ལེའུ་དང་པོ། ནཱ་ལེནྡྲའི་གཙུག་ལག་ཁང་གི་མཚན་གྱི་སྐོར། ཀ༽ དཔལ་ནཱ་ལེནྡྲའི་ཐ་སྙད་ཀྱི་ཐོག་མ།

ལེའུ་དང་པོ། ནཱ་ལེནྡྲའི་གཙུག་ལག་ཁང་གི་མཚན་གྱི་སྐོར།

ཀ༽ དཔལ་ནཱ་ལེནྡྲའི་ཐ་སྙད་ཀྱི་ཐོག་མ།

 

དེ་ཡང་ལེགས་སྦྱར་སྐད་དུ་ནཱ་ལེནྡྲ་ (नालंदा) དང་། དབྱིན་ཡིག་ནང་ (Nālanda) རྒྱ་སྐད་དུ་ (那烂陀) བོད་སྐད་དུ་འདམ་བུ་སྦྱིན་ཞེས་བྱ། འདི་ནི་གནའ་བོའི་རྒྱ་གར་གྱི་ས་མིང་ཞིག་སྟེ། དེ་ཡང་རོང་སྟོན་ཤེས་བྱ་ཀུན་གཟིགས་ (1367-1449) ཀྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[1]།

རྒྱལ་བས་ལུང་བསྟན་ངོ་མཚར་དཔག་མེད་གནས། །ཡོན་ཏན་རྨད་བྱུང་མི་ཟད་འབྱུང་བའི་གཏེར། །

མཁས་པ་དུ་མའི་ཞབས་ཀྱི་རྟེན་གྱུར་པ། །ནཱ་ལེནྡྲ་ཞེས་བྱ་བའི་གནས་ལ་བསྟོད། །

ཅེས་ཆེས་མཆོག་ཏུ་བསྔགས་པར་མཛད་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། ཟབ་རྒྱས་གཉིས་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་མཁས་པའི་ཚུལ་དགུའི་ཕྱག་རྗེས་རྨད་དུ་བྱུང་ཞིང་། རྒྱ་གར་འཕགས་ཡུལ་[2]གྱི་བཅུ་ཕྲག་རིག་པའི་གཞུང་ལུགས་སྤྱི་དང་། ལྷག་པར་ཕྱི་ནང་གི་གྲུབ་མཐའ། ཡང་སྒོས་ལུང་ཆོས་སྡེ་སྣོད་གསུམ་ལ་ནང་བྱན་ཆུད་པའི་པཎ་གྲུབ་བཅུ་བདུན་སོགས་ཀྱི་གདན་ས་དང་། བོད་རྒྱ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྒྱལ་བསྟན་གྱི་འབྱུང་ཁུངས་སུ་གྱུར་པའི་ནཱ་ལེནྡྲ་ཞེས་པའི་ཐ་སྙད་ཐོག་མ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་ (གནས་བརྟན་སྡེ་པའི་ལུགས་ལྟར་ན་ཕྱི་ལོའི་སྔོན་གྱི་ལོ་ (625-544) སྐུ་དུས་ནས་ཡོད་པའི་ལེགས་སྦྱར་གྱི་ཐ་སྙད་ཆེས་རྙིང་པ་ཞིག་སྟེ། དེ་ཡང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས[3]།

རྒྱལ་པོའི་ཁབ་དང་ན་[4]ལན་ད། །འོད་མའི་དབྱུག་པ་དམར་བུའི་གྲོང་། །

ཆུ་བོ་གངྒཱ་སྤྲིན་བརྩེགས་དང་། །སྒྲ་ཆེན་ཡངས་པ་ཐ་མ་ཡིན། །

ཞེས་འདུལ་བ་གཞི་ལས་ན་ལན་ད་ཞེས་བྱུང་ཞིང་། ཡིག་ཆ་ལ་ལར་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༥༦༧ ནས་ ༢༧༢ བར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་རྒྱ་གར་འཕགས་ཡུལ་དུ་བྱོན་ཏེ། ཡུལ་ཝཱ་རཱ་ཎ་སཱི་སོགས་སུ་ཆོས་འཁོར་རིམ་པ་གསུམ་བསྐོར་ཞིང་། གདུལ་བྱ་གྲངས་མེད་ཐར་པའི་ལམ་ལ་བཀོད། མཐར་དགུང་ལོ་ ༨༠ ལ་ཕེབས་སྐབས་བྱ་རྒོད་ཕུང་པོའི་རི་ནས་ནཱ་ལནྡཱ་དང་། དམར་པོ་ཅན་གྱི་དྲུང་། ཡངས་པ་ཅན་སོགས་སུ་ལོ་ངོ་གཉིས་རིང་གདུལ་བྱ་རྣམས་ཐར་པའི་ལམ་ལ་བཀོད་པ་དང་། གདུལ་བྱ་ཐུན་མོང་བའི་སྣང་ངོར་རྩྭ་མཆོག་གི་ས་གཞི་གཙང་མར་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་པའི་མཛད་པ་བསྟན། སྟོན་པ་ཉིད་མྱ་ངན་ལས་འདའ་ཁར་ཉན་ཐོས་ཆེན་པོ་འོད་སྲུང་ལ་བསྟན་པ་གཏད་ཅིང་། དེས་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད། དེས་འཕགས་པ་ཤྭ་ནའི་གོས་ཅན་ལ་གཏད། དེས་འཕགས་པ་ཉེས་སྦས་ལ་གཏད། དེས་འཕགས་པ་དྷི་དྷི་ཀ་ལ་གཏད། དེས་འཕགས་པ་ནག་པོ་ལ་གཏད། དེས་འཕགས་པ་ལེགས་མཐོང་ཆེན་པོ་ལ་གཏད་དེ་སྟོན་པའི་གཏད་རབས་བདུན་རིམ་པར་བྱོན་པར་གྲགས་པ་ལས། ནཱ་ལནྡཱ་ནི་སྟོན་པ་འཁོར་དང་བཅས་པའི་མཛད་པ་སྐྱོང་ཡུལ་གྱི་གནས་བྱིན་ཅན་ཞིག་ཡིན་པར་གསལ་ལོ།།

ཡང་དེ་ཉིད་ལས[5]། ཡངས་པ་ཅན་གྱི་ལིད་ཙ་བི་རྣམས་ཀྱིས་ནི་ཆུ་བོ་གངྒཱ་ནས་ཡངས་པ་ཅན་གྱི་བར་དུ་དེ་བས་ལྷག་པར་ཁྱད་པར་དུ་འཕགས་པར་ལམ་དང་གྲོང་ཁྱེར་དག་སྟོར་དུ་བཅུག་གོ །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ན་ལན་ད་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཡུལ་མ་ག་དྷའི་ལྗོངས་སུ་རྒྱུ་ཞིང་གཤེགས་པ་ན། ན་ལན་དར་བྱོན་ནས་ན་ལན་ད་ན་ཨ་མྲའི་ཚལ་[6]དགག་དབྱེ་ཅན་ཞེས་བྱ་བ་བཞུགས་སོ། །དེའི་ཚེ་ན་ལན་ད་ན་ཀུན་ཏུ་རྒྱུ་འདམ་བུའི་ཚོང་པ་ཞེས་བྱ་བ་རྒས་པ། འཁོགས་པ། གཏུགས་པ་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་གནས་པ་ལ། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དགྲ་བཅོམ་པར་བཀུར་རོ། །ཞེས་སོགས་བྱུང་བ་ལྟར། སྟོན་པ་ཀུན་དགའ་བོ་འཁོར་བཅས་ན་ལན་དའི་ཨ་མྲའི་ཚལ་དགག་དབྱེ་ཅན་ཞེས་བྱ་བར་དངོས་སུ་ཞབས་ཀྱིས་བཅགས་པ་གསལ་བ་ལྟར། ན་ལན་ད་ཞེས་པ་ནི་སྟོན་པའི་སྐུ་དུས་ཏེ་ལོ་ངོ་ ༢༥༠༠ ལྷག་གི་གོང་ནས་ཡོད་པའི་ཐ་སྙད་ཆེས་རྙིང་པ་ཞིག་གོ།

དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[7]། དེ་ཡང་པཱ་ལིའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས(MPS.I,15.DN.II.p.81)། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ད་ཀུན་དགའ་བོ་ནཱ་ལནྡཱ་ལ་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་བཀའ་ལྟར་ཉན་ནོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་དགེ་འདུན་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་། པཱ་ཝཱ་རི་ཀ་ཞེས་པའི་ཨ་མྲའི་ཚལ་དུ་བཞུགས་སོ། །ཞེས་གསལ་ཡང་བོད་འགྱུར་སོགས་གསུམ་དུ་མི་གསལ་བས་རྗེས་སུ་གསར་སྣོན་བྱས་པ་ཡིན། འོན་ཀྱང་ནཱ་ལནྡཱ་ནི་བི་ཧར་མངའ་སྡེའི་ཁོངས་གཏོགས་རྒྱལ་པོའི་ཁབ་ཀྱི་བྱང་ཕྱོགས་སུ་སྤྱི་ལེ་བདུན་སར་པ་ཊ་ནར་ཕེབས་པའི་ལམ་ཞོར་དུ་ཁེལ་བར་བརྟེན། སངས་རྒྱས་ཀྱི་གནས་འདིར་ཞབས་སོར་འཁོད་པ་ལོ་རྒྱུས་དངོས་གནས་ཡིན། ཞེས་ཀྱང་བྱུང་ངོ་།།

གཞན་ཡང་བལ་པོའི་པཎྜི་ཏ་དགེ་སློང་ཞི་གནས་ལྷས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ལས[8]། བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ནཱ་ལེན་དྲ་ཨ་མྲས་ཀུན་ཏུ་བསྐོར་བའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་ཉ་པའི་བུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཉ་པའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ནཱ་ལེན་དྲ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ན་བཅོམ་ལྡན་འདས་ལ་མངོན་པར་དད་པ་མང་དུ་མཆིས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་འགའ་ཞིག་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་དག་བསྟན་དུ་བཅུག་ན་ལེགས་ཏེ། བྲམ་ཟེ་དང་། ཁྱིམ་བདག་འགྲོ་བ་དང་འོང་བ་དག་གིས་མཐོང་ནས་འདི་ལྟ་བུའི་ནཱ་ལེན་དྲ་ཕལ་ཆེར་བཅོམ་ལྡན་འདས་ལ་དད་པར་འགྱུར་རོ། །ཞེས་བྱུང་བ་ལས་ནཱ་ལེནྡྲ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་དུས་ནས་དར་རྒྱས་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཞིག་ཀྱང་ཡིན་པར་གསལ་ལོ།།

གཞན་ཡང་སློབ་དཔོན་ཆེན་པོ་ལྷ་སངས་རྒྱས་དཔལ་གྱི་ཡེ་ཤེས་ཞབས་ཀྱིས་བསྡུས་ཏེ་ཞལ་ནས་ཞལ་དུ་བརྒྱུད་པའི་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་ལས[9]།

དབུས་ཀྱི་ཡུལ་ཆེན་ཁ་བིར་གྲོང་ཁྱེར་རྡོ་འཇོག་ཏུ། །བཟང་པོ་སེང་གེ་ཞེས་བྱར་གྲགས་པ་རབ་ཐོབ་པ། །

བླ་མ་དེ་ནི་མཉེས་བྱས་ལུང་ཐོབ་གཞུང་མང་ཐོས། །དེ་ལ་རྣམ་དཔྱད་རིག་འབྱུང་ཤྲཱི་ལེནྡྲར། །

ཞེས་རྒྱལ་བའི་བསྟན་འགྱུར་དུའང་གསལ་ལ། འདུལ་བ་གཞི་ལས[10]། རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་མཁན་པོ་གནས་ལེན་གྱི་བུ་དེ་གང་ན་འདུག །ལྷ་གྲོང་ན་ལ་ད་ནའོ། །མཁན་པོ་གནས་ལེན་གྱི་བུ་དེ་བོས་ཤིག །ལྷ་བོད་པར་བགྱིའོ་ཞེས་དེ་དག་གིས་དེ་བོས་ནས་དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མཁན་པོ་དེ་འདི་ལགས་སོ། །ཞེས་སྟོན་པ་ཉིད་ཀྱི་སྐུ་དུས་སུ་མཁན་པོ་གནས་ལེན་གྲོང་ན་ལ་ད་ན་བཞུགས་པར་གསལ་ལ། དེ་བཞིན་འདུལ་བ་གཞི་ལས་[11]ཀྱང་། འདི་ལྟར་གྲོང་ན་ལ་ད་འདི་ཉིད་རྒོལ་བའི་ལོངས་སྤྱོད་ཀྱི་བ་དན་དུ་བགྱིས་ལ། བྲམ་ཟེ་གནས་ལེན་གྱི་བུ་ལས་ཕྲོགས་ཏེ། བྲམ་ཟེ་འདི་ལ་སྩལ་ཅིང་། འདི་བས་ཀྱང་ཆེས་རྒྱལ་བ་གཞན་འགའ་ཞིག་མཆིས་ན་ཡང་སྐོལ་གྱིས་དེ་ལ་སྩལ་བར་བགྱིའོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་བཞིན་གྱིས་ཤིག །དེ་དག་གིས་དེ་གནས་ལེན་གྱི་བུ་ལས་ཕྲོགས་ཏེ་བྲམ་ཟེ་སྐར་རྒྱལ་ལ་བྱིན་ནོ། །ཞེས་དང་། ཡང་དེ་ཉིད་ལས[12]། གྲོང་ན་ལ་ད་ན་བྲམ་ཟེ་སྐར་རྒྱལ་ཞེས་བྱ་བ་ཞིག་འདུག་པ་དེའི་བུ་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་ཞེས་བྱ་བ་དེ་ལས་བདག་ཅག་གིས་བཀླགས་སོ། །ཞེས་བྱུང་བ་ལྟར། ཆོས་འབྱུང་ནོར་བུའི་ཕྲེང་བ་ལས་[13]ཀྱང་། མཆོག་ཟུང་གཉིས་ཀྱི་རྣམ་ཐར་སྐབས། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱི་ལོ་རྒྱུས་ནི། རྒྱ་གར་གྱི་ཡུལ་ཨང་གའི་རྒྱལ་པོ་དང་། ཡུལ་དབུས་ཀྱི་རྒྱལ་པོ་པདྨ་ཆེན་པོ་ཕན་ཚུན་འཐབ་རྩོད་ཀྱི་རྒྱལ་ཕམ་རེས་མོས་ཀྱི་མཐར་ཨང་གའི་རྒྱལ་པོས་ཡུལ་དབུས་བཅོམ་སྟེ་རྒྱལ་པོའི་ཁབ་ཏུ་ལྷགས་པ་ན་པདྨ་ཆེན་པོས་ཕོ་བྲང་གི་སྒོ་བརྒྱབ་སྟེ་གནས་པའི་ཚེ། ཨང་གའི་རྒྱལ་པོས་ཁྱེད་གནམ་ལ་འཕུར་ན་མདས་ས་ལ་ལྷུང་བར་བྱེད་ཅིང་། ས་ལ་འཛུལ་ནའང་ལྕགས་ཀྱུས་འཛིན་ནོ་ཞེས་ངར་སྐད་སྒྲོགས་པ་ན། པདྨ་ཆེན་པོ་སྐྲག་ནས་རལ་གྲི་སྐེ་ལ་བཏགས་ཏེ་མགོ་བཏགས་ཞུས། དེ་ནས་ཨང་གའི་རྒྱལ་པོར་ཡུལ་དབུས་པ་རྣམས་ཀྱིས་ལོ་ལྟར་དཔྱ་ཁྲལ་འབུལ་ཏེ་གནས་པའི་སྐབས་རྒྱལ་པོ་པདྨ་ཆེན་པོར་སྲས་གཟུགས་ཅན་སྙིང་པོ་འཁྲུངས། གཟུགས་སྙིང་དེས་བཟོའི་སྒྱུ་རྩལ་ལ་མཁས་པར་སྦྱངས་པས་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཞེས་གྲགས།

ཉིན་གཅིག་ཨང་གའི་རྒྱལ་པོས་ཡུལ་དབུས་སུ་ཁྲལ་བསྡུ་བ་གཟུགས་སྙིང་གིས་གཟིགས་ནས་དཔྱ་ཁྲལ་བསྡུས་མི་རྣམས་ལ་ཁྱེད་རྣམས་ཀྱང་རྒྱལ་པོ་དང་། ང་ཚོའང་རྒྱལ་པོ་ཡིན་པས་ང་ཚོའི་ལུང་པར་ཁྲལ་བསྡུ་མི་འོས་ཞེས་སྨྲས་པས་ཁྲལ་སྡུད་པ་པོས་བྱིས་པས་གནད་དོན་མ་ཤེས་པའི་གཏམ་ཡིན་སྙམ། རྒྱལ་པོ་པདྨ་ཆེན་པོར་ཞུ་སྐབས་སྔར་ལྟར་ཁྲལ་བསྡུ་བར་མཛོད་ཅིག་གསུངས། དེ་ནས་ཨང་གའི་ཁྲལ་བསྡུ་མི་རྣམས་ཕྱིར་ལོག་གིས་ཨང་གའི་རྒྱལ་པོར་གོང་གི་ལོ་རྒྱུས་རྣམས་ཞུས་པས་ཨང་གའི་རྒྱལ་པོས་ཤིང་ཆུང་དུས་སེན་མོས་ཀྱང་ཆོད་ལ། སྡོང་པོར་སོང་ན་སྟ་རེ་བརྒྱ་ཕྲག་གིས་ཀྱང་ཆོད་དཀའ་སྙམ་ནས་པདྨ་ཆེན་པོར་འཕྲིན་ཡིག་ཏུ་ཁྱེད་རང་གི་བུ་དེ་ཉིད་སྐེ་ལ་ཐག་པ་བརྒྱབ་སྟེ་ཚུར་གཏོང་ངམ། ཡང་ན་ངོས་དཔུང་བཅས་དེར་འོངས། དེར་འོངས་ཚེ་ཟན་ཆག་སོགས་གྲ་སྒྲིག་གྱིས་ཟེར་བས་པདྨ་ཆེན་པོ་ཐུགས་མ་བདེ་བའི་སྐབས་སྲས་ལ་ཨང་གའི་རྒྱལ་པོས་ཁྲིམས་ཀྱི་དོན་གནད་རྣམས་གསུངས་པས། སྲས་དེའི་དགོངས་པར་རྒྱལ་པོ་དེ་བཏུལ་རྒྱུའི་བློ་ཞིག་འཆར་ཏེ། ང་ཚོ་རྒྱལ་པོ་འདྲ་འདྲ་ཡིན་པས་ཁྲལ་སྤྲོད་མི་དགོས་པ་གཞོམ་པར་བྱའོ་ཞེས་བློན་པོའི་བུ་ལྔ་བརྒྱ་དང་བཅས་པ་དམག་ལ་བྱོན་ན། དམག་ལྡན་གཟུགས་སྙིང་དུ་གྲགས་པས་རིམ་གྱིས་བསླུས་ཏེ་ཨང་གའི་རྒྱལ་པོ་བསད།

ཙམ་པའི་རྒྱལ་སར་ཕོ་བྲང་སྲུང་མི་ཞིག་ཡོད་པས་སྒོ་བརྒྱབས་ཏེ་བསྡད་པར་གཟུགས་ཅན་སྙིང་པོས། ཨང་གའི་རྒྱལ་པོའི་མགོ་ཤིང་རིང་གི་རྩེར་བཏགས་ཏེ། ཁྱེད་ཕྱིར་མི་འོངས་ན་འདི་ལྟ་བུར་འགྱུར་བའི་གནས་ཡོད་དོ། །ཞེས་བརྗོད་པས། རལ་གྲི་སྐེ་ལ་བཏགས་ཏེ་མགོ་བཏགས་ཞུས། དེ་ནས་གཟུགས་སྙིང་གིས་ཡབ་པདྨ་ཆེན་པོར་སྤྲིན་ཡིག་བཏང་ལན་འབྱོར་བ་བཞིན་གཟུགས་ཅན་སྙིང་པོས་ཨང་གའི་རྒྱལ་པོ་བྱས་ཤིང་། ཡབ་གཤེགས་ནས་ཡུལ་མ་ག་དྷ་དང༌། ཨང་ག་གཉིས་ཀའི་རྒྱལ་པོ་བྱས། དུས་དེར་བྲམ་ཟེ་རིགས་འགའ་ལྷོ་ཕྱོགས་སུ་རིག་བྱེད་ལ་མཁས་པ་ཞིག་གི་སར་གསང་ཚིག་དང་། རིག་བྱེད་སློབ་སར་ཕྱིན། དེར་ཀློག་པའི་གུང་སེང་སྐབས་ཡམ་ཤིང་གིས་འཐུ་བ་དང༌། ཁྲུས་ལ་འཇུག་པ་སོགས་ཀྱི་བྱ་བར་ཞུགས་པས། རང་རང་གི་ཡུལ་གྱི་གཏམ་ཕན་ཚུན་བརྗོད་སྐབས། ཡུལ་དབུས་ནི་མངའ་ཐང་རྒྱས་ཤིང་། མཁས་པ་མང་པོ་ཡོད་ས། ཆུ་མོ་གངྒཱའང་དལ་གྱིས་འབབ་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་ཅེས་ཐོས་ནས་ཚང་མ་ཡུལ་དབུས་སུ་འགྲོ་འདོད་དེ་མཁན་པོར་ཞུས་སྐབས། ཡུལ་གྱི་གནས་ཚུལ་ཉན་ན་སྙན་གྱི། བགྲོད་པ་དེ་ཙམ་སླ་བ་མིན་གསུངས་ཀྱང་སློབ་ཕྲུག་ཚོས་ནན་གྱིས་ཞུས་པས། ད་འོ་ན་ལྷན་དུ་འགྲོ་འོ་ཞེས་སྨྲས་ཏེ་འོངས། ལམ་དུ་རྒོལ་བ་རྣམས་རྩོད་པས་ཚར་གཅོད་པ་དང་། རང་གི་གྲགས་པ་སྒྲོགས་ཀྱིན་ཡོང་མཐར་རྒྱལ་པོའི་ཁབ་ཏུ་འབྱོར་དུས། དེར་བྲམ་ཟེས་རང་གི་གྲགས་པ་སྒྲོག་ཕྱིར་རྒྱལ་པོ་དང་ཕྲད་དགོས་སྙམ་ནས་བྲམ་ཟེ་དེས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སར་ཤིས་བརྗོད་དང་བཅས་མཁས་པ་གཞན་དང་རྩོད་པར་བྱ་བས་གནང་བ་བྱིན་ཞིག་ཅེས་ཞུས་པས། རྒྱལ་པོས་བློན་པོ་རྣམས་ལ། ང་ཚོའི་ཡུལ་ན་འདིའི་ལན་འདེབས་ནུས་པ་སུ་ཡོད་ཅེས་འདྲི་སྐབས་བློན་པོ་རྣམས་ནཱ་ལནྡཱར་གནས་ངན་ལེན་གྱི་བུ་ཞེས་བྲམ་ཟེ་མཁས་པ་ཞིག་ཡོད་ཞུས་པས། རྒྱལ་པོས་འོ་ན་དེ་བོས་ཤིག་གསུངས་པ་ལྟར་བོས་ཏེ་རྒོལ་བའི་དཀྱིལ་འཁོར་བཤམས།

ལྷོ་ཕྱོགས་ནས་འོངས་པའི་བྲམ་ཟེས་རྒྱུད་ཆགས་ལྔ་བརྒྱ་འདོན་པ་ན་གནས་ངན་ལེན་གྱི་བུས། དེ་མི་རིགས་པ་འདི་དང་འདིའོ་ཞེས་ཕྱིན་ཅི་ལོག་ཏུ་བཟླས་པས་ཅིག་ཤོས་ལ་ལན་མེད་ནས་ཕམ་པར་བྱས། རྒྱལ་པོ་གཟུགས་ཅན་སྙིང་པོ་དགྱེས་ནས། ནཱ་ལནྡཱའི་གྲོང་དེ་གནས་ངན་ལེན་གྱི་བུར་རྒོལ་བའི་ལོངས་སྤྱོད་དུ་གནང་། ནམ་ཞིག་ཁོང་དང་རིགས་མཉམ་པའི་ཆུང་མ་བླངས་པས། བུ་སྟོད་རིང་དང་། བུ་མོ་ཤཱ་རི་ཀ་སྐྱེས། བུ་མོ་ཤཱ་རི་ཀ་ནི་རིག་བྱེད་དང་སྒྲ་སོགས་ལ་ཤིན་ཏུ་མཁས། དུས་དེར་སྔར་བཞིན་བྲམ་ཟེ་སྐར་རྒྱལ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ནས་འོངས་པ་ཞིག་དང་། གནས་ངན་ལེན་བུ་གཉིས་རྩོད་པས། གནས་ངན་ལེན་ཕམ་སྟེ་རྒྱལ་པོས་ནཱ་ལནྡྲའི་ཆོས་གཞི་ཕྱེད་སྐར་རྒྱལ་ལ་སྤྲོད་དགོས་བྱས་པས། བློན་པོ་རྣམས་ཀྱིས་དེ་འདྲ་རྒྱལ་གཞིས་ཀྱིས་མི་ལྡང་བས་རྩོད་པ་སུ་རྒྱལ་ཡང་དེར་གནང་བར་རིགས་ཞེས་བརྗོད་པ་ལྟར་བྱས། གནས་ངན་ལེན་གྱི་བུ་ཡིད་ཆད་དེ་ཡུལ་གཞན་དུ་འགྲོ་བར་བརྩམས་པ་ལ། སྐར་རྒྱལ་གྱིས་ཁྱེད་ཡུལ་གཞན་དུ་མ་གཤེགས་པར་འདིར་བཞུགས་ཤིག །ངས་ནཱ་ལནྡཱའི་ཕྱེད་ཁྱེད་ལ་འབུལ་ལོ་ཞེས་ཞུས་པས་གནས་ངན་ལེན་དེ་དགའ་ནས་བུ་མོ་ཤཱ་རི་ཀ་དེ་སྐར་རྒྱལ་གྱི་ཆུང་མར་བྱིན།

བུ་སྟོད་རིང་ནི་སྐར་རྒྱལ་ལྟ་བུའི་མཁས་པ་ཆེན་པོ་ཡོང་ཕྱིར་ལྷོ་ཕྱོགས་སུ་སོང་། སྐར་རྒྱལ་དང་། ཤཱ་རི་ཀ་ལ་སྲས་ཤཱ་རིའི་བུ་དེ་བཙས། ཡུམ་ཤཱ་རི་ཀའི་མངལ་དུ་བུ་དེ་ཡོད་སྟབས་དེའི་ནུས་མཐུས་སྐར་རྒྱལ་གྱིས་རྩོད་ཚེ་གནས་ངན་ལེན་གྱིས་མ་ཐུབ་པ་བྱུང་། སྲས་དེའི་མཚན་ལ་ཡབ་མེས་རྣམས་ཀྱིས་ཉེ་རྒྱལ་ཞེས་ཡབ་ཀྱི་མཚན་ཟུར་ནས་བཏགས། ཤཱ་རིའི་བུ་ཞེས་པ་དེ་ཡུམ་གྱི་མཚན་ཟུར་ནས་ཡབ་ཀྱིས་བཏགས་པ་རེད། ཅེས་བྱུང་བ་ལྟར། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་[14]ཀྱང་། རང་རེའི་བློན་པོ་ཐུ་མི་སཾ་བྷོ་ཊ་ཡང་གུཔྟའི་རྒྱལ་བརྒྱུད་རྗེས་མ་གསུམ་གྱི་རིང་ཙམ་ན་རྒྱ་གར་དུ་བྱོན་ཏེ་བོད་ཡིག་ཀྱང་གུཔྟའི་དུས་ཀྱི་ཡི་གེ་ལ་མ་ཕྱི་བྱས་པས་ཡི་གེ་དེ་དང་བོད་ཡིག་གཉིས་ཤིན་ཏུ་ཡང་འདྲ་བ་ཟུར་དུ་བཀོད་པ་དེ་ཡིན། དཔལ་ནལནྡྲ་དང་། ཨོ་ཏནྟ་པུ་རི་གཉིས་ཀྱང་ཤིན་ཏུ་དར་བའི་སྐབས་ཡིན། ནཱལནྡྲ་ནི་རང་རེའི་འདུལ་བར་ནཱ་ལ་ད་ཞེས་བྱུང་ཞིང་། བྲམ་ཟེ་སྐར་རྒྱལ་ལ་རྒོལ་བའི་བ་དན་དུ་ཐོབ་པར་གསུངས་ཀྱང་མིང་དོན་ནི་མི་གསལ། ཞེས་གསུངས་པ་ལྟར་ན་ལ་ད་འམ་ནཱ་ལེནྡྲའི་ཐ་སྙད་ཐོག་མར་གསལ་བ་ནི་བཀའ་འགྱུར་གྱི་འདུལ་བའི་གཞུང་འདི་དག་ཡིན།

དེ་ཡང་འདུལ་བའི་གཞུང་དུ་གསལ་བའི་ན་ལ་ད་ཞེས་པའི་དོན་གང་དག་ལ་འཇུག་པ་ནི། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས[15]། དེ་ནས་དྲང་སྲོང་ན་ལ་ད་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཞེས་ན་ལ་ད་ཞེས་པ་དྲང་སྲོང་ཞིག་གི་མཚན་ལ་འཇུག་པ་དང་། ཡང་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས[16]། པདྨ་གེ་སར་དང་། མ་ལ་ཡའི་ཙནྡན་ན་ལ་ད་དང་། གུར་གུམ་ཞེས་བྱུང་བ་ལྟར་ན་ལ་ད་ཞེས་པ་ཙན་དན་གྱི་བྱེ་བྲག་ཅིག་ལ་གོ་བ་དང་། གཞན་ཡང་གྲོང་ནཱ་ལ་དཱའི་བྲམ་ཟེ་ཉེ་རྒྱལ་ཞེས་གྲོང་གི་མིང་ལ་འཇུག་པ། ཡོངས་གྲགས་ནཱ་ལེནྡྲའི་གཙུག་ལག་ཁང་ཞེས་གཙུག་ལག་ཁང་གི་མཚན་སོགས་དོན་སྣ་ཚོགས་ལ་འཇུག་པར་སྣང་ཞིང་། མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར། ནཱ་ལ་ད་ཞེས་ནཱ་རིང་ཆ་ཅན་ནི། སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[17]། ནཱ་ལ་འདམ་བུ་ལ་འཇུག་པར་གསལ་ལོ།།

གཞན་ཡང་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཕུར་བུའི་རྒྱུད་འབུམ་སྡེའི་བྱུང་རིམ་དང་སྒོམ་ཐབས་མདོར་བསྡུས་ལས[18]། པད་མ་སམ་བ་བས་ཁོང་ཐུང་ཞིང་ཝུགས་ཕྲོག་པ་ལྟར་མཛད་ནས། བྱུགས་པས་ཙིར་ཅེས་ཟིན། ནས་དབུ་ཞུའི་ནང་དུ་བཅུག ནས་བཞུད་ན། །ན་ལེན་དྲར། བྱོན་ཏེ་དབུ་ཞ་ཕྱེ་ན་ཤིན་དུ་བུད་མྱེད་གུན་མ། ཞེས་ཏུན་ཧོང་ཡིག་རྙིང་དུ་ན་ལེན་དྲ་ཞེས་གསལ་བ་བཅས་མདོར་ན། རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་གྱི་བསྟན་འགྱུར། ཏུན་ཧོང་གི་ཡིག་རྙིང་། བོད་ཀྱི་གསུང་འབུམ་བཅས་སུ་ན་ལན་ད་དང་། ཤྲཱི་ན་ལེནྡྲ། ན་ལེན་དྲ་ཞེས་གསལ་བ་ནི། ཁོ་བོས་མཇལ་བའི་ནཱ་ལེནྡྲའི་ཐ་སྙད་ཐོག་མར་གསལ་བའི་གཞུང་དང་ཐ་སྙད་རྣམས་ཡིན་ནོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༤༦བ༡ ཨིན་ཨང་ ༤༦༦

[2] འཕགས་ཡུལ། ནང་པའི་ཆོས་ལུགས་པ་རྣམས་ཀྱི་བཤད་སྲོལ་ལ། རྒྱ་གར་ནི་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། ཆོས་གསུངས་པ། ཞབས་ཀྱིས་བཅགས་པ་སོགས་བསྐལ་བཟང་གི་སངས་རྒྱས་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་དོན་མཛད་པ་དང་། ཆོས་ཐོག་མར་དར་བའི་ཡུལ་ཡིན་པའི་ཆ་ནས་ཡུལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་རྒྱུ་མཚན་གྱིས་མིང་དེ་ལྟར་ཐོགས་ཞེས་ཟེར་སྲོལ་ཡོད། ཅེས་དུང་དཀར་ཚིག་མཛོད་ཆེན་མོའི་ (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༣༧༡) ཐོག་གསལ་ལོ།།

[3] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ་གཞི། ༼ཁ༽ དེབ་ཨང་ ༢ པ། ༡༩༩༥ ལོ། ཤོག་གྲངས་ ༣༠

[4] ཞོལ་བཀའ་འགྱུར་དུ་ནཱ་རིང་ཆ་ཅན་དང་། པར་མ་གཞན་རྣམས་སུ་ན་ལན་ད་ཞེས་བྱུང་།

[5] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ་གཞི། ༼ཁ༽ དེབ་ཨང་ ༢ པ། ༡༩༩༥ ལོ། ཤོག་གྲངས་ ༤༥

[6] ཨ་མྲའི་ཚལ་ནི། རྒྱ་གར་བ་དག་གིས་ཨམ་དང་། ཕྱི་རྒྱལ་བས་ Mango ཞེས་འབོད་པའི་ཤིང་ཏོག་སྐྱེས་སའི་ཚལ་ཡིན།

[7] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༡༣

[8] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཉུ༽ དེབ་ཨང་ ༨༢ པ། ༢༠༠༨ ལོ། ཤོག་གྲངས་ ༨༩༨

[9] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ༡༩༩༥ ལོ། ཤོག་གྲངས་ ༨༢༩

[10] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཀ༽ དེབ་ཨང་། ༡ པོ། ༢༠༠༩ ལོ། ཤོག་གྲངས་ ༢༧

[11] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཀ༽ དེབ་ཨང་། ༡ པོ། ༡༩༩༥ ལོ། ཤོག་གྲངས་ ༤༠

[12] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཀ༽ དེབ་ཨང་། ༡ པོ། ༡༩༩༥ ལོ། ཤོག་གྲངས་ ༢༨

[13] ཆོས་འབྱུང་ནོར་བུའི་ཕྲེང་བ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༢༠

[14] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༩

[15] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཐ༽ དེབ་ཨང་ ༡༠ པ། ༡༩༩༥ ལོ། ཤོག་གྲངས་ ༦༩༣

[16] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼མ༽ དེབ་ཨང་། ༩༢ པ། ༡༩༩༥ ལོ། ཤོག་གྲངས་ ༥༣༤

[17] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༣༠

[18] ཏུན་ཧོང་ཡིག་རྙིང་ཤོག་དྲིལ་གྱི་བཤུས་ཡིག་ཕྱོགས་བསྒྲིགས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ ༣༤༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡ ནས་ ༡༡ བར་གསལ་བ་ལས་བཏུས།

 

Leave a Reply

Your email address will not be published. Required fields are marked *