ཨོ༽ ཇོ་བོ་རྗེའི་བསྒྱུར་གཞུང་ཁག་གི་དཀར་ཆག
དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[1]། མདོ་དང་རྒྱུད་ཀྱི་གསུང་རབ་པུསྟི་ཀ །སྔོན་ཆད་བྷོ་ཊའི་སྐད་དུ་མ་བསྒྱུར་བ། །ཤིང་རྟས་འདེགས་བཟོད་མཉམ་མེད་བཀའ་དྲིན་གྱིས། །གངས་ལྗོངས་མཁས་པའི་སྤྱན་གྱི་གཟིགས་མོར་སིམ། །སྐད་གཉིས་སྨྲ་བའི་བརྩོན་སེང་རིན་ཆེན་བཟང་། །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་རྣམ་གསུམ་གྱིས། །ལེགས་སྦྱར་ལྷ་ཡི་བརྡ་སྐད་གངྒཱའི་ཀླུང་། །བསིལ་ལྗོངས་སྐྱེ་བོའི་སྐད་ཀྱི་ཡུར་བར་ཕབ། །
ཅེས་གསུངས་པ་ལྟར་ཇོ་བོ་རྗེས་བསྒྱུར་བའི་སྒྱུར་གཞུང་ཁག་ནི།
ཀ༽ བཀའ་འགྱུར་ལས། ༡༽ བརྒྱད་སྟོང་པ། བམ་པོ་ཉེར་བཞི། ལེའུ་སོ་གཉིས། རྒྱ་གར་གྱི་མཁས་པ་ཤཱཀྱ་སེ་ན་དང་ཛྷཱ་ན་སི་དྷི་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་སོགས་ཀྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་དབང་ཕྱུག་དམ་པའི་མངའ་བདག་བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་ལྡེ་བཙན་གྱི་བཀས་རྒྱ་གར་གྱི་མཁན་པོ་སུ་བྷ་ཥ་ཏ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། སླད་ན་རྒྱ་གར་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་འགྲེལ་པ་ལ་གཏུགས་ནས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ། ཡང་སླད་ན་སྐྱིད་སྨད་སྙེ་ཐང་ན་མོ་ཆེར་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བརྒྱད་སྟོང་པ་བཤད་པའི་དུས་སུ་ཆེ་ལོང་ཞིག་གཏན་ལ་ཕབ། ཕྱིས་རྭ་སྒྲེང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་གར་གྱི་མདོ་གསུམ་ལ་གཏུགས་ནས་ལན་གཉིས་གཏན་ལ་ཕབ། ཕྱིས་ཡང་ལོ་ཙཱ་བ་དེ་ཉིད་ཀྱིས་བཤད་པ་མཛད་ཅིང་ཕྲན་ཚེགས་ཀྱང་གཏན་ལ་ཕབ། སླད་ན་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་དཔེ་དུ་མ་བསགས་ནས་གཏན་ལ་ཕབ། དེ་རྗེས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་ཞྭ་ལུ་ལོ་ཙཱ་བ་དཔལ་རིན་ཆེན་ཆོས་སྐྱོང་དཔལ་བཟང་པོས་རྒྱ་བོད་ཀྱི་དཔེ་དུ་མ་དང་བསྟུན་ནས་ཤིན་ཏུ་རྣམ་པར་དག་པར་མཛད་པའི་མ་ཕྱི་ལས་སླར་ཡང་ཞུས་ཏེ་གཏན་ལ་ཕབ་པ་ཤོག་གྲངས་བཞི་བརྒྱ་དང་ལྔ་བཅུ།
༢༽ བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་ཆོས་བཞི་བསྒྲུབས་པའི་མདོ་བམ་པོ་གཅིག་དང་ཤོ་ལོ་ཀ་བརྒྱ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ། ༣༽ གཎྜིའི་དུས་ཀྱི་མདོ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། ༤༽ བཤད་རྒྱུད་མངོན་བརྗོད་བླ་མ་ལེའུ་རེ་དགུ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ། ༥༽ གཤིན་རྗེ་གཤེད་ནག་པོའི་རྒྱུད་ལེའུ་བཅོ་བརྒྱད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ༦༽ ལག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་ས་འོག་གི་རྒྱུད། ལེའུ་བདུན་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་བྱའི་གདོང་པ་ཅན་གྱིས་བསྒྱུར་བ། ༧༽ ལག་ན་རྡོ་རྗེ་གོས་སྔོན་ཅན་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལེའུ་ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། ༨༽ དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ཤྲཱི་ལེནྡྲར་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སླད་ན་རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཛྙཱ་ན་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་མཐོ་ལྡིང་གསེར་ཁང་དུ་སྐད་གསར་བཅད་ཀྱིས་བཅོས། ༩༽ འོད་ཟེར་དྲི་མེད་ཀྱི་གཟུངས། རྒྱ་གར་གྱི་མཁན་པོ་བིན་ཀ་ར་སིབ་ཧ་དང་བནྡེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་བ། ཨ་ཏི་ཤ་དང་འབྲོམ་སྟོན་པས་སྔགས་རྣམས་དག་པར་བཅོས། ༡༠༽ ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་བ་ལེའུ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བསྒྱུར་བ། ༡༡༽ སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པའི་མདོ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་སོགས་སོ།།
ཁ༽ བསྟན་འགྱུར་ལས། ༡༽ བསྟོད་ཚོགས་ཀ་པ་ལ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། ༢༽ རྒྱུད་ཉ་པ་ལ། དེ་ཁོ་ན་ཉིད་བཅུ་པ། སློབ་དཔོན་ཌོམྦི་བས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞབས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། ༣༽ རྒྱུད་ཞ་པ་ལ། དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ། རྗེ་དཱི་པཾ་ཀ་རའི་ཞལ་སྔ་ནས་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༤༽ རྒྱུད་ཞ་པ་ལ། ལཱུ་ཨི་པས་མཛད་པའི་མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ། མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༽ རྒྱུད་ཟ་པ་ལ། རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ། ཨཽ་ཌྱཱན་དུ་གྲུབ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་འགྱུར། ༦༽ རྒྱུད་ཟ་པ་ལ། དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ། སློབ་དཔོན་བྷུ་རི་པས་མཛད་པ། ཇོ་བོ་རྗེ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༧༽ རྒྱུད་ཤ་པ་ལ། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྱ་གུཔྟས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་བསྒྱུར་བ། ༨༽ རྒྱུད་ཤ་པ་ལ། འཆི་བ་བསླུ་བའི་མན་ངག་ཅེས་བྱ་བ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ཤློ་ཀ་སུམ་བརྒྱ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༩༽ རྒྱུད་པི་པ་ལ། དབང་གི་རབ་ཏུ་བྱེད་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་རྡོ་རྗེས་མཛད་པ། གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ། བམ་པོ་གཅིག་པ། ཐོ་ལང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། ༡༠༽ རྒྱུད་མི་པ་ལ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས། བཞི་བརྒྱ་ལྔ་བཅུ་པ་ལས་བཏུས་པ་དགེ་སློང་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏ་ཞེས་བྱ་བས་བསྡུས་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར།
༡༡༽ རྒྱུད་མི་པ་ལ། གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས། སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༡༢༽ རྒྱུད་ཟི་པ་ལ། སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསུངས་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༡༣༽ རྒྱུད་ཟི་པ་ལ། འཇམ་དཔལ་གྲགས་པས་མཛད་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་ལམ་གྱི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། མྱང་རོ་སྟག་ཚལ་དུ་དཱི་པཾ་ཀ་ར་བོད་དུ་བྱོན་ཙམ་ན་བསྒྱུར་བ། པུ་རི་ཤའི་གྲོང་ཁྱེར་དུ་ཨཱ་ཙཱརྱ་ཨུ་པ་དྷ་ཤྲཱི་བཛྲ་ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་བརྩོན་འགྲུས་སེང་གེས་ལེགས་པར་མནོས་ཏེ་གུས་པར་བསྒྱུར། ཡང་བལ་པོའི་ཁྱིམ་དུ་རིན་ཆེན་གྲགས་པས་ཀྱང་འགྲེལ་དཔེ་རྙིང་པ་ལ་གཏུགས་ཏེ་ཤིན་ཏུ་དག་པར་བགྱིས་པ། ༡༤༽ རྒྱུད་ཇུ་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ། དཔལ་ཀམྤ་ལས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། ༡༥༽ རྒྱུད་ཐུ་པ་ལ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་ཤྲཱི་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་པའོ། ། ༡༦༽ རྒྱུད་ནུ་པ་ལ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པའི་འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག །༡༧༽ ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ་དང་། ༡༨༽ འཕགས་པ་འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། ༡༩༽ འཕགས་པ་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ། པཎྜི་ཏ་ཐིག་ལེ་བུམ་པས་མཛད་པ། ༢༠༽ གུར་གུམ་གཞོན་ནུ་ལྟ་བུའི་བསྟོད་པ། སློབ་དཔོན་སེང་གེ་མི་གཡོ་བས་མཛད་པ་རྣམས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར།
༢༡༽ རྒྱུད་ནུ་པ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ས་དྲུག་པའི་བྱང་སེམས་ཡིན་ཡང་ས་དང་པོའི་བྱང་སེམས་སུ་བྱིན་གྱིས་བརླབས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༢༢༽ རྒྱུད་ནུ་པ་ལ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། དགེ་སློང་མ་དཔལ་མོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༢༣༽ རྒྱུད་ནུ་པ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྤ་ཎིའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༢༤༽ རྒྱུད་ནུ་པ་ལ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་པཱུ་ཛ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༢༥༽ རྒྱུད་ནུ་པ་ལ། གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག །སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། ༢༦༽ རྒྱུད་ནུ་པ་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ།
༢༧༽ རྒྱུད་པུ་པ་ལ། སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོ་སྒྲུབ་པའི་ཐབས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༢༨༽ རྒྱུད་ནུ་པ་ལ། ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་འགྲེལ་པ་ལས་གཟུངས་སྒྲུབ་ཐབས་སུ་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། ༢༩༽ རྒྱུད་ནུ་པ་ལ། འཁོར་ལོའི་མན་ངག་ཅེས་བྱ་བ། སློབ་དཔོན་ཆེན་པོ་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། ༣༠༽ རྒྱུད་ནུ་པ་ལ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་སྡེ་དཔོན་བཞིའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ། གུ་རུ་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། ༣༡༽ རྒྱུད་པུ་པ་ལ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ཞེས་བྱ་བ། བླ་མ་གསེར་གླིང་པས་མཛད་པ། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རང་འགྱུར་དུ་མཛད་ནས་དགེ་སློང་དབང་ཕྱུག་རྒྱལ་མཚན་ལ་གནང་བ། ༣༢༽ རྒྱུད་མུ་པ་ལ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༣༣༽ རྒྱུད་མུ་པ་ལ། འཕགས་པ་བྱམས་པའི་སྒྲུབ་ཐབས། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། ཇོ་བོ་ཆེན་པོ་དང་དགེ་བཤེས་སྟོན་པའི་འགྱུར་ལ། དུས་ཕྱིས་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་དང༌། གནུབས་ལོ་ཙཱ་བས་དག་པར་བཅོས་པ། ༣༤༽ རྒྱུད་མུ་པ་ལ། སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བློ་གྲོས་གྲགས་པས་བཅོས་པ། ༣༥༽ རྒྱུད་མུ་པ་ལ། འཇིགས་པ་བརྒྱད་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་རྣམས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་བྱང་ཆུབ་སེམས་དཔའ་དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པས་བཅོས་པ། ༣༦༽ རྒྱུད་ཙུ་པ་ལ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཞི་བ་འཚོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སླད་ཀྱིས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་འབྲོ་ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་ཕབ་པ།
༣༧༽ རྒྱུད་ཚུ་པ་ལ། ཚོགས་ཀྱི་བདག་པོ་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་དངོས་གྲུབ་བརྙེས་པའི་པཎྜི་ཏ་ཨ་མོ་གྷ་བཛྲས་མཛད་པ། སླད་ཀྱིས་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༣༨༽ རྒྱུད་ཚུ་པ་ལ། ཚོགས་ཀྱི་བདག་པོ་སྤྲིན་གྱི་སྒྲོན་མའི་སྒྲུབ་ཐབས། སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༣༩༽ རྒྱུད་ཚུ་པ་ལ། དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་འཇུར་གེགས་སེལ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཡམ་བུ་ཀརྟ་རིར་ལེགས་པར་བསྒྱུར། ༤༠༽ རྒྱུད་ཚུ་པ་ལ། རྒྱལ་པོ་ཆེན་པོ་བཞིའི་གཏོར་མ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌ལོ་ཙཱ་བ་དགེ་བཤེས་སྟོན་པའི་འགྱུར། ༤༡༽ ཤེར་ཕྱིན་ཆ་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ། མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ། ཤློ་ཀ་སྟོང་ཕྲག་བརྒྱད་པ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ནས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ནས་བཅོས་པ་ལ། དུས་ཕྱིས་པཎྜི་ཏ་ཆེན་པོ་གཞུང་འབུམ་ཕྲག་གཉིས་ཀྱིས་མགྲིན་པ་བརྒྱན་པ་དྷི་ར་པཱ་ལ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། ༤༢༽ ཤེར་ཕྱིན་ཇ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་བཤད། སློབ་དཔོན་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༤༣༽ ཤེར་ཕྱིན་མ་པ་ལ། ཤེས་རབ་ཀྱི་སྙིང་པོའི་རྣམ་པར་བཤད་པ། དགེ་སློང་ལེགས་པའི་ཤེས་རབ་ཀྱིས་སློབ་དཔོན་མར་མེ་མཛད་དཔལ་ཡེ་ཤེས་ལ་གསོལ་བ་བཏབ་ནས་ལེགས་པར་བཤད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༤༤༽ དབུ་མ་ཚ་པ་ལ། དབུ་མ་འཁྲུལ་བ་འཇོམས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༤༥༽ དབུ་མ་ཚ་པ་ལ། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀའ་དྲིན་ཞུས་པ་ལས། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་བ། ༤༦༽ དབུ་མ་ཛ་པ་ལ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་གཞིར། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར།
༤༧༽ དབུ་མ་ཡ་པ་ལ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལེགས་པར་བསྒྱུར་བ། ༤༨༽ དབུ་མ་ཤ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ། གསེར་གླིང་གི་བླ་མ་ཆོས་སྐྱོང་ལ་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་དང༌། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༤༩༽ དབུ་མ་ཤ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ། གསེར་གླིང་གི་བླ་མ་ཆོས་སྐྱོང་ལ་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༠༽ དབུ་མ་ཁི་པ་ལ། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། བླ་མ་གསེར་གླིང་པས་མཛད་པ། དཔལ་མར་མེ་མཛད་ཡེ་ཤེས་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༡༽ དབུ་མ་གི་པ་ལ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༥༢༽ དབུ་མ་གི་པ་ལ། ལྟུང་བ་བཤགས་པའི་ཆོ་ག །ཐམས་ཅད་ཡོད་པར་སྨྲ་བའི་པཎྜི་ཏ་དེ་ཝ་ཤཱནྟིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༣༽ མདོ་སྡེ་ཇི་པ་ལ། ཕུང་པོ་གསུམ་པའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཀྲི་ཥཎ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༤༽ སེམས་ཙམ་འི་པ་ལ། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་ཆད། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་ལས་ཇི་སྙེད་འགྱུར་བ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༥༽ སེམས་ཙམ་རི་པ་ལ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་བསྟན་བཅོས་ཕུལ་དུ་བྱུང་བ་དུ་མ་མཛད་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཡུལ་བྲག་དམར་ལྷ་སྡིངས། རི་ཧས་པོ་རིའི་རྩ། ཆུ་བོ་ལོ་ཧི་ཏའི་འགྲམ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་དབྱིག་འདུལ་པེ་དཀར་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤློ་ཀ་ནི་ཉིས་སྟོང་ཆིག་བརྒྱ་བརྒྱད་ཅུ། བམ་པོ་ནི་བརྒྱད་དུ་བྱས་སོ། ། ༥༦༽ འདུལ་བ་ཤུ་པ་ལ། གླེང་གཞི་དང་གང་ཟག་བསྡུས་པའི་ཚིག་ལེའུར་བྱས་པ། བྱང་ཕྱོགས་ཀྱི་ཁ་ཆེའི་ཡུལ་ནས་བྱུང་བའི་པཎྜི་ཏ་འདུལ་བ་འཛིན་པ་དགེ་སློང་བ་ལ་ཤྲཱི་བྷ་དྲས་མཛད་པ། ཐོ་ལིང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གི་འགྱུར། དཔེ་ཁ་ཅིག་ན་བི་མ་ལ་ཤྲཱིས་མཛད་ཟེར།
༥༧༽ འདུལ་བ་ཤུ་པ་ལ། དགེ་སློང་གི་དང་པོའི་ལོ་དྲི་བ། དཔལ་ར་སའི་གཙུག་ལག་ཁང་གི་འོད་མཆོག །དངོས་གྲུབ་ཀྱི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༨༽ འདུལ་བ་ཤུ་པ་ལ། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ། སློབ་དཔོན་བྷ་བྱས་མཛད་པ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའི་པཎྜི་ཏའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༥༩༽ སྐྱེས་རབས་གེ་པ་ལ། གཏམ་དུ་བྱ་བ་དང་འཕྲིན་ཡིག་སྣ་ཚོགས་ཀྱི་སྐོར་ལ། དབེན་པའི་གཏམ། སློབ་དཔོན་ཆེན་པོ་ས་འཚོ་བྱིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་བ། ༦༠༽ སྤྲིང་ཡིག་ངེ་པ་ལ། ལེགས་པའི་ལམ་བསྟན་པའི་གཏམ། སློབ་དཔོན་དཔའ་བོས་མཛད་པ། བམ་པོ་ཕྱེད་དང་གསུམ་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༦༡༽ ཚད་མ་ཆེ་པ་ལ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིས་མཛད་པ། དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ་པ། ༦༢༽ སྣ་ཚོགས་པོ་པ་ལ། གཏོར་མའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་བློ་བཟང་སེང་གེའི་ཞལ་སྔ་ནས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་དགེ་སློང་དྷརྨཱ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་དྷརྨཱ་པཱ་ལ་བྷ་དྲས་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར་བ། ༦༣༽ གཞན་ཡང་རྒྱུད་ཇུ་པ་ལ། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་བྱུང་བའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣལ་འབྱོར་གྱི་རྒྱུད་དང་བསྡེབས་ཏེ་སློབ་དཔོན་ཞི་བ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ༦༤༽ དབུ་མ་ཛ་པ་ལ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ། བམ་པོ་ཉི་ཤུ་རྩ་བདུན་པ་དང༌། ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༦༥༽ དབུ་མ་ཛ་པ་ལ། དབུ་མའི་དོན་བསྡུས་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ། ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༦༦༽ དབུ་མ་གི་པ་ལ། སྐྱབས་འགྲོ་ཡན་ལག་དྲུག་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་བཅས་སོ།།
དེ་ལྟར་རྒྱལ་བའི་བཀའ་འགྱུར་ནང་སྒྱུར་གཞུང་ཆོས་ཚན་ ༡༡ དང་། སྡེ་བསྟན་དཀར་ཆག་ལྟར་ན། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་འགྱུར་གཞུང་ཁག་ ༦༦ བཞུགས་པར་མ་ཟད། ཇོ་བོ་རང་ཉིད་ཀྱི་རང་འགྱུར་[2]དང་། སྒྱུར་ཞུས་གཏན་འབེབས་མཛད་པ་པོའི་གྲས་སུ་མཚན་གསལ་བའི་རང་གཞུང་ཁག་ ༦༦ བཅས་བསྡོམས་ན་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་རས་བསྒྱུར་བའི་གཞུང་ཆོས་ཚན་གྲངས་ ༡༤༣ བཞུགས་སོ།།
དེ་ལྟར་ཇོ་བོ་རྗེའི་འགྱུར་གཞུང་ཤིན་ཏུ་མང་ཞིང་། འགྱུར་མང་དག་ཅིག་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། རྭ་རྡོ་རྗེ་གྲགས་དང་། ལོ་ཙཱབ་བྱའི་གདོང་ཅན། རྒྱ་བརྩོན་འགྲུས་སེངྒེ་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་དང་ལྷན་དུ་སྒྲ་སྒྱུར་མཛད་ཡོད། དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག་ལས[3]། བཀའ་འགྱུར་ལས། མདོ་སྡེ་རུ་ཆོས་ཚན་ ༡༠ ལྷག་བཞུགས་ཡོད། བསྟན་འགྱུར་ལས། དབུ་མའི་གཞུང་རྟོག་གེ་འབར་བ་སོགས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་གནང་མཛད་པ་མི་ཉུང་བ་ཞིག་ཡོད་ལ། གསུང་རྩོམ་ཁག་བརྒྱ་ལྷག་ཙམ་བསྟན་འགྱུར་མདོ་ཕྱོགས་ཀྱི་པོད་ ༼ཀི༽ ༼ཁི༽ ༼གི༽ གསུམ་དུ་བཞུགས་ཤིང་། ཞིབ་ཏུ་བརྗོད་ན་བསྟོད་ཚོགས་སུ་ཆོས་ཚན་ ༡ དང་། རང་ཉིད་གཅིག་པུས་བསྒྱུར་བའང་རྒྱུད་ཀྱི་སྐོར་ན་རྒྱུད་ ༼ཟ༽ པོད་དུ་རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་སློབ་དཔོན་ཨུ་རྒྱན་པ་གྲུབ་པས་མཛད་པ། (208-214) རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བསྒྱུར་བ། རྒྱུད་ ༼ཚུ༽ པོད་དུ་བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག་ཞེས་པ་སློབ་དཔོན་ཁོང་གིས་མཛད་ཅིང་ཁོང་གིས་བསྒྱུར་བ་ (212-220) བཅས་རྒྱུད་ཀྱི་སྐོར་ན་ཆོས་ཚན་ ༥༠ དང་། ཤེར་ཕྱིན་ཏུ་ཆོས་ཚན་ ༣ བཞུགས། དབུ་མ་རུ་ཆོས་ཚན་ ༢༧ དང༌། མདོ་འགྲེལ་དུ་ཆོས་ཚན་ ༢ དང༌། སེམས་ཙམ་པར་ཆོས་ཚན་ ༢ བཞུགས། འདུལ་བ་རུ་ཆོས་ཚན་ ༣ དང༌། སྤྲིང་ཡིག་ཏུ་ཆོས་ཚན་ ༣ དང་། ཇོ་བོའི་ཆོས་ཆུང་དུ་ཆོས་ཚན་ ༡༥ བཅས་བཞུགས་ཡོད། ཅེས་གསལ་བ་ལྟར་རོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥
[2] རང་འགྱུར་ནི། བསྟན་བཅོས་ཀྱི་རྩ་བ་རྩོམ་པ་པོ་རང་ཉིད་ཀྱིས་འགྲེལ་པ་བརྒྱབ་པ་ལ་རང་འགྲེལ་ཞེས་སུ་གྲགས་པ་ལྟར། རང་འགྱུར་ཞེས་པ་ནི། དང་པོ། རང་གིས་བརྩམས་པའི་བསྟན་བཅོས་རང་ཉིད་ཀྱིས་རང་སྐད་ནས་སྐད་རིགས་གཞན་དུ་བསྒྱུར་བ་ལ་རང་འགྱུར་དང་། གཉིས་པ། རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་། པཎྜི་ཏ་གཞན་ལ་བརྟེན་མི་དགོས་པར་བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བསྒྱུར་བ་ལ་རང་འགྱུར་ཞེས་ཀྱང་བྱའོ། །གསུམ་པ། ཇོ་བོས་མཛད་པའི་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་ཕལ་མོ་ཆེ་རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་བོད་སྐད་དུ་རང་འགྱུར་མཛད་པ་ནི། རང་གིས་བརྩམས་པའི་བསྟན་བཅོས་རང་ཉིད་ཀྱིས་སྐད་རིགས་གཞན་དུ་བསྒྱུར་བ་མིན་ལ། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བས་རྒྱ་གར་གྱི་མཁན་པོ་དང་པཎྜི་ཏ་དང་མཉམ་འབྲེལ་མིན་པར་རང་ཉིད་གཅིག་པུས་རང་དབང་དུ་བསྒྱུར་བའི་རང་འགྱུར་ཡང་མིན། འདི་ནི་རྒྱ་གར་གྱི་པཎ་གྲུབ་གཞན་གྱིས་བརྩམས་པའི་བསྟན་བཅོས་ཤིག་བོད་ཀྱི་སྐད་ཡིག་ལ་བྱང་ཆ་ལྡན་པའི་རྒྱ་གར་གྱི་པཎྜི་ཏ་གཞན་ཞིག་གིས་བོད་ཀྱི་ལོ་ཙཱ་བ་ལ་མ་བརྟེན་པར་རང་དབང་དུ་བསྒྱུར་བའི་རང་འགྱུར་མཛད་པ་བཅས་རང་འགྱུར་ལ་རིགས་གསུམ་སྣང་། མདོར་ན་པཎྜི་ཏའི་རང་འགྱུར་ལ་རིགས་གཉིས་དང་། ལོ་ཙཱ་བའི་རང་འགྱུར་ལ་གཅིག་སྟེ་གསུམ་ཡོད་པ་ལས། པཎྜི་ཏའི་རང་འགྱུར་ཡིན་ན། པཎྜི་ཏ་དེ་ཉིད་བོད་དུ་བྱོན་མྱོང་བ་དང་། ལྷག་པར་བོད་ཀྱི་སྐད་ཡིག་དང་བཅས་པར་བྱང་ཆུབ་པས་ཁྱབ་ཅེས་བརྗོད་ཀྱང་མི་འགྲིག་པ་ཨེ་ཡོད་སྙམ་མོ།།
[3] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༣༠༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༥ ནས་ ༤༠༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།