ས༽ མཁན་ཆེན་ཞི་འཚོའི་རྣམ་ཐར་སྙིང་བསྡུས།
བྷང་གལ་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས། །འཕགས་བོད་ཞིང་དུ་བསྟན་འགྲོའི་མཛད་པ་བསྐྱངས། །
མཁས་བཙུན་བཟང་གསུམ་གྲུབ་དང་བྱང་སེམས་ཅན། །མཁས་པའི་ཁྱུ་མཆོག་མཁན་ཆེན་ཞི་འཚོར་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཤནྟ་རཀྵི་ཏ་ (शान्ताराशिता,) (Shantarakshita) དང་། རྒྱའི་སྐད་དུ་ (靜命/寂護) ཞེས་ཞུ་ཞིང་། བོད་སྐད་དུ་ཞི་བ་འཚོ་དང་།
མཚན་གྱི་རྣམ་གྲངས་ལ་བྱང་ཆུབ་སེམས་དཔའ་དང་རྣམ་སྣང་མཛད་དུའང་གྲགས། དུས་རབས་བརྒྱད་པར་ཟ་ཧོར་དུ་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང་། སློབ་དཔོན་ཡེ་ཤེས་སྙིང་པོ་དང་། དུལ་བའི་སྡེ་སོགས་བསྟེན་ནས་ཐམས་ཅད་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་། རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ཚད་ཆེན་དང་དབུ་མ་རྒྱན་སོགས་ཆོས་ཚན་ ༡༨ བཞུགས། ཁྲི་སྲོང་གིས་གདན་དྲངས་ནས་བོད་དུ་ཕེབས་ཏེ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་སྟེ། སད་མི་བདུན་རབ་ཏུ་ཕྱུང་ནས་བོད་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས་ཤིང་། བཀའ་བསྟན་བོད་སྒྱུར་མཛད། གདན་ས་གཙོ་བོ་དཔལ་ནཱ་ལེནྡྲ་དང་། བསམ་ཡས་གཙོ་གྱུར་འཕགས་བོད་བལ་གསུམ་དུ་བསྟན་འགྲོའི་དོན་མཛད་རྒྱ་ཆེར་བསྐྱངས། སློབ་མ་སློབ་དཔོན་སེངྒེ་བཟང་པོ་དང་། ཀ་མ་ལ་ཤཱི་ལ། སད་མི་བདུན་སོགས་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་མང་དུ་བསྐྱངས། དབུ་ཚད་སེངྒེ་མཇིང་བསྣོལ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་སྲོལ་བཏོད། མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་དང་། པཎ་གྲུབ་བཅུ་བདུན་ལས་བདུན་པ་དང་བོད་དུ་ཕེབས་མཁན་ཐོག་མ་ཡིན་ཅིང་། དགུང་ལོ་ ༩༩༩ བཞུགས་ཏེ་བསམ་ཡས་སུ་མྱ་ངན་ལས་འདས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༣ ནས་ ༣༤༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།