༄༅། །དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ།

 

༄༅། །དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ།[1]

 ༼རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པ།༽

 

ཤིན་ཏུ་ཞི་བ་ཆོས་ཉིད་ཟབ་མོའི་དབྱིངས། །སྒྱུ་མའི་ཡེ་ཤེས་དག་པའི་རོལ་མོ་རུ། །སྣང་བའི་ཟློས་གར་ཞིང་ཁམས་མི་མཇེད་དུ། །སྒྱུར་མཛད་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །སློབ་པ་མིན་པའི་ཡེ་ཤེས་ཆེན་པོའི་གར། །ངུར་སྨྲིག་འཆང་བའི་གཟུགས་སུ་ལེགས་བསྒྱུར་ཏེ། །འཛམ་བུའི་གྲོང་ཁྱེར་ཀུན་ནས་དགེ་མཛད་པ། །འཕགས་ཡུལ་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །

ཐུབ་བསྟན་ཉིན་མོར་བྱེད་པའི་སྣང་བ་ཆེར། །ལོག་རྟོག་སྤྲིན་རུམ་འཐུག་པོས་གླགས་ལྟ་བའི། །རྒོལ་ངན་མིང་མཐར་འཐག་བྱེད་དངོས་སྟོབས་སུ། །ཉེར་ཞུགས་སྤོབས་པའི་རླུང་ལྷ་ཆོས་གྲགས་ཞབས། །བློ་མཆོག་མིག་སྟོང་རྒྱལ་པོས་ཉེར་བཟུང་བའི། །རིགས་པ་མཆོག་གི་རྡོ་རྗེ་གདེངས་སྟབས་ཀྱིས། །ཕས་རྒོལ་ལྟ་མིན་དམག་ཚོགས་འཇོམས་མཛད་པའི། །འཕྲིན་ལས་བསམ་གྱིས་མི་ཁྱབ་ཆོས་གྲགས་ཞབས། །དཔྱད་གསུམ་ཤིན་ཏུ་རྣམ་དག་བདེ་གཤེགས་གཞུང་། །དྲི་མེད་ཚད་མ་གཉིས་ཀྱིས་ལེགས་བསྒྲུབ་སྟེ། །ཟབ་དང་རྒྱ་ཆེ་ཐེག་པ་གསུམ་གྱི་ཚུལ། །སྲིད་ན་ཡུན་རིང་གནས་མཛད་ཆོས་གྲགས་ཞབས། །ལྷ་ཆེན་མཁས་པ་འབུམ་གྱིས་བྱིན་རླབས་ཤིང་། །འཕགས་ཡུལ་མཁས་པ་དུ་མས་བསྔགས་གྱུར་པའི། །མུ་སྟེགས་མཁས་པ་སྟོང་གི་དམ་བཅའི་ནགས། །ལུང་རིགས་ཞུགས་ཀྱིས་སྦྱངས་མཛད་ཆོས་གྲགས་ཞབས། །ཇི་སྙེད་ཆོས་ཀྱི་དེ་ཉིད་མངོན་གཟིགས་ཕྱིར། །སྒྲིབ་བྲལ་མཁྱེན་པའི་གཏིང་མཐའ་དཔག་པར་དཀའ། །ཕྱོགས་ལས་རྣམ་རྒྱལ་གྲགས་མཁས་མཁའ་མཐར་གདལ། །ཆེ་བའི་ཡོན་ཏན་དཔག་མེད་ཆོས་གྲགས་ཞབས། །སྐྱེ་བ་བརྒྱུད་མར་ལྟ་བ་ལོག་པའི་གནས། །སྙིང་ལ་རྡོ་ཡི་རིས་བཞིན་བརྟན་བྱས་པའང་། །རིགས་ལམ་མེ་དཔུང་ལན་ཅིག་འབར་བའི་གཟིས། །མིང་གི་ལྷག་མར་བགྱིད་ནུས་ཆོས་གྲགས་ཞབས། །ཆོས་ལ་ཆོས་མིག་རྡུལ་བྲལ་མངོན་དུ་བརྙེས། །སོ་སོ་ཡང་དག་རིག་བཞིའི་སྣང་བ་ཐོབ། །ལོག་པའི་གྲུབ་མཐའ་གཞིག་ལ་མི་བསྙེངས་པ། །མཁས་པའི་ནང་ན་རིགས་དབང་ཆོས་གྲགས་ཞབས། །དཔལ་ཆེན་ཁྲག་འཐུང་གཙོ་བོས་བྱིན་རླབས་ཤིང་། །རིག་པ་འཛིན་པའི་ས་རྣམས་ཡོངས་སུ་རྫོགས། །གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །གྲུབ་པའི་ནང་ན་དགྱེས་མཛད་ཆོས་གྲགས་ཞབས། །ཚུར་མཐོང་སྣང་ངོར་རྟོག་གེའི་དབང་ཕྱུག་ཆེ། །ཉེར་བཞིའི་གནས་ན་གྲུབ་པའི་དཔའ་བོ་ཆེ། །འོག་མིན་ཞིང་དུ་རིགས་བརྒྱའི་ཁྱབ་བདག་ཆེ། །དོན་ལ་དབྱེར་མེད་དཔལ་ལྡན་ཆོས་གྲགས་ཞབས། །བདེ་བའི་རང་བཞིན་བདེ་མཆོག་ཏེ་རུ་ཀ །རིག་པ་འཛིན་པའི་སློབ་དཔོན་ཆེན་པོ་རུ། །ཡོངས་བཞེངས་བདེ་སྟེར་མཁའ་འགྲོའི་ཚོགས་ཀྱི་རྗེ། །བརྟུལ་ཞུགས་སྤྱོད་པའི་དབང་ཕྱུག་ཆོས་གྲགས་ཞབས། །ཟབ་མོའི་ཆོས་ལ་གཟིགས་པ་ཕུན་སུམ་ཚོགས། །རྒྱ་ཆེའི་ཆོས་ལ་ཤེས་རབ་རྣམ་པར་དག །འཕགས་པའི་ཆོས་ལ་རང་དབང་ཤིན་ཏུ་འབྱོར། །ཆོས་ཀྱི་དབང་ཕྱུག་ཆོས་རྗེ་ཆོས་གྲགས་ཞབས། །མཐའ་ཡས་ཞིང་ན་བློ་མཆོག་མངའ་བར་གྲགས། །མཁས་པའི་འདུན་སར་རིགས་སྨྲའི་གཙོ་བོར་གྲགས། །འཇིག་རྟེན་གསུམ་ན་བདག་ཉིད་ཆེན་པོར་གྲགས། །གྲགས་ཆེན་ལྡན་པ་མཁས་མཆོག་ཆོས་གྲགས་ཞབས། །འཕགས་པའི་སར་ཞུགས་འཕགས་ཡུལ་ཤིང་རྟ་ཆེ། །ཆོས་ཀྱི་གྲགས་པ་བསྟོད་པའི་ལེགས་བྱས་འདིས། །ལྟ་ལོག་མུན་པའི་རི་བོ་ཕྱིར་བསྙིལ་ཏེ། །ཡང་དག་ལྟ་བའི་སྣང་བ་གསལ་བར་ཤོག །ཅེས་པའང་སྤྲང་སྨྱོན་འཇིགས་མེད་པས་སོ།། །།

 

[1] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། པོད། ༼ཀ༽ བསྟོད་ཚོགས། དཔེ་གཟུགས། ཤོག་གྲངས་ ༤༡ན༢

Leave a Reply

Your email address will not be published. Required fields are marked *