ཝ༽ དཔལ་ལྡན་ཆོས་གྲགས་ཀྱི་རྣམ་ཐར་སྙིང་བསྡུས།
བྲམ་ཟེའི་རིགས་སུ་ལྷོ་ཕྱོགས་ཡུལ་དུ་འཁྲུངས། །
མུ་སྟེགས་འཁོར་བཅས་བརྒྱུད་མར་ཚར་བཅད་དེ། །
བསྟན་པའི་ལྕགས་རི་ཚད་མ་སྡེ་བདུན་མཛད། །
རིགས་པའི་དབང་ཕྱུག་ཆོས་གྲགས་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་དྷརྨ་ཀིརྟི་ (धर्मकीर्ति,) (Dharmakiti) དང་། རྒྱའི་སྐད་དུ་ (法稱) བོད་སྐད་ལ་དཔལ་ལྡན་ཆོས་གྲགས་ཞེས་ཞུ་ཞིང་།
ཕྱི་ལོ་ ༦༠༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་བས་ཆོས་གྲགས་ཞེས་སུ་གྲགས། ཕྱི་ནང་གི་གྲུབ་མཐའ་དང་སྡེ་སྣོད་གསུམ་ལ་མཁས་ཞིང་། སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་གསན་པས་སློབ་དཔོན་ལས་ལྷག་པ་བྱུང་བར་མ་ཟད། ཡང་སྒོས་ཚད་མའི་གཞུང་ལ་ཤིན་ཏུ་མཁས་པས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཡ་གྱལ་དུ་གྱུར། རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ཚད་མ་སྡེ་བདུན་སོགས་ཆོས་ཚན་ ༡༥ མཛད། གདན་ས་དཔལ་ནཱ་ལེནྡྲར་མཛད་ཅིང་། རྡོ་རྗེ་སློབ་དཔོན་དཱ་རི་ཀ་པ་སོགས་ལས་དབང་གསན་ནས་བསྒྲུབས་པས་དཔལ་ཧེ་རུ་ཀས་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་གྲུབ་བརྙེས། མུ་སྟེགས་པ་སྟོན་པ་གཞོན་ནུ་རོལ་པ་དང་སཾ་ག་ཨཱ་ཙརྱ་སོགས་སྐྱེ་བ་བརྒྱུད་མར་རིགས་པས་ཚར་བཅད་ཅིང་། ནང་པར་བཅུག་པའི་དགེ་སློང་དང་དགེ་བསྙེན་སོགས་འབུམ་ལ་ཉེ་བ་ཡོད། ལྷ་དབང་བློ་སོགས་ཆོས་ཀྱིས་འབྲེལ་བའི་སློབ་མས་ས་སྟེང་ཐམས་ཅད་ཁྱབ། རྒྱན་དྲུག་ལས་ཚད་མའི་རྒྱན་དང་། པཎ་གྲུབ་བཅུ་བདུན་ལས་བཅུ་གཉིས་པ་ཡིན་ཅིང་། མཐར་ཀ་ལིངྐའི་གཙུག་ལག་ཁང་བཞེངས་ཏེ་སྐྱེ་བོའི་ཚོགས་ལ་མཐའ་མའི་ཆོས་མང་དུ་གསུངས་ཏེ། ཕྱི་ལོ་ ༦༦༠ ལོ་ཙམ་ལ་མྱ་ངན་ལས་འདས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༩ ནས་ ༤༨༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།