༡༠༽ ཆོས་འཁོར་བསྐོར་བའི་མཛད་པ།
དེ་ཡང་འཕགས་མཆོག་ཀླུ་སྒྲུབ་ཞབས་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།
ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །
ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་ཝཱ་རཱ་ཎ་སཱི་དང་། བྱ་རྒོད་ཕུང་པོའི་རི། ཡངས་པ་ཅན་ལ་སོགས་པའི་གནས་མཆོག་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[2]།
དེ་ནས་བགྲང་ཡས་གདུལ་བྱའི་ཚོགས་རྣམས་ལ། །ཆོ་འཕྲུལ་གསུམ་གྱི་རོལ་པ་སྣ་ཚོགས་པས། །
ཆོས་ཀྱི་འཁོར་ལོ་གྲངས་མེད་ལེགས་བསྐོར་ཏེ། །སྨིན་ཅིང་གྲོལ་བར་མཛད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། གསུང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་བཅས་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་གྱི་རོལ་པ་སྣ་ཚོགས་ཀྱི་ལམ་ནས་ཆོས་འཁོར་གྲངས་མེད་བསྐོར་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་བཟང་པོར་འགོད་པར་མཛད་ཅིང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[3]།
བདུན་ཕྲག་བདུན་མཐར་བཀྲ་ཤིས་ཚིགས་བཅད་གསུངས། །ཚངས་དབང་གིས་བསྐུལ་ཝཱ་རཱ་ཎ་སཱི་རུ། །
ཆུ་སྟོད་ཟླ་བའི་ཚེས་བཞིར་[4]བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །
ཞེས་དང་། གཞན་ཡང་༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་དུས་ཆེན་ངོས་འཛིན་ལས[5]།
ཆུ་སྟོད་ཅེས་གྲགས་ཧོར་ཟླ་དྲུག་པ་ཡི། །
དཀར་པོའི་ཕྱོགས་ཀྱི་ཚེས་པ་བཞི་ལ་ནི། །
ཆོས་འཁོར་སྐོར་བའི་དུས་ཆེན་ཡིན་པར་གསུངས། །
ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་སངས་རྒྱས་ནས་བདུན་ཕྲག་བདུན་རིང་ཐུགས་ལས་ཆུང་ངུའི་ཚུལ་མཛད་དེ་བཞུགས་པ་ན། ཚངས་པ་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང༌། དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས། ཝཱ་རཱ་ཎ་སཱིར་བསོད་སྙོམས་མཛད་ཅིང་། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་རྣམས་ཚུར་ཤོག་གིས་བསྙེན་པར་རྫོགས། ཆུ་སྟོད་ཟླ་བའི་ཡར་ཚེས་བཞི་ཉིན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བས་ལྔ་སྡེ་དགྲ་བཅོམ་ཐོབ་སྟེ། འཇིག་རྟེན་དུ་དཀོན་མཆོག་གསུམ་ག་ལེགས་པར་བྱུང་བ་དང༌། དེ་ནས་བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང༌། ཡངས་པ་ཅན་དུ་བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་ཆོས་འཁོར་རིམ་པ་གསུམ་བསྐོར་ནས་སྐུ་ཚེ་མྱ་ངན་ལས་འདས་པའི་བར་དུ་དམ་པའི་ཆོས་རྒྱུན་མི་ཆད་པར་གསུངས།

དེ་ཡང་ཀློང་ཆེན་རབ་འབྱམས་པས་ (1308-1364) མཛད་པའི་རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་ལས[6]། འཁོར་ལོ་གསུམ་ནི་བཅོམ་ལྡན་འདས་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་སོ། །བདུན་ཕྲག་དང་པོ་ལ་སྐྱིལ་མོ་ཀྲུང་མ་བཤིག །གཉིས་པ་ལ་སྙིང་པོ་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གསུམ་པ་ལ་འཛམ་གླིང་ཉེ་བར་བཅགས། བཞི་པ་ལ་སྟོང་གསུམ་རིང་དུ་བཅགས། ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཏེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །
སུ་ལ་བསྟན་ཡང་གོ་བར་མི་འདུག་པས། །མི་སྨྲ་གཅིག་པུར་ནགས་ཀྱི་ནང་དུ་གནས། །
ཞེས་གསུངས་ཤིང་བཞུགས་པ་ལ། ༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ལས[7]། བྱང་ཆུབ་བརྙེས་ནས་བདུན་ཕྲག་བདུན་པ་ལ། །ཐུབ་དབང་སྒྲོལ་རྒྱུའི་ཤིང་དྲུང་བཞུགས་པའི་ཚེ། །ཚོང་དཔོན་ག་གོན་བཟང་པོ་འཁོར་བཅས་ཀྱིས། །མཚན་དཔེས་བརྒྱན་པ་དེ་མཐོང་ངོ་མཚར་གྱུར། །ཅི་འདི་ཚངས་པའམ་འོན་ཏེ་བརྒྱ་བྱིན་ནམ། །རྣམ་ཐོས་བུའམ་ཉི་མའམ་ཟླ་བའམ་ཅི། །ངུར་སྨྲིག་རྒྱལ་མཚན་ཐོགས་པས་རབ་བྱུང་དུ། །ངེས་ནས་གུས་པས་ཕྱག་འཚལ་ཞལ་ཟས་དྲངས། །རྒྱལ་ཆེན་བཞི་ཡིས་རྡོ་བའི་ལྷུང་བཟེད་བཞི། །ཕུལ་བ་དེ་དག་གཅིག་ཏུ་བྱིན་གྱིས་བརླབས། །ཚོང་པ་དེ་ལ་ཕན་ཕྱིར་ཞལ་ཟས་གསོལ། །དོན་ཀུན་གྲུབ་པའི་བཀྲ་ཤིས་རྒྱས་པར་གསུངས། །ཞེས་གསུངས་པ་ལྟར། ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩི་ཕུལ་བས་གསོལ་བའི་སྣོད་མ་རྙེད་ནས། རྒྱལ་པོ་བཞིས་རྡོའི་ལྷུང་བཟེད་བཞི་དུས་གཅིག་ལ་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ཏེ་གསོལ་ནས་ཤིས་པ་བརྗོད་པ་ཙམ་གསུངས།

(ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་བུལ་གྱི་འགྲེམས་སྟོན་ཁང་དུ་བཞུགས་པའི་སྟོན་པའི་གསོལ་ལྷུང་།)
བདུན་པ་ལ་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པས། དེ་ནས་ཝཱ་རཱ་ཎ་སཱིར་ཕྱིན་ནས་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་ལ་ཕྱོགས་བཅུ་ནས་ལྷགས་པའི་སེམས་དཔའ་དང་། འཁོར་རྣམ་པ་བཞི་དང་། ལྷ་དང་ཀླུ་ལ་སོགས་པ་ལ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ལྷའི་གནས་དང་། ཀླུའི་གནས་དང་། གྲོང་ཁྱེར་ཀུ་མུད་གསལ་བྱིན་ལ་སོགས་པར་ངེས་པ་དོན་གྱི་འཁོར་ལོ་འཁོར་ངེས་མེད་སྣ་ཚོགས་ལ་གསུངས་ཏེ། དེ་དག་ཀྱང་། དབང་པོ་ཆུང་ངུ་། འབྲིང་། ཆེན་པོའམ། དང་པོ་འཇུག་པའི་གཞི། བར་དུ་ཞུགས་པའི་ལམ། ཐ་མར་དོན་གྱི་སྙིང་པོ་གསུམ་ལ་དགོངས་ནས། སྡེ་སྣོད་གསུམ་རྗོད་བྱེད་དང་། བསླབ་པ་གསུམ་བརྗོད་བྱའི་ཚུལ་དུ་རིམ་པས་གསུངས་སོ།།
སློབ་དཔོན་ཁ་ཅིག་འཁོར་ལོ་གསུམ་པོ་དུས་གཅིག་ལ་བསྐོར་ཏེ། གང་ཟག་སོ་སོའི་སྣང་བ་ལ་དེ་ལྟར་བྱུང་ངོ་ཟེར་བའང་ཡོད་མོད་ཀྱི། མདོ་སྡེ་རྣམས་ནས་ལོ་སོ་སོར་བཤད་པས་མི་འགྲིག་པར་སྣང་ངོ་། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱིས་གཙོས་ཐེག་པ་ཆེ་ཆུང་གི་མདོ་རྒྱུད་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་ནས་ལྷ་དང་མི་ལ་སོགས་པའི་གདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ།།
ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་གནས་ཀྱི་ཁྱད་འཕགས་སྐོར་མདོ་རྒྱ་ཆེར་རོལ་པ་ལས[8]། ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་བར་མཛད། གྲོང་ཁྱེར་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུའོ། །གསོལ་པ། གྲོང་ཁྱེར་ཝཱ་རཱ་ཎ་སཱི་ནི་སྐྱེ་བོའི་ཚོགས་དང་ཞུགས་ཤིང་གི་གྲིབ་མ་ཆུང་བ་ལགས། བཞིན་བཟང་དག་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན།
དེར་ནི་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཕྲག་ཁྲིག་དྲུག་ཅུ་བྱས། །
དེར་ནི་སངས་རྒྱས་སྟོང་ཕྲག་བྱེ་བ་ཕྲག་ཁྲིག་དྲུག་ཅུ་དེ་དག་མཆོད། །
ཝཱ་རཱ་ཎ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། །
ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ལ་མངོན་པར་གཞོལ། །
ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །
དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །
ཞི་ཞིང་ཉེར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་རི་དྭགས་རྣམས་ཀྱིས་བསྟེན། །
དེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །
ཞེས་གསུངས་པ་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥
[2] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་ ༣༧ན༡
[3] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧
[4] གནས་བརྟན་སྡེ་པ་ལྟར་ན། དྲུག་པའི་ཚེས་བཅོ་ལྔར་ཆོས་འཁོར་བསྐོར་བར་འདོད་ལ། གཞན་ཡང་མངོན་པར་འབྱུང་བའི་མདོ་དང་། མདོ་རྒྱ་ཆེར་རོལ་པ་བཅས་ཚད་ཐུབ་ཀྱི་མདོ་གཉིས་སུ་དྲུག་པའི་ཚེས་བཞིར་མིན་པར་གསལ་བར་དཔྱད་དགོས་པར་སྣང་ངོ་།།
[5] ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༦ ནས་ ༤༨ བར།
[6] རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ། ༼༡༽ ཞང་ཀང་ཐཱེན་མ་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༣༢༤
[7] ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡ ནས་ ༡༡ བར།
[8] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་ ༤༦ པ། ༢༠༠༨ ལོ། ཤོག་གྲངས་ ༤༦༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨ ནས་ ༤༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།