༣༢༽ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ།
བཞི་པ། བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ་ (Naropa) ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།
བྲམ་ཟེ་རང་གི་བུ་མོ་བསྟེན། །རྡོ་རྗེ་བསྣུན་ཅིང་ས་འོག་བགྲོད། །
ནཱ་རོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ནཱ་རོ་པ་ཞེས་པ་ལེགས་སྦྱར་གྱི་སྐད་དང་། ངེས་ཚིག་ནི། རོ་པའམ་རོ་ག་རྩོད་པའམ་ཟླ་ཞེས་པའི་དོན་ཡིན་ལ། དེ་ལ་ནཱའི་དགག་ཚིག་སྦྱར་བས། ནཱ་རོ་པ་སྟེ་རྩོད་མེད་དམ་ཟླ་མེད་ཅེས་བྱའོ།།
ཡང་བཤད་ཚུལ་གཞན་ཞིག་ལ། ནཱ་རོ་པ་ནི་རྩ་ཤད་པ་ཟེར་བའི་དོན་ཡིན་ཟེར་ཏེ། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། ཏཻ་ལོ་པས་ནཱ་རོ་པ་ལ་རིག་མ་འཚོལ་ལ་བསྟེན་ཅིག་གསུངས། རིག་མ་དེ་བླ་མ་ལ་ཕུལ་བས་འདིས་འདིའི་ཡིད་བཟུང་ངོ་གསུངས་ནས་ནཱ་རོ་པའི་གསང་རྡོར་རྡོའི་བར་དུ་བརྡུངས་ཏེ་རྩའི་རྣལ་མ་ཆུ་འདོར་ཤེས་པ་ཙམ་ལས་མ་ལུས་པས་ནཱ་རོ་པ་ཞེས་རྩ་ཤད་པ་ཟེར་ཏེ། སྡོམ་པ་རྒྱ་མཚོའི་རྒྱུད་ལས།
བཅོམ་ལྡན་རྩ་ཤད་ཕྱིར་མི་ལྡོག །
ཅེས་ལུང་བསྟན་ཏོ་ཞེས་རྒྱུད་པ་འདི་བཞེད་ལ། རོ་ག་རྩོད་པ་ལ་དགག་པའི་ནཱ་སྔོན་དུ་བྱིན་ནས་ག་ཕྱིས་པས་ན་རོ་སྟེ་རྩོད་མེད་ཡིན་ཞེས་ལོ་ཙཱ་བ་དུ་མས་བཞེད་དོ། །ཞེས་གསུངས་པ་ལྟར་རོ།།


(གྲུབ་ཆེན་ཏཻ་ལོ་པ་དང་། པཎ་ཆེན་ནཱ་རོ་པ་རྣམ་གཉིས་ཀྱི་སྐུ་བརྙན།)
སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ (དུས་རབས་15པ།) ཀྱིས་མཛད་པའི་དག་ཡིག་ལི་ཤིའི་གུར་ཁང་ལས[3]། ནཱ་རོ་པ་ཞེས་པ་རྩ་བཤད་པ་ཞེས་པའི་སྐད་དོད་ལ། ཨ་ན་ན་དང་རོ་རུ་སོང་ཞེས་པ་དང་། ཏཻ་ལོ་པ་ཏིལ་བརྡུང་ལ། ཏེ་ན་ཏེ་ཟེར་ལོ་ཞེས་མང་དུ་འཆད་སྣང་བ་ནི་བརྗོད་པའི་ལམ་ལས་འདས་པ་ལྟ་བུར་སྣང་མོད། ཤིན་ཏུ་མི་མཁས་པས་སྨྲས་པ་ནི་དགག་པར་ཡང་མི་ལྡང་ངོ་། །ཞེས་རྩ་ཤད་ཀྱི་སྐད་དོད་ཡིན་པར་གསུངས་ལ། ནཱ་ལེགས་སྦྱར་གྱི་དགག་ཚིག་ཡིན་པ་ནི། མགོན་པོ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་སྟོང་ཉིད་བདུན་ཅུ་པ་ལས[4]། ཨ་དང་མ་དང་ན་དང་ནཱ་རྣམས་ནི་དགག་པར་བྱེད་པ་ཡིན་ནོ་ཞེས་འབྱུང་ལ། མཚན་གྱི་རྣམ་གྲངས་ནི། ནཱ་རོ་ཏ་པ། སྙན་གྲགས་བཟང་པོ། ཡེ་ཤེས་དངོས་གྲུབ། འཇིགས་མེད་གྲགས་པ། དུས་འཁོར་ཞབས། ནཱ་རོ་པ། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། རྩ་ཤད་པ་རྣམས་སོ།།
ཡུལ་གང་དུ་དུས་ནམ་ཞིག་འཁྲུངས་པ་ནི། འགོམ་བསྟན་འཛིན་ཆོས་དབྱིངས་ཀྱིས་བརྩམས་པའི་མེས་པོའི་བྱུང་བ་ལས[5]། རྗེ་ན་རོ་པ་ནི་ཁ་ཆེའི་ཡུལ་དུ་ཕྱི་ལོ་ ༩༩༢ ཆུ་འབྲུག་ལོར་སྐུ་འཁྲུངས། ཁབ་ཏུ་བཞུགས་ཚེ་སྒྲ་ཚད་སོགས་གསན་ནས་རིག་པའི་གནས་ལ་བྱང་བར་མཛད། ངེས་འབྱུང་དྲག་པོས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མཁས་ཤིང་། ན་ལེན་ཏྲའི་བྱང་སྒོ་སྲུང་བའི་པཎྜི་ཏ་ཆེན་པོར་གྱུར། བདག་ནི་པཎྜི་ཏར་གྱུར་ཀྱང་སེམས་ནི་བ་འཇོ་བའི་ཚད་ཙམ་ཡང་མི་གནས། ཞེས་སེམས་ལ་དབང་འབྱོར་བའི་བླ་མ་བཙལ་དགོས་དགོངས་ནས། ལྷག་པའི་ལྷ་མཆོག་འཁོར་ལོ་སྡོམ་པས་ལུང་བསྟན་ནས་ཤར་ཕྱོགས་སུ་ཏེ་ལོ་པ་འཚོལ་དུ་ཕྱིན། དཀའ་ཆེན་བཅུ་གཉིས་ལ་སོགས་སྤྱད་ནས་ཏེ་ལོ་པས་སློབ་མ་ལས་ཀྱང་ཡང་སློབ་བཟང་བར་ལུང་བསྟན་ནས་སྲིད་པ་བར་མ་དོར་མཆོག་གི་དངོས་གྲུབ་ཐོབ། དེའི་སློབ་རྒྱུད་ནི་རང་ལས་ཆེ་བར་གྲགས་པ་བདུན། ཡུན་རིང་བསྟན་པའི་བུ་བཞི། བླ་མ་བརྙེས་པའི་བུ་བཞི་སོགས་མང་ངོ་། །ཞེས་གསུངས་པ་ལྟར། འབྲི་གུང་རྒྱལ་དབང་ཀུན་དགའ་རིན་ཆེན་ (1475-1527) གྱིས་མཛད་པའི་བཀའ་བསྟན་འགྱུར་གྱི་དཀར་ཆག་རྣམ་པར་དབྱེ་བ་ལ་ལོག་རྟོག་ཀུན་སེལ་ལས[6]། དབང་བཞིའི་དོན་ལ་འབྱོར་བ་གྲུབ་ཆེན་བརྒྱད་ཅུའི་ནང་ནས་མངོན་པར་མཐོ་བ། རྗེ་བཙུན་ཏིལླི་པ་ཆེན་པོ། དེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང་། ལྔ་རིག་པའི་པཎ་གྲུབ་དཔལ་ནཱ་ལེནྡྲའི་བྱང་སྒོ་སྲུང་བ་འཁོར་ལོ་སྡོམ་པས་བྱིན་བགྱིས་བརླབས་ཤིང་ལུང་བསྟན་ཐོབ་པ། བླ་མའི་ཕྱོགས་སུ་དཀའ་ཆེན་དཔག་ཏུ་མེད་པ་སྤྱད་བདག་ཉིད། ནཱ་རོ་པ་ཆེན་པོ་ཞེས་ཆེས་ཆེར་བསྔགས་པ་མཛད་པ་ལྟར་རོ།།
དེ་བཞིན་བླ་མ་གང་ཞིག་བསྟེན་པ་སོགས་ནི། ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་པཎ་ཆེན་ནཱ་རོ་པ་ལ་བསྟོད་པ་སྙན་གྲགས་ལྷ་ཡི་རྒྱུད་མང་ལས[7]། ཀསྨཱི་ར་ཡུལ་གཉིས་སྐྱེས་རིགས་གཙང་མར། །ཞི་བའི་གོ་ཆ་དཔལ་གྱི་བློ་གྲོས་མའི། །སྲིད་པ་བཟུང་ཚེ་དགེ་མཚན་ལྟས་དང་བཅས། །ཀུན་ཏུ་བཟང་པོར་བཏགས་དེར་མགོས་ཕྱག་འཚལ། །དེར་ཡང་ཁྱོད་ཀྱིས་སྒྲ་ཚད་སོགས། །རྣམ་དག་རིགས་ལམ་བགྲངས་ཡས་ཀྱི། །མཁས་པའི་གྲགས་པས་ཕྱོགས་ཀྱི་ནི། །འཁོར་ལོ་འགེངས་མཛད་དེ་ལ་འདུད། །བུདྡྷ་པཱ་ལས་རབ་བྱུང་ནས། །སྡེ་སྣོད་གསུམ་གྱི་ཕ་མཐར་སོན། །གཙུག་ལག་ཆེན་པོའི་སྒོ་སྲུང་མཛད། །སྙན་གྲགས་བཟང་པོར་གཙུག་གིས་འདུད། །ཅེས་གསུངས་པ་ལྟར། ཀསྨིར་རམ་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་ཤིང་། ལ་ལར་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཤི་ན་རའི་གྲོང་ཁྱེར་འཛམ་བུར་རྒྱལ་པོ་དགེ་བའི་གོ་ཆ་དང་། བཙུན་པོ་དཔལ་གྱི་བློ་གྲོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་[8]པར་འདོད། དེ་ཡང་མཁས་པ་སྒོ་དྲུག་འདས་པའི་འོག་ཏུ་ཇོ་བོ་ཆེན་པོ་ཕེབས་པར་བཤད་པ་ལྟར་ན་དུས་རབས་ ༡༠ མཇུག་ཡན་ཆད་དུ་བྱོན་པར་ངེས། ཁོང་གིས་རིམ་པ་ལྔ་བསྡུས་པ་གསལ་བ་སོགས་མཛད། གྲུབ་ཆེན་ཏཻ་ལོ་པ་དང་བུདྡྷ་པཱ་ལའི་དངོས་སློབ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་དང་། བོད་ཀྱི་མར་པ་ལོ་ཙཱ་བའི་བླ་མ་ཡང་ཡིན་ཅིང་། མར་པ་ལོ་ཙཱ་ལ་བདེ་མཆོག་དང་། ནཱ་རོ་ཆོས་དྲུག་སོགས་ཀྱི་གདམས་པ་གནང་བས་ན། ༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་ལཱུ་ཡི་པ་ལུགས་ཀྱི་དབང་གི་བརྒྱུད་འདེབས་ལས[9]།
ལྷན་སྐྱེས་བདེ་བ་མཆོག་གི་ཡེ་ཤེས་ཀྱིས། །
གནས་ལུགས་དོན་གཟིགས་ཏཻ་ལོ་ནཱ་རོའི་ཞབས། །
ཞེས་གསུངས་པ་ལྟར་གྲུབ་ཆེན་ཏེ་ལོ་པའི་དངོས་སློབ་སྙན་གྲགས་ཅན་ཞིག་སྟེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས་[10]ཀྱང་། བྱང་སྒོ་སྲུང་བའི་ནཱ་རོ་པ་ནི། གྲུབ་ཆེན་ཏེ་ལོ་པས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་ལོ་རྒྱུས་ནི་གཞན་དུ་གསལ་ལ། འདིས་བདེ་མཆོག་གི་སྒོ་ནས་གྲུབ་པ་ཐོབ་ཅིང་། བདེ་གསང་གཉིས་རྒྱུད་དོན་མན་ངག་ཏུ་བླངས་པ་འཕགས་ཡུལ་དང་། བོད་ཀྱི་མར་པ་ལོ་ཙཱ་བ་སོགས་ལ་བཤད་པའི་སྲོལ་ད་ལྟ་དར་ཆེ་བ་འདི་བཞིན་ཏེ་བོད་ཀྱི་སྔགས་ཕྱོགས་ཀྱི་ཆོས་བརྒྱུད་ལ་ཕན་ཆེན་པོ་བཏགས་པས་བཀའ་དྲིན་ཆེ། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཤིང་། མཐར་སྤྱོད་པ་ལ་གཤེགས་ནས་དངོས་གྲུབ་མཆོག་བརྙེས་ཞེས་གྲག་གོ །ཞེས་བྱུང་ངོ་།།
དེ་བཞིན་རྗེ་བཙུན་ནཱ་རོ་པའི་ལོ་རྒྱུས་ལས[11]། ཏེ་ལོ་པའི་སློབ་མ་ནི་ཆེས་མང་ན་ཡང་སྐབས་འདིར་འཆད་བྱ་ནི། ཇོ་བོ་ནཱ་རོ་ཏ་པ་ཡིན་ཏེ། རྒྱལ་པོ་མཧཱ་པཱ་ལའི་བུ་རྒྱལ་པོ་བྷེ་ཡ་པཱ་ལའི་སྐབས་སུ་ཁ་ཆེར་བྲམ་ཟེའི་རིགས་ཀྱི་ཁྱད་པར་ནཱ་རོཏྟ་པ་སྟེ་མི་མཆོག་ཅེས་པའི་རིགས་སུ་འཁྲུངས་པས་ནཱ་རོ་ཏ་པ་ཟེར། པ་ནི་ཞབས་ཀྱི་ལེགས་སྦྱར་བ་དེའི་མིང་ཐོག་སྟེ། མི་མཆོག་ཞབས་ཟེར། ཆུང་ངུ་ནས་མུ་སྟེགས་པའི་པཎྜི་ཏར་གྱུར་པ་ལ། དེ་ནས་མུ་སྟེགས་པའི་སྔགས་པ་མཛད་ནས། བྲམ་ཟེའི་རིགས་ཀྱི་སྤྱོད་པ་བོར། ཨ་བ་དྷུ་ཏི་བྱས་སོ། །ལན་ཅིག་ཆང་འཚོང་མ་ཞིག་གི་ནང་དུ་ཕྱིན་པས། དེ་ན་སངས་རྒྱས་པའི་པཎ་ཆུང་ཞིག་ཡོད་པ། ནཱ་རོའི་ཟིལ་མ་བཟོད་པར་བྲོས་སོང་བའི་ཤུལ་དུ་མདོ་ཡི་པུ་སྟི་ཞིག་ལུས་འདུག་པ་གཟིགས་པས། ཆོས་ལ་ཤིན་ཏུ་མོས་ཏེ་ཡུལ་དབུས་སུ་བྱོན་ནས་མཁན་པོ་ཡེ་ཤེས་འོད་ལས་རབ་ཏུ་བྱུང་མཚན་སྙན་གྲགས་བཟང་པོར་བཏགས། བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བྱེ་སྨྲའི་འདུལ་འཛིན་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་ཡང་ཟེར་བ་ཡོད། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་ལ་མཁས་པར་མཛད། གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་ཐམས་ཅད་ཀྱང་ཞུས་ཏེ་པཎྜི་ཏ་ཆེན་པོར་གྱུར་པ་ན། ནཱ་ལནྡ་དང༌། བི་ཀྲ་མ་ཤཱི་ལའི་བྱང་སྒོ་སྲུང་བ་མཛད། དེ་སྐབས་མཁས་པ་སྒོ་དྲུག་གི་ཐ་སྙད་བྱུང་བས་ཤར་སྒོ་སྲུང་བ་རིན་འབྱུང་ཞི་བ། ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས། ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ཞེས་སོ། །རྗེ་བཙུན་ནཱ་རོ་པའི་སྐུ་དུས་ནས་བཟུང་ནཱ་ལེནྡྲའི་མཁས་པ་སྒོ་དྲུག་གི་ཐ་སྙད་ཐོག་མར་བྱུང་བར་གསལ་ལ། ལྷོ་རོང་ཆོས་འབྱུང་ལས་དེའི་སྔོན་དུ་སྒོ་སྲུང་ཡོད་པར་གསལ་ལོ།།
དེ་ཡང་རྟ་ཚག་ཚེ་དབང་རྒྱལ་གྱིས་ (དུས་རབས་15པ།) མཛད་པའི་ལྷོ་རོང་ཆོས་འབྱུང་ལས[12]། པཎ་ཆེན་ནཱ་རོ་པ་ནི། མཁས་པ་ཆེན་པོར་གྱུར་ཏེ་པཎྜི་ཏ་ཐམས་ཅད་བཀའ་བགྲོས་ནས་ན་ལེན་ཌའི་བྱང་སྒོ་སྲུང་བ་ལ་ཨ་བ་རུ་ཏི་པ་གྲོངས་པའི་ཚབ་ཏུ་བསྟན་པའི་གཉེར་གཏད་ནས་དབང་བསྐུར། དེའི་དུས་སུ་ཤར་སྒོ་ཤན་ཏི་པ་དང་། ལྷོར་ངག་དབང་གྲགས་པ། ནུབ་ཏུ་ཤེས་རབ་འབྱུང་གནས་སྦས་པ་སོགས་ལ་མཁས་པ་སྒོ་དྲུག་ཏུ་གྲགས་ཤིང་། དེ་དག་ཀུན་གྱིས་སྤྱི་བོར་བཀུར་ལ། རྒྱལ་པོ་ལ་སོགས་སྐྱེ་བོ་དུ་མས་མཆོད་དོ། །ཕྱི་ནང་གི་པཎྜི་ཏ་རྣམས་གྲལ་གཡས་གཡོན་ལ་འཁོད་ནས། དང་པོ་ནང་པའི་པཎྜི་ཏ་རྣམས་དང་རྩོད་པས་རྒྱལ་བར་གྱུར་ནས་ཐམས་ཅད་ཀྱིས་ཞབས་སྤྱི་བོར་བླངས་ཤིང་སློབ་མར་ཁས་བླངས། དེ་ནས་ཕྱི་པའི་པཎྜི་ཏ་རྣམས་དང་རྩོད་པས། དེ་དག་ཐམས་ཅད་བཅོམ་ནས་ནང་པའི་བསྟན་པ་ལ་བཙུད་པས། གནས་བརྟན་བསྟན་པ་འཛིན་པར་གྱུར། ཕྱི་ནང་གི་རྒོལ་བ་ཐམས་ཅད་བཟློག་ནས་འཇིགས་པ་མེད་པར་མཛད། མཚན་ཡང་འཇམ་དཔལ་འཇིགས་མེད་གྲགས་པ་ཞེས་པར་ཐོགས་ནས་བསྟན་པའི་བྱ་བ་ལ་དུས་འདའ་བར་བཞུགས་པའི་ཚེ། ཉིན་གཅིག་མི་སྡུག་པའི་མཚན་དང་ལྡན་པའི་བུད་མེད་གཅིག་བྱུང་ནས་ཁྱོད་ཀྱི་ལྟ་བ་དེ་ཅི་ཡིན་དྲིས་པས། དམ་པའི་ཆོས་སོ། །དེའི་ཚིག་ཤེས་སམ། ཤེས་སོ། །དེའི་དོན་ཤེས་སམ། ཤེས་སོ། །ཞེས་སྨྲས་པ་ལ་མི་དགའ་བར་གྱུར་པ་ལ། ཁྱོད་ཀྱིས་ཚིག་ཤེས་པ་ལ་དགའ་ནས། དོན་ཤེས་པ་ལ་མི་དགའ་བ་ཅི་ལྟར་ཡིན་ནམ། ཞེས་པ་ལ། བུད་མེད་དེས། པཎྜི་ཏ་རྫུན་སྨྲ་བ་ལ་ཁོ་མོ་མི་དགའ་བ་ཡིན་ནོ། །དེས་ན་དོན་ཤེས་པ་སུ་ཡོད། བདག་གི་མིང་པོ་ཁོ་ནའོ། །འོ་ན་ཁྱོད་ཀྱི་མིང་པོ་དེ་དང་ཁོ་བོ་སྤྲོད་ཅིག་ཅེས་པ། ཁོ་མོས་སྤྲད་མི་དགོས་ཀྱི། གསོལ་བ་ཐོབ་ཅིང་སོང་དང་ངེས་པར་རྙེད་པར་འགྱུར་རོ། །ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ།།
དེ་ནས་སྒོ་སྲུང་ཆེན་པོ་རྣམས་དང༌། དགེ་འདུན་གྱིས་བཤོལ་བར་གསོལ་བ་བཏབ་ཀྱང་མ་གནང་ནས། ནཱ་ལེན་ཌའི་གཙུག་ལག་ཁང་ནས་རིང་དུ་ཕྱིན་པ་ན། ནམ་མཁའ་ནས་སྒྲ་ལ་བདེ་མཆོག་འཁོར་ལོ་བསྟན་ཏེ་བླ་མ་སངས་རྒྱས་ཚོལ་དང་རྙེད། ཅེས་པའི་སྒྲ་གྲགས་ནས་དུར་ཁྲོད་ན་ག་རར་འཇག་མའི་སྤྱིལ་པོ་བྱས་ཏེ། བདེ་མཆོག་གི་ཡི་གེ་བདུན་པ་འབུམ་བཟླས་པའི་ཚེ། ལྟས་དུ་མ་དང་བཅས་ཏེ་ནམ་མཁའ་ལས།
འདི་ནས་ཤར་གྱི་ཕྱོགས་ངོས་སུ། །ཁྱོད་འདོད་བླ་མ་སངས་རྒྱས་ནི། །
ཏེ་ལོ་པ་ཞེས་ཡོད་ཀྱིས་སོང་། །
ཞེས་བྱུང་བ་ལྟར། ནཱ་ལེནྡྲའི་གཙུག་ལག་ནས་པཎ་ཆེན་ཏེ་ལོ་པ་འཚོལ་བར་བྱོན་ནོ། །དེ་བཞིན་དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་དང་བདག་བསྐྱེད་ངག་འདོན་བཀྲ་ཤིས་ལྷུན་པོ་རྒྱུད་པ་གྲྭ་ཚང་གི་འདོན་རྒྱུན་ལ་རྗེ་ཐམས་ཅད་མཁྱེན་པས་ཞུས་དག་མཛད་པ་ལས་[13]ཀྱང་།
མཁའ་འགྲོས་ལུང་བསྟན་ཤར་ཕྱོགས་གྲོང་ཁྱེར་དུ། །ཤིན་ཏུ་བྱ་དཀའི་སྤྱོད་པ་དུ་མ་སྤྱད། །
སྒྱུ་མ་ལྟ་བུའི་ཏིང་འཛིན་ཐུགས་ལ་འཁྲུངས། །ནཱ་རོ་ཏ་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། བྱ་དཀའི་སྤྱོད་པ་ཇི་ལྟར་མཛད་པའི་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[14]། བྱང་སྒོ་སྲུང་བ་ནི་ནཱ་རོ་པ་ཡིན་ལ། དེའི་ལོ་རྒྱུས་གཞན་དུ་ཤེས། སློབ་དཔོན་དེ་ལ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་ཀྱང་ཆོས་གསན་ཏེ། དེ་ཡང་སློབ་དཔོན་ཤཱནྟི་པ་དཔོན་སློབ་མཆོད་པ་ཞིག་མཛད་པའི་སྐབས། སློབ་མ་ཞིག་གིས་གཏོར་མ་བསྐྱལ་བར་ཕྱིན་པས། གཏོར་སྟེགས་ཀྱི་སྟེང་ན་རྣལ་འབྱོར་པ་ཤིན་ཏུ་འཇིགས་པ་ཞིག་མཐོང་ནས་གཏོར་མ་ཅི་དགར་བསྐྱུར། ཤིན་ཏུ་སྐྲག་སྟེ་ནང་དུ་འོངས། སློབ་དཔོན་ལ་ཞུས་པས། ནཱ་རོ་པ་ཡིན་པར་མཁྱེན་ནས་སྤྱན་དྲངས། དུས་དེར་ཞབས་ལ་གཏུགས་ཏེ། དབང་བསྐུར་བ་དང༌གདམས་པ་དང༌རྗེས་སུ་གདམས་པ་ཤིན་ཏུ་མང་བར་གསན། ཕྱིས་ཀྱང་ཡང་ཡང་གུས་པས་བཏུད། དུས་ཕྱིས་ཤཱནྟི་པ་གྲུབ་པ་བརྙེས་ཙམ་གྱི་དུས་ཤིག་ན། ནཱ་རོ་པས་ཐོད་པ་ཅིག་བསྣམས་ཏེ། སྐྱེ་བོ་ཀུན་ལ་སློང་བ་ལྟར་མཛད་པ་ལ་ཆོམ་པོ་ཞིག་གིས་ཐོད་པའི་ནང་དུ་གྲི་ཆུང་གཅིག་བསྐྱུར། ནཱ་རོ་པས་ལྟ་སྟངས་མཛད་པས་མར་ཁུ་ལྟར་ལྟེམས་ཀྱིས་ཞུ་ནས་གསོལ་ཏེ་སོང༌། བཞི་མདོ་ན་གླང་པོ་ཆེ་ཤི་བའི་རོ་ཞིག་འདུག་པ་ལའང་གྲོང་འཇུག་མཛད་ནས་དུར་ཁྲོད་དུ་བསྐྱལ། དེའི་ལོགས་ནས་མར་ཤཱནྟི་པ་ཕེབས་པ་ལ། ནཱ་རོ་པའི་གསུང་གིས་ཁོ་བོ་རྣལ་འབྱོར་པ་ཡིན་པས་རྟགས་དེ་ལྟར་ལགས། ད་མཁས་པ་ཆེན་པོ་ཡང་རྟགས་སྟོན་པར་མི་སྤྲོའམ་གསུངས་པ་ལ། སློབ་དཔོན་ཤཱནྟི་པ་ན་རེ། བདག་ལྟ་བུས་གཞན་ཅི་ཞིག་འཚལ་ཏེ། འོན་ཀྱང་ཁྱེད་ལྟ་བུས་གནང་ན་བྱའོ་གསུང་སྟེ། མདུན་ན་ཚུར་ཆུའི་བུམ་པ་ཐོགས་པ་འགའ་བྱུང་བ་ལ་ཆུ་ལ་སྔགས་བཏབ་པ་ཙམ་གྱིས་གསེར་ཞུན་མར་སོང༌། དེར་དགེ་འདུན་རྣམས་དང་བྲམ་ཟེ་རྣམས་ལ་སོ་སོར་བགོས་ཏེ་བྱིན་ནོ། །ནཱ་རོ་པས་ཀྱང་བྱང་སྒོ་སྲུང་བ་ལོ་འགའ་ཞིག་མཛད་ནས། སྤྱོད་པ་ལ་གཤེགས་པ་ཡིན། ཞེས་གསུངས་པ་ལྟར་རོ།།
གཞན་ཡང་རྫ་དཔལ་སྤྲུལ་རིན་པོ་ཆེས་ (1808-1887) མཛད་པའི་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ལས་[15]ཀྱང་། སྐབས་ཤིག་ཏེ་ལོ་པས་ནཱ་རོ་པ་ལ་ཁྱོད་ཀྱིས་བི་ཀྲ་མ་ཤཱི་ལའི་སྒོ་སྲུང་གི་པཎྜི་ཏའི་ཁུར་དེ་མ་ལེན་ཅིག་གསུངས། ཕྱིས་སུ་ཁོང་ཡུལ་དབུས་སུ་བྱོན་སྐབས། བི་ཀྲ་མ་ཤཱི་ལའི་སྒོ་སྲུང་གི་པཎྜི་ཏ་འདས་པ་དང་ཐུག །ཐམས་ཅད་ཀྱིས་མུ་སྟེགས་པ་དང་རྩོད་ནུས་པ་གཞན་མི་འདུག་པས། བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་དགོས་ཟེར་ནས་ནན་གྱིས་ཞུས་ཏེ་བྱང་སྒོ་སྲུང་བ་མཛད་པས་མུ་སྟེགས་པ་ཞིག་རྩོད་དུ་བྱུང་བ་ལ་ཞག་མང་པོར་བརྩད་ཀྱང་མུ་སྟེགས་པ་མ་ཐུབ། བླ་མ་ལ་གསོལ་བ་བཏབ་པས་ཉིན་གཅིག་ཏེ་ལོ་པ་སྤྱན་ཧུ་རེ་དྲུང་དུ་བྱོན་བྱུང་། ཐུགས་རྗེ་རེ་ཆུང་དེ་བས་སྔ་བར་མི་འབྱོན་པ་ཞུས་པས། ངས་ཁྱོད་ལ་སྒོ་སྲུང་གི་པཎྜི་ཏ་མ་བྱེད་མ་སྨྲས་སམ། ད་ཁྱོད་ཀྱིས་ང་རང་སྤྱི་བོར་བསྒོམས་ལ་སྡིགས་མཛུབ་མུ་སྟེགས་པ་ལ་སྟོན་ལ་རྩོད་ཅིག་གསུངས། དེ་བཞིན་བྱས་པས་ནཱ་རོ་པ་རྒྱལ་ཏེ་མུ་སྟེགས་ཀྱི་རྩོད་པ་ཐམས་ཅད་ཚར་བཅད་པ་ཡིན་ནོ། །ཞེས་བྱུང་ངོ་།།
སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས[16]། ༡༽ རྒྱུད་ཟ་པ་ལ། དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་སྙན་ནས་སྙན་དུ་བརྒྱུད་པ་ཞེས་བྱ་བ། དཔལ་ལྡན་ནཱ་རོ་པས་མཛད་པ། པཎྜི་ཏ་ཆེན་པོ་ཤྲཱི་ནཱ་རོ་པ་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ༢༽ རྒྱུད་འ་པ་ལ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དཔལ་ནཱ་རོ་པའི་ཞལ་གྱི་བརྒྱུད་པ་རྗེས་སུ་གནང་བ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲ་ཛྙཱ་ཀཱིརྟིའི་འགྱུར། འདི་ན་རོ་མཁའ་སྤྱོད་ཀྱི་གཞུང་ཡིན། ༣༽ རྒྱུད་ཤ་པ་ལ། དབང་ཆོས་རྟེན་འབྲེལ་འགྲོ་ལྡོག །དཔལ་ནཱ་རོ་པས་མཛད་པ། རྒྱ་གར་གྱི་བླ་མ་ཏེ་ཕུ་པ་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ༤༽ རྒྱུད་ཞི་པ་ལ། སློབ་དཔོན་ཆེན་པོ་ནཱ་རོ་པའི་རྡོ་རྗེའི་གླུ། ༥༽ མཧཱ་ཡོ་ག་ནཱ་རོ་པའི་རྡོ་རྗེའི་གླུ། ༦༽ ཡང་རྡོ་རྗེའི་གླུ། ༧༽ རིམ་པ་ལྔ་བསྡུས་པ་གསལ་བ་ཞེས་བྱ་བ། དཔལ་ནཱ་རོ་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ༨༽ རྒྱུད་ཟི་པ་ལ། རྗེ་བཙུན་ཡི་གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་སྒོམ་པའི་ཐབས། སློབ་དཔོན་ནཱ་རོ་པས་མཛད་པ་སོགས་བཞུགས་ལ། གཞན་ཡང་ནཱ་རོ་པའི་ལུགས་ཀྱི་ཕག་མོ་ལྷ་བཅུ་གསུམ་མ་དང་། ནཱ་རོ་མཁའ་སྤྱོད། ནཱ་རོ་ཆོས་དྲུག་སོགས་པཎ་ཆེན་འདི་ཉིད་ཀྱི་ལུགས་ཐུན་མོང་མ་ཡིན་པ་ཡང་མང་དུ་མཆིས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༥ན༢
[2] མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༦༨
[3] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༨
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེང་ཨང་ ༦༠ པ། ༡༩༩༥ ལོ། ཤོག་གྲངས་ ༡༨༣༥
[5] མེས་པོའི་བྱུང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༥༡
[6] ཀུན་དགའ་རིན་ཆེན་གྱི་གསུང་འབུམ། ༼ག༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༦ན༤
[7] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཕ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥བ༤
[8] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༤༡༨
[9] རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་འདོན་ཆོག །པོད། ༼༡༽ བདེ་མངོན། ཤོག་གྲངས་ ༢ན༣
[10] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༧
[11] ཀཾ་ཚང་བཀའ་བརྒྱུད་པ། ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༣
[12] ལྷོ་རོང་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༠
[13] རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་འདོན་ཆོག ༼༡༽ གསང་མངོན། ཁ། དཔེ་རིང་། ཤོག་གྲངས་ ༢ན༣
[14] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༨༧
[15] ཀུན་བཟང་བླ་མའི་ཞལ་ལུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༨
[16] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༧༤
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༢ ནས་ ༢༦༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།