སྔར་གནས་ཆེན་འདི་དག་ན་བཞུགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ནཱ་ལན་ཌཱ་ནི་རྒྱ་གར་འཕགས་ཡུལ་གྱི་ནང་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་རླབས་པའི་གནས་བྱིན་ཅན་ཞིག་ཀྱང་ཡིན་པར་མ་ཟད། སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་ཕེབས་ལམ་དུ་གནས་འདིར་ཟླ་ངོ་གསུམ་རིང་ཆོས་གསུངས་ཤིང་། དབྱར་ཞལ་བཞེས་ཀྱང་མཛད་པའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན།
འོ་ན་སྟོན་པས་གདུལ་བྱ་གང་དག་ལ་ཆོས་གང་ཞིག་གསུངས་སམ་ཞེ་ན། དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-1360) བཀའ་ཐང་སྡེ་ལྔ་ལས[10]།
རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཆོསཿ
བྱང་སེམས་ཐེག་པ་ནཱ་ལེནྡྲཱ་རུ་གསུངསཿ
ཉན་པའི་འཁོར་ནི་སྤྱན་རས་གཟིགས་དང་བྱམསཿ
བྱང་ཆུབ་སེམས་དཔའ་རྣམ་གྲོལ་སྡེ་རྣམས་ཡིནཿ
ཞེས་དང་། ཡང་དེ་ཉིད་ལས[11]། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་ལྔ་ནི༔ སྤྲུལ་སྐུའི་ཆོས་སྐུ་ཤཱཀྱ་ཐུབ་པའི་ཚུལ༔ བྱ་རྒོད་ཕུང་པོ་ཡངས་པ་ནཱ་ལེནྡྲར༔ འཁོར་ནི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །དུས་ནི་བར་པ་བཞི་བཅུ་གཉིས་ནས་ནི༔ བདུན་ཅུའི་བར་དང་མཐའ་མ་བརྒྱད་ཅུ་གཉིས། །མདོ་སྡེ་ཉི་ཁྲི་ཆིག་སྟོང་རྒྱས་པ་ལ༔ མཚན་ཉིད་མེད་དང་དོན་དམ་རྣམ་པར་ངེས༔ ཞེས་སོགས་གསུངས་པ་ལྟར་རོ།།
གཞན་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[12]། སྤྱིར་བསྟན་པ་ཕྱི་དར་གྱི་དུས་སུ་དགོན་གནས་འདི་ཅུང་ཟད་ཉམས་ཤིང་། བི་ཀྲ་མ་ཤཱི་ལ་དེ་ལས་དར་ཆེ་བ་ཙམ་དུ་མངོན། རྒྱལ་པོ་ཧརྴ་དང་སྲོང་བཙན་གྱི་དུས་ན་བྱོན་པའི་བཙུན་པ་ཝེན་ཚག་ (613-696) གིས་ཅུང་ཞིབ་པར་གསུངས་པ་འདི་ཡིན། དེ་ཡང་སྟོན་པ་བཞུགས་དུས་ཚོང་པ་ལྔ་བརྒྱ་ཙམ་གྱིས་ཨ་མྲའི་སྐྱེད་ཚལ་ཞིག་གསེར་བྱེ་བ་བྱིན་ཏེ་ཉོས་ནས་ཕུལ་ཅིང་། དེར་དབྱར་[13]ཞལ་བཞེས་མཛད། མཆོག་ཟུང་གཉིས་ཀའི་འཁྲུངས་ས་དང་འདས་ས་ཡང་འདིའི་ཉེ་འཁོར་ཅི་རིགས་པར་ངོས་འཛིན་མཛད། ལྷོ་ངོས་ཀྱི་ནགས་ཚལ་ན་ཚངས་པའི་དྲྭ་བའི་མདོ་གསུངས་པའི་གནས་ཡོད་གསུངས་ཀྱང་དེང་སང་ངོས་ག་ལ་ཟིན། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་མ་ཆགས་པའི་གོང་རོལ་དུ་ས་གནས་འདི་ཉིད་ཨ་མྲའི་སྐྱེད་ཚལ་དང་། འདམ་བུའི་ཚལ་ཆེན་པོ་ཞིག་ཡིན་པར་མ་ཟད། གནའ་དུས་ནས་གནས་འདིར་རྒྱུན་སྡོད་བྱེད་མཁན་གྱི་བྲམ་ཟེའི་གྲོང་ཡང་མང་དུ་ཡོད་ལ། ཤེས་རབ་ཅན་གྱི་མཆོག་གྱུར་ཤཱ་རིའི་བུའི་འཁྲུངས་གཤེགས་ཀྱི་གནས་དང་། རྫུ་འཕྲུལ་ཅན་གྱི་མཆོག་གྱུར་མོའུ་འགལ་བུའི་འཁྲུངས་གཤེགས་ཀྱི་གནས་ཀྱང་གཙུག་ལག་འདི་ཉིད་ཆགས་ཡུལ་གྱི་ཉེ་འཁོར་དུ་ཡོད་ཁར། སྟོན་པའི་ཉན་ཐོས་ཤཱ་རིའི་བུ་དང་འཁོར་གྲོགས་ཉིས་བརྒྱ་ལྔ་ལྷན་དུ་སྟོན་པ་ཉིད་དང་ཐོག་མར་མཇལ་བའི་གནས་ཀྱང་འདི་ཉིད་ཡིན། ལྷག་པར་སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གྲོང་ཁྱེར་དུ་གཤེགས་ལམ་དུ་ཁྱེའུ་ཟུང་གིས་བྱེ་མའི་ཕུང་པོས་ཁང་བུ་བཅོས་པའི་རྩེད་མོར་གཡེང་ནས་ཡོད་སྐབས་སྟོན་པ་ཤཱཀྱ་སེངྒེ་དང་མཇལ་ནས་དད་གུས་ཀྱིས་ཁང་བུ་འཆོས་བྱེད་ཀྱི་བྱེ་མ་ཕུལ་བས། སྟོན་པ་ཐུགས་རྗེ་ཅན་གྱིས་ཁྱེའུ་འདི་གཉིས་མ་འོངས་པར་ང་མྱ་ངན་ལས་འདས་པའི་འོག་ཏུ་མྱ་ངན་མེད་ཅེས་བྱ་བའི་འཛམ་བུའི་གླིང་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༌། དེའི་མདུན་ན་འདོན་དུ་སྐྱེ་བར་ལུང་བསྟན་པའི་གནས་བྱིན་རླབས་ཅན་དེ་ཉིད་ཡིན་པར་གྲགས་སོ།།
དཔལ་ནཱ་ལེནྡྲ་འདི་ཉིད་ནང་པའི་གནས་ཆེན་ཞིག་ཏུ་ངོས་འཛིན་བྱེད་དོན་ནི། གོང་བཀོད་ཀྱི་གནས་ཚུལ་དེ་དག་ཏུ་མ་ཟད། གཙོ་བོ་སངས་རྒྱས་ཀྱི་བཀའི་དགོངས་པ་འགྲེལ་བའི་སློབ་དཔོན་རྣམས་ཀྱི་བཞུགས་གནས་དང་། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་སའི་གཙུག་ལག་སློབ་གྲྭ་ཆེ་ཤོས། སངས་རྒྱས་ཀྱི་ཆོས་ཚུལ་ཟབ་རྒྱས་ལམ་བཟང་གིས་གསལ་བར་མཛད་པའི་ལེགས་བཤད་སྐར་ཚོགས་ལྟ་བུའི་གསུང་རྩོམ་མང་པོའི་འབྱུང་ཁུངས་ཡིན་སྟབས། སངས་རྒྱས་ཆོས་ལུགས་ལ་དད་དམ་རྣམ་དག་བྱེད་མཁན་ཞིག་ལ་མཚོན་ན། ནཱལཱནྡཱ་ནི་སེམས་ཁོང་གི་དྲོད་ཐིག་ཅིག་ཏུ་གྱུར་ཡོད་པ་རེད།
དེར་བརྟེན། ནཱལཱནྡཱ་ནི་སྤྱིར་རིག་པའི་གནས་སྣ་ཚོགས་པ་དང་། བྱེ་བྲག་ཏུ་སངས་རྒྱས་ཆོས་ལུགས། ཡང་སྒོས་ཐེག་པ་ཆེན་པོ་དང་། སྙིང་སྒོས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོར་སློབ་སྦྱོང་བྱེད་སའི་གནས་ཁྱད་པར་ཅན་ཞིག་ཡིན་སྟབས། འཛམ་གླིང་གི་ལོ་རྒྱུས་སྨྲ་བ་དང་ཆོས་ལུགས་སྨྲ་བ་སུ་ཞིག་ལ་མཚོན་ན་ཡང་ནཱལཱནྡཱ་ཞེས་བརྗོད་དུས་སངས་རྒྱས་ཆོས་ལུགས་ཡིད་ལ་འཁོར་བ་ཞིག་དང་། སངས་རྒྱས་ཆོས་ལུགས་ཀྱི་སྐོར་བཤད་དུས་ནཱལཱནྡཱ་དང་དེ་ལས་བྱུང་བའི་པཎ་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་དེ་ཚོ་ཡིད་ངོར་ལྷམ་མེར་ཤར་བ་ཞིག་ཡིན་སྟབས་སངས་རྒྱས་ཆོས་ལུགས་དང་ནཱལཱནྡཱ་གཉིས་ཀ་སྐྱེས་བུ་སུ་ཞིག་གི་བསམ་ངོར་ཡང་རྟེན་དང་བརྟེན་པའི་རྣམ་པ་དབྱེར་མེད་ངང་གནས་ཡོད་པ་ཞིག་རེད།
དེ་ལྟར་ནཱ་ལེནྡྲ་ནི་སྤྲུལ་པའི་ཉན་ཐོས་མཆོག་ཟུང་སྐུ་བལྟམས་པའི་གནས་མཆོག་ཅིག་དང་། སྟོན་པས་ཚངས་པའི་དྲ་བའི་མདོ་གསུངས་པའི་གནས། སྟོན་པས་དབྱར་མཛད་མཛད་པའི་གནས། ཤཱ་རིའི་བུ་དང་སྟོན་པ་ཐོག་མར་མཇལ་བའི་གནས། ཆོས་རྒྱལ་མྱ་ངན་མེད་ལུང་བསྟན་པའི་གནས། སྟོན་པས་ཟླ་བ་གསུམ་རིང་ཆོས་བསྟན་པའི་གནས། དགེ་སློང་ཞིག་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པའི་གནས། ཕྱི་རོལ་བ་ཞིག་གིས་སངས་རྒྱས་ལ་ཚོད་བགམ་གྱི་དྲི་བ་བཏོན་པའི་གནས། སྟོན་པས་སླར་ཡང་ཟླ་བ་བཞིའི་རིང་ཆོས་བསྟན་པའི་གནས། སྟོན་པས་སྐུ་ཚེ་བྱིན་གྱིས་བརླབས་པའི་གནས་སོགས་སྟོན་པ་གཙོ་འཁོར་གསུམ་གྱི་གནས་མཆོག་བྱིན་ཅན་ཞིག་ཀྱང་ཡིན་ནོ།།
རྒྱ་གར་ནང་པའི་གཙུག་ལག་ཁང་ཆེན་པོ་ཤྲཱི་ནཱ་ལེནྡྲའི་བྱུང་བ་མདོ་ཙམ་བརྗོད་པ་ལས[14]། དེ་ལྟར་སྟོན་པ་ཞལ་བཞུགས་པའི་དུས་སུ་ལྷ་དང་མིའི་རིགས་ཀྱི་འགྲོ་བ་མང་པོར་ཟླ་བ་གསུམ་རིང་དམ་ཆོས་གསུངས་ཏེ་འཁོར་སྟོང་ཕྲག་མང་པོས་བདེན་པ་མཐོང་བའི་གནས་དང༌། ཕྱི་རོལ་པའི་དྲང་སྲོང་རྣམས་ཀྱིས་སྟོན་པར་ཚོད་བགམ་པའི་དྲི་བ་ཕུལ་བར་ལན་གྱིས་བཏུལ་བ། སྐོམ་པ་དང་ཚད་པས་གདུང་བའི་དེད་དཔོན་འཁོར་བཅས་སྟོན་པའི་མདུན་དུ་བརྒྱུགས་ཏེ་སྐྱབས་བཅོལ་བས་སྟོན་པས་མདུན་གྱི་སར་ཕྱག་མཛུབ་གཏད་པ་ཙམ་གྱིས་དྭངས་གཙང་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡུར་གྱིས་བྱུང་བར་ཐམས་ཅད་ཀྱིས་འཐུང་ཞིང་ཁྲུས་ལ་རོལ་བའི་ཤུལ། སྟོན་པའི་ཚེམས་ཤིང་དོར་བ་ལས་སྲིད་ན་དཀོན་པའི་ལྗོན་ཤིང་ངོ་མཚར་ཅན་སོགས་བཞུགས་པའི་གནས་ཁྱད་པར་ཅན་དེ་ནི་སློབ་གཉེར་ཁང་ཆེན་པོ་འདི་ཉིད་ཕྱག་བཏབ་པའི་གནས་གཞི་ཡིན། ཞེས་པ་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།
[2] ཐང་སན་ལམ་ཡིག །བོད་འགྱུར་ཤིང་དཔར་། ཤོག་ལྷེ་ ༡༢ ཉིན་ཡིག་ཕྲེང་ ༧ ནས་མར་གསལ།
[3] སྤྲིན་དཀར་ལམ་རྙིང་། སྨད་ཆ། ངེས་དོན་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༤༡
[4] སྤྲིན་དཀར་ལམ་རྙིང་། སྨད་ཆ། ངེས་དོན་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༤༦
[5] སྤྲིན་དཀར་ལམ་རྙིང་། སྨད་ཆ། ངེས་དོན་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༡༠༠
[6] སྤྲིན་དཀར་ལམ་རྙིང་། སྨད་ཆ། ངེས་དོན་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༢༨༧
[7] སྤྲིན་དཀར་ལམ་རྙིང་། སྨད་ཆ། ངེས་དོན་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༢༨༨
[8] སྤྲིན་དཀར་ལམ་རྙིང་། བར་ཆ། ངེས་དོན་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་ ༣༡༧
[9] རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༩༢
[10] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༦༦
[11] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༧༣
[12] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༩
[13] མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས། སངས་རྒྱས་ཀྱིས་གནས་འདིར་དབྱར་གནས་ཐེངས་གཅིག་ཀྱང་གནང་མྱོང་མེད། (ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༡༤) ཅེས་གསལ།
[14] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༦
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༣ ནས་ ༢༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།