བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན།

༄༅། །སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་གྱི་སྤྱི་དོན།[1]

 

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྙིང་རྗེའི་མྱུ་གུ་ལས་བྱུང་བའི། །རང་སེམས་རྡོ་རྗེ་ཅན་གྱི་དངོས། །ནང་གི་མུན་སྟུག་སེལ་མཛད་པ། །གང་ཡིན་དེ་ལ་ཕྱག་འཚལ་ལོ། །སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་འདི་ལ་དོན་གསུམ་སྟེ།

མཚན་གྱི་དོན་དང་། གཞུང་གི་དོན། གཞུང་བཤད་པའི་དགེ་བ་བསྔོ་བའོ། །གཉིས་པ་ལ་གཉིས་སྟོང་གི་རྡོ་རྗེའི་ཚིག་འགོད་པ་དངོས། དེའི་བཤད་པའོ། །དེའི་གཉིས་པ་ལ་གསུམ་སྟེ། སྔོན་འགྲོ་ཀུན་སློང་བྱམས་སེམས་བསྐྱེད་པ། དངོས་གཞི་དོན་དམ་བྱང་སེམས་བསྒོམ་པའི་རིམ་པའོ། །མཇུག་སྙིང་རྗེས་གཞན་དོན་གྱི་སྤྱོད་པ་རྒྱས་པར་བཤད་པའོ། །

གཉིས་པ་ལ་གསུམ་སྟེ། མཚམས་སྦྱར་བ་དང་། མཆོད་པར་བརྗོད་པ་བཤད་པར་དམ་བཅའ་བ། བསྒོམ་རིམ་དང་པོ་བཤད་པའོ། །གསུམ་པ་ལ་གཉིས་ཏེ། ཕན་ཡོན་གྱི་སྒོ་ནས་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །གཉིས་ལ་གཉིས་ཏེ། གཞན་གྱི་འདོད་པ་དགག་པ་དང་། མི་གནས་པའི་དབུ་མ་བཤད་པའོ། །དང་པོ་ལ་གསུམ། མུ་སྟེགས་པ་རྣམས་ཀྱིས་བདག་དགག་པ། ཉན་ཐོས་ཀྱི་ཕྱི་དོན་དགག་པ། རྣམ་རིག་པའི་གཉིས་མེད་ཀྱི་ཤེས་པ་རང་རིག་བདེན་པར་གྲུབ་པ་དགག་པའོ། །མི་གནས་པའི་དབུ་མ་བཤད་པ་ལ་བཞི་སྟེ། མཐའ་བྲལ་གྱི་སྟོང་ཉིད་ནམ་མཁའ་མཚུངས་པར་བསྟན་པ་དང་། ཀུན་རྫོབ་ཀྱི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་བྱ་བྱེད་རུང་བའི་ཚུལ། དེས་ན་སྟོང་རྟེན་འབྱུང་གནད་གཅིག་ཏུ་བསྟན་པ། བདེན་པ་གཉིས་ཀྱིས་རྒྱུ་ཤེས་མ་ཤེས་ལས། ཐར་པ་ཐོབ་མི་ཐོབ་བསྟན་པའོ། །གསུམ་པ་མཇུག་སྙིང་རྗེས་གཞན་དོན་གྱི་སྤྱོད་པ་བཤད་པའོ། །སྟོང་ཉིད་བསྒོམས་པས་སྙིང་རྗེ་སྐྱེ་བར་བསྟན་པ། གཞན་དོན་གྱི་སྤྱོད་པ་དངོས་བཤད་པ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། སྙིང་རྗེ་བསྒོམ་པའི་འཐད་པ་བསྒོམ་པའི་ཕན་ཡོན། མ་བསྒོམ་པའི་ཉེས་དམིགས། སྙིང་རྗེ་བསྟན་ནས་གཞན་དོན་གྱི་སྤྱོད་པ་སྟོན་པའི་ཚུལ། །ཐེག་པ་སྣ་ཚོགས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆར་བསྡུ་བ། རྟག་ཆད་ཀྱི་རྩོད་པ་དང་བྲལ་བ། རྒྱལ་སྲས་སངས་རྒྱས་ཀྱི་གདུང་འཚོབ་ཏུ་བསྟན་པའོ། །

གསུམ་པ་ཕན་ཡོན་ལ་ལྔ་སྟེ། རྒྱུ་ཐབས་ཀྱིས་ཆེ་བ། བགྲང་བྱའི་གྲངས་ཀྱིས་ཆེ་བ། རྐྱེན་གང་གི་མི་འཕྲོག་པའི་ཆེ་བ། ཀུན་བཟང་གི་སྤྱོད་པ། རང་དབང་དུ་ཐོབ་པའི་ཆེ་བ་བསྟན་པའོ། །བློ་མཆོག་རྣམས་ཀྱི་ལམ་བཟང་ཆུ་གཏེར་ཆེ། །ཕ་རོལ་གཏིང་མཐའ་རྒྱ་ཆེས་འཇིགས་སྐྲག་ནས། །ཟབ་མོ་སྒྲོལ་བའི་གྲུབ་ཆེན་ཀླུ་སྒྲུབ་ཀྱིས། །གཞུང་ལུགས་ཡངས་པའི་འགྲམ་ན་ལམ་གཞན་མེད། །འཇམ་དབྱངས་གཞོན་ནུའི་མཁྱེན་རབ་ནི། །འཇམ་དབྱངས་རྣམ་འཕྲུལ་ས་སྐྱ་པའི། །རྗེ་བཙུན་མཆོག་གི་གསུང་རྣམས་ཡིན། །དེ་དང་རྒྱལ་སྲས་ཀླུ་སྒྲུབ་ཀྱིས། །བཞེད་དོན་ལྷན་ཅིག་དབྱེ་བ་མེད། །དེ་ཕྱིར་བསྒོམ་དོན་འདི་ཁོ་ནས། །འཁོར་འདས་དབྱེར་མེད་གཉིས་མིན་པའི། །ཆ་ཤས་བྲལ་བ་ཐོབ་པར་འགྱུར། །སྲིད་པའི་ཆུ་བོ་རྙོག་ཅན་ལྡེང་ཀའི་མཚོར། །ལས་དབང་སྒྱུ་མའི་ཆ་ཤས་གཟུགས་འཛིན་ཅིང་། །སྨྲ་ངན་མཚན་མོའི་ཁྲོད་ནས་ཡང་དག་པའི། །འོད་དཀར་འདི་ནི་ལེགས་འབྱུང་ཟླ་བས་སྤེལ། །མངྒ་ལཾ། གཅིག་ཞུས།།  །།

 

༼ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་གི་གཞུང་དངོས་ཀྱི་

མ་ཡིག་མ་རྙེད་པས་དེའི་སྤྱི་དོན་འདི་ཉིད་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ལགས་སོ།།༽

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་འབུམ། པོད། ༼༤༽ བྲིས་མ། ཤོག་གྲངས་ ༡༠༣༨ ནས་ ༡༠༤༡ བར།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༥ ནས་ ༡༢༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *